གཅིག
ལོ་རྒྱུས་ཀྱི་དྲན་པ་ཁུར་བའི་དཔའ་བོ་ཁྱུ་གཅིག
གདུང་སེམས་ཀྱི་རྨ་ཁ་གསོ་བའི་དམག་རྟ་ཁྱུ་གཅིག
གཙང་བོ་ནས་གཙང་བོ་བརྒལ། སྤང་ཐང་ནས་
སྤང་ཐང་འགྲིམས།
གཡའ་དག་ཅིང་ཁོད་ཡངས་པའི་ནམ་མཁའ་
དཔང་ལ་བཙུགས།
གཞིས་ཁྱིམ་གསར་བའི་ཐབ་ཀ་དང་ཉི་འོད།
བག་མ་གསར་བའི་བཅོས་འཛུམ་དང་ཤོམ་ལྭ།
རྟ་མཆོག་གི་རྔོག་མ་དང་ཆོད་སེམས་ཀྱི་དད་སྟོབས།
སུ་ཞིག་གི་ཕྱག་ཟུང་གི་འདབ་མ་མེ་ཏོག་བཞིན་བཞད།
སུ་ཞིག་གི་འདུན་པའི་མིག་ཟུང་ཉི་འོད་ལ་སྦྲེལ།
གཉིས།
ཁ་སང་གི་ཉི་འོད། ཁ་སང་གི་འཛུམ་མདངས།
གངས་དཀར་གྱི་དབུ་ཞྭ་ས་ཆེན་གྱི་གདུགས།
འདབ་དྲུག་གི་མེ་ཏོག་དགོན་ཆེན་གྱི་མཆོད་པ།
འབྲོང་གཡག་གི་རྭ་རྩེ། དམག་རྟ་ཡི་རྨིག་སྒྲ།
ཁ་སང་གི་གཏམ་རྒྱུད་རྒྱལ་མོ་རྔུལ་ཆུ་བཞིན་བཞུར།
ཡ་ཁོག་ན་ལྡང་བའི་རླུང་ཆེན་གྱི་སྤོབས་པ།
ཉི་འོད་དང་ཟླ་འོད་ཀྱིས་ཀྱང་འཇགས་ཐབས་བྲལ།
ཁ་སང་གི་མཚར་སྡུག ཁ་སང་གི་ལས་འཕྲོ།
མི་ཕོ་སུ་ཞིག་གི་མགྲིན་པ་ན་འཁྱིལ་བའི་ང་རོ།
དུངས་སེམས་ཀྱི་དབུ་རྩེ་ན་འཆར་བའི་ཉི་འོད།
མུན་ནག་གི་གདུང་འབོད་ན་རྩེན་པའི་ཟླ་འོད།
གསུམ།
རྟ་མཆོག་གི་རྨིག་པས་བརྫིས་པའི་ཡུལ་ལྗོངས་ཆེན་པོ།
ཁྲབ་རྨོག་གི་དབུ་འཕང་མཐོ་བའི་སྒང་བ་བོད་པ།
ས་ཆེན་གྱི་རྨི་ལམ་འཕྲོག་པའི་ལོ་ཟླ་དེ་དག
བང་རྩལ་གྱི་དཀྱིལ་འཁོར་རྫོགས་པའི་ལོ་ཟླ་དེ་དག
ཁྱེད་ཀྱི་བྱང་ཁོག་ན་འཕྱུར་བའི་ཕོ་བྲང་དཀར་དམར།
ཁྱེད་ཀྱི་སྤྱན་ཟུང་ན་འཁྱིལ་བའི་ས་སྒང་ཟླུམ་པོ།
རྨི་ལམ་གྱི་ལས་འཕྲོ་མ་ཟད་པའི་བར་དུ།
འདུན་པ་དང་གོམ་ཆེན་གྱི་དཔའ་སྤོབས་དག་
གཞོམ་གཞིག་བྲལ།
རྡོ་རིང་ས་ཆེན་གྱི་སྒལ་གཞུང་ལ་བཙུགས།
ངག་འཇམ་གཤིས་བཟང་གི་ཡིག་འབྲུ་མང་པོ་ཕྲེང་
ཐག་ལ་བརྒྱུས།
ང་ཡི་རྡོ་རིང་། ང་ཡི་ཡིག་འབྲུ།
ཁྱེད་ནི་བདག་གི་དྲོད་ཁོལ་དང་ཞི་བདེ།
ཁྱེད་ནི་བདག་གི་རྟ་ཕོ་དང་གླིང་ཕྲན།
བཞི།
གོག་བགྲོད་ཀྱི་བྱིས་པ་གཅིག་གིས་མགོ་བོ་བཏེགས་ནས་ནམ་མཁའ་ལ་གཟིགས།
ཁྱོན་ཡངས་པའི་ནམ་མཁའ་ཆེན་སྐར་ཆུང་གི་འཛུམ་མདངས་དགོད།
ཟླ་འོད་ཀྱི་ཟེགས་མ་འཐུ་བའི་རྒྱུ་སྐར་གྱི་མེ་ལོང་།
ས་ཆེན་གྱི་ཕང་བ་ན་བཞད་པའི་འདབ་དྲུག་གི་མེ་ཏོག
སྐར་ཆུང་གི་ཞལ་ཁེབས་དལ་གྱིས་ཕྱེ་དུས།
དྲན་གདུང་གི་རྦ་རླབས་གྱེན་ལ་རྩེན།
གནམ་གྱི་སྐར་ཆུང་། ས་ཡི་སྐར་ཆུང་།
དུས་གསུམ་གྱི་གདམས་པ་དང་ཡིད་ཆེས་ཁུར་བའི་སྐར་ཆུང་།
ཟླ་འོད་ཀྱི་མཛེས་སྡུག་ཁུར་བའི་ས་ཡི་སྐར་ཆུང་།
རྣམ་དཔྱོད་ཀྱི་དྲན་པ་ཉར་བའི་གནམ་གྱི་སྐར་ཆུང་།
བཙན་པོ་རིམ་བྱོན་གྱི་བསྟི་གནས་དང་མཆོད་ཁང་།
དགེ་ཆོས་ཀྱི་མིག་ཟུང་ནས་ཡལ་ཐབས་མ་བྱུང་བའི་སྐར་ཆུང་།
བགྲེས་པོ་གཅིག བྱིས་པ་གཅིག
དུངས་སེམས་ཀྱི་གསེར་སྐུད་ལ་བརྒྱུས་པའི་སྐར་མ་
འོད་ཆེན།
ལྔ།
གོམས་འདྲིས་སུ་གྱུར་པའི་ཞིང་ཁམས་དེ་ན།
མེ་ཏོག་དཀར་དམར་གཉིས་ཀྱི་ཀླན་ཀ་བོར།
ཡིད་ཆེས་དང་བདེན་པ་ཁུར་བའི་མེ་ཆུ།
གཡོ་ཁྲམ་དང་དོང་ཆེན་མོད་པའི་མེ་ཆུ།
གྱེན་ཐུར་གྱི་མཛེས་སྡུག ཉི་ཟླ་ཡི་འཆར་ནུབ།
མེ་ལོང་གཉིས་ཁ་སྤྲོད་དུ་བཞག་ནས།
ཉི་ནུབ་ཀྱི་ཕངས་སེམས་དང་ཟླ་འོད་ཀྱི་འཁུན་སྒྲ།
དུང་མདོག་གི་རི་མོ་ཟླ་འོད་ཀྱི་རི་བོང་ལ་བཅོལ་
ཉིན་ནས།
བྱེ་ཟེགས་ཀྱི་རྡུལ་རླུང་ཁྲོད་ན་ཉིན་མཚན་གྱི་
རི་མོ་འཁོར།
བདག་ལ་བརྩེ་སེམས་ཀྱི་མྱུ་གུ་བར་མེད་དུ་སྦྱིན།
བདག་ལ་ཡིད་ཆེས་ཀྱི་སྣང་བ་བར་མེད་དུ་སྦྱིན།
དྲུག
ཚེ་སྲོག་གི་དབུགས་རྒྱུན་སྲུང་བའི་བྱམས་སེམས་ཀྱི་བདག་པོ།
རིགས་དྲུག་སེམས་ཅན་མ་རུ་སྒོམ་པའི་བརྩེ་ཆེན་གྱི་བདག་པོ།
ཆགས་ཞེན་གྱི་གདུང་བ་གཅོད་པའི་ཆོག་ཤེས་ཀྱི་བདག་པོ།
ཁྱེད་ཀྱི་གཞིས་ཁྱིམ་ན་འཚོ་བའི་འཇིག་རྟེན་ཁྲི་འབུམ།
ཁྱེད་ཀྱི་བྲང་གཞུང་ན་འཚོ་བའི་ཆོས་ཉིད་ཁྲི་འབུམ།
རླབས་ཆེ་བའི་མ་ལོ། བརྩེ་ཆེན་གྱི་ཉི་མ།
བསིལ་གྲིབ། ཉི་འོད། ཆར་ཆུ། གླིང་ཕྲན།
ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་ལ་རྒས་གཉེར་བྲལ།
རླུང་བུ། མེ་ཏོག གྲུ་གཟིངས། སིལ་ཏོག
ཁྱེད་ཀྱི་ཕྱག་ཟུང་གི་སྦྱིན་པ་ལ་བཀྲེས་ལྟོགས་དབུལ།
ཁྱེད་ཀྱི་ཕང་བར་རྐང་རྗེན་དུ་ཞུགས་པ་ན།
བདེ་འཇམ་གྱི་ཨ་མའི་རུམ་གཞུང་ལྟར།
ཡིད་འོང་གི་རང་ཁྱིམ་ན་འཚོ་ཞིང་གཞེས་པའི་སྣང་བ་འགོག་མེད་དུ་འཆར།
བདུན།
ཁྱེད་ཀྱིས་བདག་གི་རྐང་ཆུང་ལ་དྲོད་ཁོལ་གནང་།
ཁྱེད་ཀྱིས་བདག་གི་ལག་ཟུང་དང་རྒྱབ་ལྗོངས་ལ་ཉི་འོད་དྲངས།
མཐོ་བའི་སྐས་གདེང་ལས་བབས་པའི་དགུ་ཚིགས་རིང་མོ།
དམའ་བའི་རི་ཞོལ་ན་འཁྱིལ་བའི་རིགས་དྲུག་གི་ཕ་མ།
ཁྱེད་ཀྱིས་གནང་བའི་དམ་ཚིག་དང་ཡི་གེ་མཐའ་དག
དུས་རབས་ཀྱི་མགྲིན་པའི་ཁུགས་ན་ཡིད་དུ་འོང་།
བརྟན་པའི་རི་རབ་དང་བཞུར་བའི་ཆུ་མོ།
སྲིད་པའི་གངས་རྒན་གྱི་བུ་རྒྱུད། རྣམ་ཐོས་སྲས་
ཀྱི་ཟླ་བོ།
ཚེ་སྲོག་རི་དང་འཚོ་བའི་ཆུ་གཏེར་བཞིན།
སྲིད་པའི་མེ་ལོང་གི་དྭངས་གཙང་སེམས་སུ་འཕེལ་
བར་རེ།
བརྒྱད།
ཁྲོམ་ཆེན་ན་འཚང་བའི་མིང་བྱང་དུ་མ།
འདུ་འཛི་དང་སྐད་འཛེར་ཁྲོད་ན་རླུང་གིས་བསྐྱོད།
དམ་ལྷོད་མ་མཉམ་པའི་ལག་ཟུང་ཡ་བྲལ་དུ་གྱུར་དུས།
ཆར་ཆུ་ཉུང་བའི་ཞིང་གྲོང་གི་ལོ་ཏོག་ཅིག་དང་
འདྲ་བར།
ཐན་པས་ཟིན་པའི་བར་སྣང་ལ་དམོད་པ་བཏངས།
ཡབ་མེས་ཀྱི་ལང་ཚོས་བྲིས་པའི་ལོ་རྒྱུས་ཀྱི་དེབ་ཐེར།
ས་སྒང་གི་སྤྱི་གཙུག་ལ་བབས་པའི་དུང་མདོག་གི་རི་མོ།
ཀྭ་ཡེ། བདག་གི་ཤ་རུས་ལ་འབྱར་བའི་ཡུལ་མི་
སྤུན་མཆེད།
དགུ།
དམ་ཚིག་གི་མདུད་པ་ཡུན་དུ་བསྲིངས་ན།
ཉི་ཟླའི་འཆར་ནུབ་ཀྱི་སྒེག་ཆོས་མཁའ་ལ་འཕྱོ།
ཉི་ཟླའི་རྣ་ལུང་གི་གཡུ་ཆུང་དྲུག་དཀར།
མཛེས་མ་ཁྲི་སྟོང་གི་དྲན་པ་རུ་འབྱར་བའི་མེ་ཏོག
སྟག་ཤར་ཁྲི་འབུམ་གྱི་ཡིད་ཆེས་སུ་སྒོམ་པའི་བླ་སྲོག
གྲང་རེག་གི་ནམ་ཟླ་ལ་ཁ་ཆར་གྱི་འདབ་མ་རྒོད།
ཟླ་འོད་ཀྱི་སྣེ་མོ་རུ་འབྱར་བའི་ཉི་འོད་ཀྱི་ཟེགས་མ།
སེམས་ཀྱི་མེ་ལོང་ངོས་ན་འཆར་ནུབ་ཀྱི་ཆོས་ཉིད་འཁོར།
བདག་གི་རྨི་ལམ་གྱི་རྟ་ཕོ་འདོགས་སའི་མཐོ་སྒང་།
བདག་གི་རེ་འདུན་གྱི་མཚེར་ས་སྲུང་བའི་དབྱར་གཞུང་།
༢༠༢༡.༧.༧ ཉིན་ཅོ་ནེ་མདོ་ནས་ཐོལ་གྱིས་བྲིས།