དབྱངས་ཀྱི་ཟེ་བ་གཟེངས་པའི་རུ་དཔུང་།

ཀྱེ་ཕུར་མཆོག་གསུམ། ( རྨ་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ཁྱོད་ཚོ་ས་ནས་བཙགས་པའི་གསེར་ཞུན་མིན་ཡང་ངག་གི་ཚིག་ལ་འོད་ཟེར་ཆེམ་ཆེམ་འཕྲོ།།

ཁྱོད་ཚོ་དབྱངས་ཅན་ཕྱག་གི་རྒྱུད་མངས་མིན་ཡང་སྙན་པའི་གདངས་ལ་ང་རོ་སྣ་ཚོགས་མཆེད།།

ཁྱོད་ཚོ་འཇམ་པའི་དབྱངས་ཀྱི་རལ་གྲི་མིན་ཡང་འཛུམ་གྱི་རྣོ་དབལ་ཁོ་བོའི་སྙིང་ལ་ཟུག།

དབྱངས་ཀྱི་སྲས་པོས་མགྲིན་པ་གཡས་སུ་འཁྱོག་ནས་ཁྱོད་ཚོའི་ཚིག་གི་རོ་མངར་སྒོག་སྒོག་མིད།།



ཡི་གེའི་སོག་ལེ་ངག་གི་ཕྲེང་བར་བརྡར་ནས་མཉེན་ལྕུག་ཐ་སྙད་དག་ཀྱང་འབོལ་ནེམ་ནེམ།།

ཚོར་བའི་ཆུ་མོ་ཡིད་ཀྱི་སྣོད་དུ་སྐོལ་ནས་སེམས་ཀྱི་སྐྱུར་ཤ་རུས་པར་མངར་ལམ་ལམ།།

དབྱངས་ཀྱི་འདེགས་འཇོག་སྨྲ་བའི་འབབ་སྟེགས་བརྒྱུད་དེ་སྐྱེ་འགྲོའི་སྙན་དབང་ཚལ་ལ་དུང་ལྷང་ལྷང་།།

འཚོ་བའི་མྱི་ཁ་ཚེམས་ཀྱི་འཕྲུལ་གྱིས་འཐག་སྟེ་གོ་ཁའི་ཐལ་སྐྱ་བཞིན་དུ་སྐྱ་འཚུབ་འཚུབ།།



གནའ་བོའི་རི་གྲོང་གཡང་དཀར་ལུག་ཁྱུ་བཞིན་དུ་དུས་ཀྱི་གར་སྟེགས་སྟེང་དུ་དཀར་ཆིལ་ཆིལ།།

ཡབ་ཀྱི་ཇག་ལམ་སྲིད་པའི་དར་དཀར་ཇི་བཞིན་ཁྲ་ཆུང་མིག་གི་མཐའ་ལ་དཀར་ལམ་ལམ།།

ཨ་མའི་འཇོ་དབྱངས་དབྱངས་ཅན་པི་ཝང་ལྟར་དུ་རྣ་བ་དཔྱིད་ཀྱི་རྒྱལ་མོར་སྙན་ལྷང་ལྷང་།།

གདོད་མའི་ནགས་ཚལ་ཡིད་ཀྱི་སུལ་དུ་འཚང་སྟེ་འདབ་ཆགས་བྱ་ཡི་སྒྲོ་གཤོག་བདེ་འབོལ་འབོལ།།



གནའ་བོའི་ཇག་པས་དེད་པའི་འདོ་བའི་རྟ་ཁྱུ་བདག་གི་དྲན་པའི་སྤང་དུ་དབུགས་ཧལ་ཧལ།།

དུས་ཀྱི་སྐྱི་བསེར་རླུང་གིས་རྨང་ནས་སྒྱེལ་བའི་རུ་དམར་འབྲོང་གི་རྭ་ཁ་སྒོར་ལམ་ལམ།།

དེ་སྔ་དགོ་ཁྱུར་འདྲེས་པའི་གཡང་དཀར་ལུག་ཁྱུ་དེ་རིང་ཁྱོད་ཚོའི་ངག་ན་འབའ་དིར་དིར།།

མེ་ཏོག་སྣོལ་མར་སྡེབ་པའི་དྲི་བསུང་སྣུམ་པོ་ཁྱོད་ཚོའི་རུས་པའི་རྐང་ན་ཁྲ་ལམ་ལམ།།



དོན་དང་བཅུད་ཀྱིས་བརླན་པའི་ཐ་སྙད་དེ་དག་ཁྱོད་ཚོའི་ངག་གི་སྤང་དུ་ལྗང་སྣེམ་སྣེམ།།

ཚིག་དང་དོན་གྱི་ལྷུ་རྐང་འགྲིག་པ་དེ་ཚོ་ང་ཚོའི་རྣ་བའི་དཔྱིད་དུ་སྙན་ལྷང་ལྷང་།།

གནས་ལུགས་ཆུ་ཡི་རྦ་རླབས་དྲག་ཏུ་འབབ་པ་དེ་རིང་གར་སྟེགས་སྟེང་ན་འོད་ལམ་ལམ།།

མེས་པོའི་གློ་གྲི་བརྡར་བའི་ཐལ་དང་ཁུ་བ་ཁྱེད་ཚོའི་རུས་པའི་གསེང་ན་འོད་ཀྲིག་ཀྲིག།



གཞོན་པའི་ལང་ཚོའི་རྦབ་ཆུ་དྲག་ཏུ་འཕྱུར་བ་མིག་གི་སྒེའུའི་ནང་དུ་འོད་ལམ་ལམ།།

གཞོན་པའི་ངག་གི་ཟིལ་ཤུགས་རླབས་སུ་འཕྱུར་བ་ཚིག་གི་རྒྱུ་སྤུན་བར་ན་སྣུམ་ཤིག་ཤིག།

གཞོན་པའི་ཤེས་རབ་མེ་སྟག་ཆེས་ཆེར་མཆེད་པ་ཚོར་བའི་ལྡེབས་རིས་ངོས་སུ་རྡོག་དྲིལ་དྲིལ།།

གཞོན་པའི་སྣང་བའི་ཉི་འོད་ལམ་ལམ་འཚེར་བ་ཡ་ཆུང་གངས་ཀྱི་ཟོམ་ན་བྱ་འཕུར་འཕུར།།



ཁྱོད་ཅག་ནུབ་ནས་ལྡང་བའི་རླུང་བུ་ཡིན་ནམ་ང་ཡི་འབྱུང་བཞིའི་ལྗོན་པ་ཤིག་ཤིག་སྒུལ།།

ཁྱོད་ཅག་ཤར་ནས་འཕྲོས་པའི་ཉི་གཞོན་ཡིན་ནམ་ང་ཡི་མིག་གི་གངས་རི་ལམ་ལམ་འཚེར།།

ཁྱོད་ཅག་རི་ལས་བབས་པའི་གཙང་ཆུ་ཡིན་ནམ་ང་ཡི་འབྱུང་བཞིའི་ནག་ནོག་ཁད་ཀྱིས་བཀྲུས།།

ཁྱོད་ཅག་སྲིད་པར་མཆེད་པའི་མེ་ལྕེ་ཡིན་ནམ་མྱི་ཁའི་རྩྭ་སྐྱ་འུར་འུར་མཆེ་བས་བལྡད།།



གནམ་སྔོན་ཞལ་ཁེབས་ཕྱིས་ཏེ་གདན་ལ་བཏིངས་སམ་ཁྱོད་ཚོ་སྔོན་པོ་གཡུ་ཡི་དྲ་རས་རེད།།

རྒྱ་མཚོའི་བྱུ་རུ་བླངས་ཏེ་མགུལ་ལ་བཏགས་སམ་ཁྱོད་ཚོ་དམར་པོ་མཚལ་གྱི་ཐིག་ལེ་རེད།།

གངས་ཀྱི་ཟེ་བ་བཏོག་ནས་དབུ་ལ་བཙུགས་སམ་ཁྱོད་ཚོ་དཀར་པོ་དུང་གི་པྲོག་ཞུ་རེད།།

གཙང་བོའི་དར་དཀར་བསྡུས་ནས་སྐེད་དུ་བཅིངས་སམ་ཁྱོད་ཚོ་བལ་དཀར་ཁ་བཏགས་ཡུག་གཅིག་རེད།།



དབྱངས་ཀྱི་ང་རོ་མགྲིན་པའི་སྦུབས་སུ་མཆེད་པ་གངས་སེང་དཀར་མོའི་ངག་གི་གད་རྒྱངས་རེད།།

ཚོར་བའི་རྦབ་རྡོ་ངག་གི་རི་ལས་འདྲིལ་བ་གནའ་བོའི་རྟ་ཁྱུ་ཞོགས་པའི་རྨིག་སྒྲ་རེད།།

སྙན་ངག་ཚིག་གི་ཡིད་འགྱུར་ཉམས་སུ་སྡེབ་པ་གསེར་མིག་མཚོ་ལ་འཁྱུག་པའི་གར་གྱིས་མཛེས།།

གང་ལྟར་ཁྱོད་ཚོ་རེབ་འདིའི་མེ་དཔུང་ཞིག་ཏུ་འུར་འུར་འབར་ཏེ་མྱི་ཁའི་རྨོངས་མུན་བསྲེགས།།


རྩོམ་ཡིག་སྔོན་མ།
ཉིན་གཅིག་གི་སྙན་ངག
རྩོམ་ཡིག་རྗེས་མ།
ལྷ་ས་དང་ངའི་དྲིན་ཆེན་ཕ་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1