ཁུ་བྱུག་འཕུར་སོང་།

ཁ་གྱའི་སངས་བཀྲ (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ལོ་ཟླའི་འཁོར་སྐྱོད་ཀྱི་ལམ་ནས།

དུས་ཀྱི་ཡོལ་བ་ཁད་ཀྱིས་ཕྱེ་ཡོང་།

སྟོང་ལྷང་ལྷང་གི་དཔྱིད་ཀ་ཞིག་ཏུ།

སྐྱ་ཟད་སྔོ་རྡུགས་ཀྱི་ཡུལ་ལྗོངས་དང་།

སྟོང་འཇགས་ཀྱིས་བཀབ་པའི་རི་ལུང་ནི།

མི་སེམས་ཀྱི་སྨྲེང་བ་སློང་བྱེད་ཁོ་ན་སྟེ།

དུས་རབས་ཀྱི་ཁུགས་པ་རུ།

མི་རབས་ཀྱི་བརྗེད་བྱང་དུ།

དྲན་ཤེས་ཀྱི་ལྡེབས་ངོ་ནས།

ཁུ་བྱུག་སྔོན་མོ་དེ་འཕུར་སོང་།

ཁུ་བྱུག་འཕུར་སོང་བའི་ལྗོངས་ན།

རྫ་ལུང་གི་མེ་ཏོག་ལ་སེམས་གསོ་བྱེད་མཁན་མེད།

དུས་ཚིགས་ཀྱི་རྨི་ལམ་གླུ་རུ་གྱེར་མཁན་མེད།

ལོ་ཟླ་ཡི་རེ་སྨོན་རྒྱང་ལ་སྒྲོག་མཁན་མེད།

མདུན་སྐྱོད་ཀྱི་རྡོག་སྒྲར་གསོན་ཤུགས་སྩོལ་མཁན་མེད།

སྐྱོ་བ་བྲག་ཅར་འཁྱིལ་བའི་དབྱངས་རྟ་དེ་ཡང་།

འདས་དོན་དང་ལྷན་དུ།

རླུང་བུ་དང་འགྲོགས་ནས།

ཁ་སང་གི་ལོ་ཟླའི་གསེབ་ཏུ་ཐིམ་གྱུར་ན།

དྲན་ངེས་པ་ཁུ་བྱུག་སྔོན་མོ་ཁྱེད་དེ།

ཚེ་སྲོག་ལ་འབོད་བརྡ་བསྒྲོན་པའི་འགྱུར་ཁུགས་རེ་རེ།

མི་ཡུལ་ལ་བརྩེ་དགའ་སྦར་བའི་སྟངས་སྟབས་སོ་སོ།

ཁ་བའི་མེ་ཏོག་དང་ལྷན་དུ།

སྦྲ་ནག་གི་མཐོངས་སུ་འཕྱོ་མྱངས།

རྫ་ཆབ་བསིལ་མ་དང་མཉམ་དུ།

སྤང་ཐང་གི་ལྷིང་འཇགས་དཀྲོགས་མྱངས།

དྲི་བཞོན་བུ་མོ་དང་འགྲོགས་ནས།

ལོ་ལེགས་ཀྱི་སྙེ་མ་སྒུལ་མྱངས།

ཉིན་བྱེད་ཀྱི་འོད་རླབས་དང་བསྡོངས་ནས།

གྲོང་ཁྱེར་གྱི་ཁང་བརྩེགས་བརྒལ་མྱངས།

རྟེན་འབྲེལ་གྱི་ཁ་གཡང་ཁྲོད་ནས།

གཉུག་མའི་སེམས་ངོ་ཕྲེང་བར་བརྒྱུས་མྱངས།

དུས་དེ་ནས་བཟུང་།

ཧི་མ་ལ་ཡ་བརྒལ་ཏེ།

ཞི་བདེ་རྒྱ་མཚོ་བརྒལ་ཏེ།

ས་སྒང་རིལ་བོའི་གྲུ་ག་རེ་རེ་ལ།

གླིང་སྣེ་གསུམ་པའི་ཁ་བཏགས་ཤིག་གི་ཚུལ་དུ།

ཉི་ཟླ་ཁ་སྤྲོད་ཀྱི་སྐྱབས་ཞུ་བཅོལ་ཡོད།

གཞིས་བྱེས་ལྷན་འཛོམས་ཀྱི་སྨོན་འདུན་བསྐུར་ཡོད།

རྫོགས་ལྡན་སྐལ་བཟང་གི་སྐྱ་རེངས་བསུས་ཡོད།

དུས་དེ་ནས་བཟུང་།

རྒོངས་ཀའི་ལྷས་ར་ན་ཤག་ཤག་འཇོ་བའི་འོ་མ་དང་ལྷན་དུ།

ཞིང་ཚིགས་ཀྱི་རྣང་མ་བརྒལ་བའི་རླབས་རྒྱུན་དང་འགྲོགས་ནས།

རིག་པའི་མཁའ་དབྱིངས་འགྲིམ་པའི་གཤོག་ཟུང་དང་བསྡེབས་ནས།

རྒན་པོ་ཚོའི་འཛུམ་མདངས་སུ་མངོན་ཡོད།

སྨན་ཤར་ཚོའི་མིག་ཟུང་དུ་བསྐུངས་འདུག

གཉིད་ལ་ཡུར་བའི་བྱིས་པའི་འཛུམ་རྐོང་ན་ཡོད།

ཆང་གིས་མྱོས་པའི་ཨ་ཕོའི་ལབ་བརྡོལ་ན་ཡོད།

ཕ་ཡུལ་དྲན་པའི་མཆི་མའི་ཕྲེང་ཐག་ཏུ་འདྲེས་ཡོད།

བརྟུན་པ་སྐྱེད་པའི་སྙིང་གི་རུས་རྐང་དུ་ཟུག་ཡོད།

ད་དུང་།

ཨ་ཕས་འཁོར་བ་ཡི་ཁོག་རྩིས་འཐེན་དུས།

ཨ་མས་བྱམས་སེམས་ཀྱི་མར་ལོ་ལེན་དུས།

གནས་འགྲོ་མས་བྱེས་ཡུལ་ནས་མིག་ཆུ་འཕྱིད་དུས།

ཕོ་གསར་ཚོས་བརྩེ་དུང་གི་བདུད་རྩི་རོལ་དུས།

རིགས་ཀྱི་དབུ་འཕང་དགུང་དུ་བསྟོད་པའི་ཉིན།

ཆོས་སྲིད་དགའ་སྟོན་གྱི་ཡོ་ལང་གིས་གནམ་ས་གཡོ་བའི་ཉིན།

རུ་སྡེ་ཁྲོམ་ཚོགས་ཀྱི་གཞས་ར་འུར་ལ་བསྐུར་བའི་ཉིན།

ཞེ་ལ་ཐོགས་པ་དེ་ཁུ་བྱུག་གི་གླུ་ངག་ཡིན།

ལྕེ་ལ་འཁྱིལ་བ་དེ་ཅོ་ཀའི་དྲུག་འགྱུར་ཡིན།

མཛུབ་རྩེར་འཁྱུག་པ་དེ་རྒྱུད་མངས་ཀྱི་དབྱངས་རྟ་ཡིན།

ད་དུང་།

རླུང་རྟ་སྒང་ནས་སྤུར་བའི་བཀྭི་སྭོ་དང་འགྲོགས་ནས།

བསང་དུད་མཁའ་རུ་འཕྱུར་བའི་བསྔོ་སྨོན་དང་ལྷན་དུ།

མཁའ་མཐར་མིག་ཟུང་ཅེར་བའི་ཨ་མའི་རེ་སྒུག་ཁྲོད་ནས།

མདོ་དབུས་ཁམས་གསུམ་གྱི་སྙན་ལམ་དུ།

སྐྱ་སེར་ཕོ་མོ་ཡི་སེམས་ཁོང་དུ།

མ་ཁྱབ་པའི་གྲུ་དང་མ་མཆེད་པའི་ཟུར་ནི་གང་།

དུས་དེར་མགྲིན་གླུ་རེ་རེ་ནི།

སྐྱོ་གདུང་གི་སྨྲེང་བ་སེལ་བྱེད་ཀྱི་རྣ་བའི་བདུད་རྩི་ཡིན།

ལུས་སེམས་ཀྱི་ངལ་དུབ་སངས་བྱེད་ཀྱི་ཟས་ཀྱི་སྤོད་ཡ་ཡིན།

མུན་ནག་གི་སྙིང་ག་བཤགས་པའི་འོད་ཀྱི་འཁྱུག་འགྲོས་ཏེ།

རྨོངས་འཐོམ་གྱི་ཀླད་རྒྱ་བརྟོལ་བའི་རྣོ་དབལ་མདའ་མོ་ཡིན།

དུས་དེར་དབྱངས་རྟ་རེ་རེ་ན།

མདུན་སྐྱོད་ཀྱི་རྟ་ཕོ་རྗེས་ལུས་ཀྱི་སྒྲོག་ཏུ་མི་ཚུད་པའི་གསལ་འདེབས་ཡོད།

མཛའ་མཐུན་གྱི་དཔུང་རྡང་ཕྲག་དོག་གི་ཤེད་ཀྱིས་མི་བཤིག་པའི་རེ་སྐུལ་ཡོད།

བཙན་པོའི་རུ་དཔུང་མཐའ་རུ་བསྐྱེད་པའི་མི་འཇིགས་ང་རོ་ཡོད།

ལོ་པཎ་མཁས་གྲུབ་ཆོས་ལ་སྙེག་པའི་འོད་ཀྱི་ཞབས་རྗེས་ཡོད།

དུས་དེར་འབྲུ་ངག་རེ་རེ་ན།

གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་རྨད་བྱུང་ལོ་རྒྱུས་ཡོད།

དཔའ་རྟུལ་སུམ་ཅུ་གཡུལ་ལ་ཆས་ཁའི་ཞུམ་མེད་གཟི་ཉམས་ཡོད་།

གཡུ་འབྲུག་མཁའ་ནས་གླལ་བའི་སྒྲ་དབྱངས་ཡོད།

སེང་གེ་གངས་ནས་ངར་བའི་སྐད་རྒྱངས་ཡོད།

དུས་དེར་འགྱུར་ཁུགས་སོ་སོ་ནི།

རིས་མེད་འགྲོ་བའི་བདེ་སྡུག་གླེང་བ་སྤྲུལ་བའི་སྐུ་ལྟ་བུ།

སྐྱེ་ཁམས་འཆམ་མཐུན་ངག་ལ་བཀུག་པ་མི་ལའི་མགུར་ལྟ་བུ།

ཞི་མཐུན་ལམ་དུ་ཆས་པར་སྐུལ་བའི་དུས་ཀྱི་ཅོང་སྒྲ་ཡིན།

བདེ་སྐྱིད་དཔལ་ལ་འགོད་པར་བརྩོན་པའི་འབོད་པའི་གཡབ་མོ་ཡིན།

ཡོད་ཚད་མི་རྟག་པའི་ཆོས་ཉིད་དུ་རྟོགས་ཏེ།

ཐམས་ཅད་འདུས་བྱས་ཀྱིས་གྲུབ་པ་རུ་མཐོང་ཡང་།

སྐྱོ་ངེས་པ་མི་ཚེ་ལ་བཞི་ཤད་བྲིས་པ་སྔ་དྲགས་སོང་།

ཕངས་ཆེ་བ་སྒྱུ་རྩལ་ལ་སྡོམ་ཚིག་བཀོད་པ་སྔ་དྲགས་སོང་།

ཡིན་པ་ནི།

ལོ་ཟླའི་ཁོར་མོ་རུ།

ཉིན་མཚན་དུས་དྲུག་ཏུ།

རྨ་ཆུའི་རླབས་སྒྲ་མ་འཇགས་ན་གླུ་ངག་མི་ཆད་པའི་གཡར་དམ་མ་ཕུལ་ཡང་།

དགུན་གྱི་བཀག་རྒྱ་མ་ཐེབས་ན་འགྱུར་ཁུགས་མི་འཆོལ་བའི་ཁས་འཆེ་མ་བྱེད་ཀྱང་།

སྲོག་གི་རྒྱུན་ཐག་མ་ཆད་ན་ངག་སྒོ་བསྡམས་མི་སྲིད།

ཚེ་ཡི་འཕེན་པ་མ་རྫོགས་ན་གྲེ་བ་འགག་མི་སྲིད།

དེ་ནི་སྐྱེ་སའི་ཕ་ས་གོར་མོ་དང་རྩེད་སའི་སྤང་ཤ་ནེམ་མོ་ལ་དུངས་དྲག་པས་ཡིན།

དེ་ནི་འཚོ་ཚིས་ཀྱི་དགའ་སྐྱོ་དང་རེ་སྙེག་གི་ཐོབ་ཤོར་ལ་བདེན་པ་བདར་འདོད་པས་ཡིན།

དེ་ནི་སྐྱེ་བའི་རིན་ཐང་དང་གསོན་པའི་སྙིང་བོ་གཞལ་འདོད་པས་ཡིན།

དེ་ནི་མི་ཡུལ་གྱི་དགོད་སྒྲ་ལ་དྲི་ཟའི་དབྱངས་ཀྱི་རམ་འདེགས་དང་།

མི་སེམས་ཀྱི་སྐྱོ་བ་དེ་ཚངས་སྲས་ངག་གིས་སངས་འདོད་པས་སོ།།

ད་ལྟ།

རི་ཆུ་ནགས་གསུམ་དཔང་དུ་བཞག་སྟེ།

གངས་རི་དཀར་པོ་རྟེན་དུ་བཞེངས་ཏེ།

འཛམ་གླིང་སྤྱི་གཙུག་གི་མུ་ཁྱུད་ར་བ་ནས།

སླར་ཡང་རི་ཆུའི་དྲན་པ་བསླང་སྟེ།

ལྗང་མདོག་གི་རང་མདངས་ངོམ་པར།

བསྐྱར་དུ་མི་རབས་ཀྱི་རྟོགས་པ་སད་དེ།

ལས་སྐལ་གྱི་གོམ་སྒྲ་སྒྲུག་པར།

གཞར་ཡང་སེམས་པའི་ཟབ་ས་ཞིག་ནས།

སྙན་འགྱུར་གྱི་གླུ་ངག་མཆེད་པར།

བླ་དང་སྲོག་ལ་འཁྲིལ་བའི།

སེམས་དང་བརྩེ་བར་བརྒྱུས་པའི།

ཁུ་བྱུག་སྔོན་མོ་བསུ་ངེས། བསུ་ངེས། བསུ་ངེས།


རྩོམ་ཡིག་སྔོན་མ།
ཅོ་ནེའི་ལེའུ ། ( གཞན་གཅིག )
རྩོམ་ཡིག་རྗེས་མ།
ཕ་ཡུལ། ( ཞར་བཀོད་གཉིས )

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1