ཕ་ཡུལ། ( ཞར་བཀོད་གཉིས )

ཐང་གཞུང་རྟ་མགྲིན་རྡོ་རྗེ། ( བསང་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ཕ་ཡུལ་ཞེ་ན། བལྟ་རྒྱུ་དང་མཐོང་རྒྱུ་ཞིག

ཡང་ན་ཉན་རྒྱུ་ཞིག་ཡིན་ཚེ།

ཉན་ཐོས་ཀྱི་རྒྱུ་བ་འགག་པ་ནི་ལས་ངན་རེད་བསམ།

ཅི་ཡང་མི་མཐོང་བ་དག་ནི་དྲན་ཤིང་གི་རི་རབ་

དང་གཙང་བོ་རེད།

ཕ་ཡུལ་ནི་ཞེ་ལ་ཐོགས་པའི་དུས་ཚིགས་ཀྱི་རྨ་ཁ་

ཞིག་སྟེ།

ལོ་ཟླས་འཚོས་པའི་ངག་ལྐུགས་ཀྱི་བུ་ཆུང་བཞིན་རྩེན།

སྟོན་ཀ་མ་ཚེས་པའི་སྔ་རོལ་ལ།

ཕ་ཡུལ་ནི་ཁུ་སིམ་མེར་ལོག་པའི་མགྲོན་པོ་ཞིག་གི་

རྒྱབ་གཟུགས་སུ་མཐོང་ཞིང་།

རྒས་འཁོགས་ཀྱིས་འཁྱར་བའི་ལོ་ལོན་ཚོའི་བསྐྱར་

ཟློས་ཀྱི་ངག་ཚིག་ཅིག

སྙིང་གཏམ་རླུང་ལ་འདྲེས་པའི་སྐྱོ་དབྱངས་ཤིག

ང་ཡི་ཕ་ཡུལ་ནི་འདི་ལྟ་སྟེ།

གཅིག་ཏུ་མ་ངེས་པའི་འདུན་པའི་ཡོ་ལང་འཁྲུག་ས་ཞིག་རེད།

སྣང་བ་རབ་རིབ་ཀྱིས་ཕྱིན་པའི་འཆར་ཡན་ཞིག་གི་ཆག་གྲུམ་དེ་རེད།

ཡོད་པ་ནས་མེད་པར་འགྲིབ་པའི་ལོ་རྒྱུས་ཀྱི་གདན་རབས་ཤིག་རེད།

ཕ་ཡུལ་ནི་སྐྱ་ཟད་སྔོ་རྡུགས་ཀྱི་སྣུམ་ཚོན་རི་མོ་ཞིག་སྟེ།

གནས་དེ་ན་བདག་གི་ནམ་མཁའ་དང་ས་གཞི་ལུས་ཡོད།

ཡུལ་ལ་བཞུར་བའི་ཆུ་བོ།

གནའ་བོའི་གླུ་སྐད་ཀྱིས་བཞུར་བའི་ཆུ་བོ་འདི།

ཁུ་སིམ་ཁད་ཀྱིས་འབབ་པར།

གྱ་གྱུའི་འགྲོས་སུ་གཏམ་རྒྱུད་ཀྱི་རླབས་རིས་མངོན།

རྒས་མ་འཁོགས་ཀྱི་བྲང་གཞུང་ཁེར་ཧྲེང་།

དབུགས་རྒྱུ་མ་འགག་ཙམ་དུ་ཟད།

དོང་ལ་ལྷུང་འདྲའི་བསང་ཆབ་སྔོན་མོ།

འདབ་ཆགས་ཁྭ་ཏ་འགས་འཚོས་ཤིང་།

ཕ་བོང་ཆེན་པོ་དེའི་ཁོག་སྡུག

ས་གཞི་དང་ནམ་མཁས་ད་གཟོད་རྟོགས།

ཁྱེད་ཀྱི་དྲི་བ་དེའི་ལན་དུ།

ང་ནི་ངག་ལྐུགས་དང་ནད་ཅན་གྱི་ཚུལ་དུ།

འཕར་སྡུག་ཆེ་ཡང་སྡོད་མི་ཚུགས་པར་གྱུར།

ཕ་གིའི་རི་ངོས་ཀྱི་གངས་ལྗོངས།

མིག་ལ་སིམ་ནས་འགུལ་ཙམ་སྣང་ཡང་།

གཤོག་ཐོགས་བཞིན་གྱི་ཉིན་བྱེད།

མཁའ་མཐའ་ནས་ཕ་མཐར་ཡིབ་ལེར།

ས་འཛིན་གྱི་སྙིང་ཁར་མིག་ཆུ་དཀུ།

མིག་ཆུའི་ནང་གི་ཆུ་བོ།

རྟབ་རྟབ་པོའི་ཆུ་བོ།

ཕྱིར་མི་ལྡོག་པའི་ཆུ་བོས།

ཆུ་བོའི་རིགས་ཀྱི་མྱ་ངན་རྒྱང་དུ་སྤྱུགས།

“བསང་ཆབ་སྔོན་མོ་གཡུ་འབྲུག་རྨས་མ་འདྲ”ཡང་།

སྲིད་པ་ཆགས་གླུ་འདྲ་བའི།

གཅེས་པར་འོས་པའི་ངལ་དུབ་ཀྱི་ཆུ་འདི།

ཡུན་ཙམ་བཞུར་ཞིང་ཡུད་ཙམ་ཤུམ།

ཆུ་བོ་ཨ། ཆུ་བོ།

ཡུན་རིང་མ་མཇལ་སྐྱོ་བ་ལ་ཨང་།

མགོ་ཐོག་ནས་གཤོག་འགྱུར་གྱི་འདབ་ཆགས་འགའ་མཐོང་འོང་།

གཤོག་རྡེབ་ཀྱིས་བྲད་པའི་དྭངས་མོ་ཆུ་འདི།

ཡུལ་ལ་ལོག་བཞིན་རྨི་ལམ་འཁུར་ཡོད།

དགུན་ཉལ་གྱི་ཆུ་བོ་ཆེན་པོ།

རླུང་ཁྲོད་ཀྱི་མར་མེའི་ཆུ་བོ།

མི་སྨྲ་བའི་མནར་བའི་ཆུ་བོར།

སྐལ་བའི་རླབས་སྒྲ་འཇགས་ཤིང་།

ཁེར་སྡུག་གི་མགོ་བོ་དུད་ནས་འབྲོ།

ཡུལ་ལ་བཞུར་བའི་ཆུ་བོ།

གཞུང་ཁོག་འདི་ནས་འབབ་དུས།

དྲན་པའི་ཁ་ཡ་ན་ཟླ་གང་ན་བཞུགས།

བསྐལ་བའི་གནས་ཚང་གང་དུ་ཡོད།

སློབ་གཙོ་ཨ་ཕ། 

 རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ཐུབ་བསྟན་ཉི་མར་ཕུལ།

བྱིས་པ་ཞིག་གིས།

ཁྱེད་ལ་སློབ་གཙོ་ཨ་ཕ་ཞེས་བོས་པ་དེ།

ནམ་མཁའ་དང་ས་གཞི་ལྟར་རྒྱ་ཆེ་ཨང་།

ཨ་ཕའི་བྱམས་དང་སྙིང་རྗེ།

དྲོད་དང་འོད་ཀྱི་ཚེ་སྲོག་བཞིན་རྒྱས།

རྟའུ་ནི་སེམས་ཅན་གྱིས་བདེ་སྡུག་མྱོང་ཡུལ་ཞིག་སྟེ།

བདེ་ན་སློབ་གཙོ་ཨ་ཕ་ཡི་གཞིས་ཁྱིམ་དེ་ཡོད་ལ།

སྡུག་ན་སྡུག་གི་མགོ་འཕང་མཐོ་ནས་ཡོད།

བདག་གིར་བཞེས་པའི་འཇིག་རྟེན་མི་ཡུལ་ན།

སེམས་ཀྱི་སྟ་གོན་སྔ་ནས་ཡོད་པ་དེ་འགྲིག་ཡོད་ཨང་།

བུ་རབས་ཚ་རྒྱུད་ཀྱི་དྲན་ངོགས་ན།

ལས་དང་བསོད་ནམས་ཀྱི་མཛད་པ་དེ་ཡི་དྲིན།

ཁྱེད་ནི་དུས་ཀྱིས་བཏོན་པའི་དྲི་བ་ཇི་བཞིན།

ཡངས་ཤིང་རྒྱ་ཆེ་བ་དེ་མཚོན་ཞིང་།

ཕ་ཡུལ་གྱི་རི་བོར་འོ་ཡིས་དྲན་གདུང་སེལ།

ཁྱེད་ནི་ངེས་ཤེས་ཀྱི་ཡང་སྙིང་དེ།

སློབ་གྲྭ་ཞིག་ན་བདེན་པའི་སྒྲོན་མེ་སྦར།

སྙིང་ཉེ་བའི་མགོ་ལོག་གི་བྱིས་པ་ཚོ།

ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས།

ཉི་ཤར་གྱི་དུས་ན་ཕུགས་བསམ་དབྱངས་ལ་འགུག

ལམ་གྱི་རིང་ཐུང་ཆུ་སྣ་བཞིན་རྒྱས་ནས།

ཕ་ཡུལ་གྱི་ཕྱོགས་སུ་བཞུར།

ཨ་ཕ་ལགས།

ང་ཡི་ལག་པ་འཁྱག་ན་དྲོད་ཀྱིས་བསྲོ།

ང་ཡི་སེམས་པ་གྲང་ན་བརྩེ་བས་བསྲོ།

མི་ཡུལ་ནི་སྙིང་དུ་སྡུག་པའི་ཁྱེའུ་བཞིན།

སྙིང་རྗེ་ཡི་མལ་དུ་གཟིམ་ནས་རྨི་ལམ་རྨི།

དགུན་གཞུང་འདི་ལ།

ཁྱེད་ནི་ང་ཡི་རྟག་བརྟན་གྱི་ལོག་མལ་ཁོ་ན་ཡིན།


རྩོམ་ཡིག་སྔོན་མ།
ཁུ་བྱུག་འཕུར་སོང་།
རྩོམ་ཡིག་རྗེས་མ།
ཉིན་གཅིག་གི་སྙན་ངག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1