ལྷ་ས་དང་ངའི་དྲིན་ཆེན་ཕ་མ།
ཅོར་འཇམ། ( ཀླུ་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
ལྷ་ས་ན།
ས་ལ་ཐིམ་མི་ཐུབ་པའི།
ངའི་ཨ་མའི་ཐོད་རུས་ཡོད།
ལྷ་ས་ན།
བྲག་ལ་ཟུག་མི་ཐུབ་པའི།
ངའི་ཨ་ཕའི་རྒྱབ་གཟུགས་ཡོད།
བདག་གི་ཨ་མ་མ་ཅིག་ལབ་སྒྲོན་ལགས།
དེ་རིང་། མི་ངོ་ལྷ་ངོ་འཕྲད་པས་དགའ་བ་ལ།
ལྷ་ས་ན། བདེ་བ་ཅན་ལ་འགྲོ་བའི་རྨུ་ཐག་ཡོད་དམ།
བདག་གི་ཕ་གཅིག་སངས་རྒྱས་ལགས།
དེ་རིང་། ལྷ་ངོ་མི་ངོ་མཇལ་བས་སྐྱོ་བ་ལ།
ལྷ་ས་ན། ཉེས་པ་ཅན་ལ་དཔྱངས་པའི་ལྕགས་ཐག་
ཡོད་དམ།
ཨ་མ། ང་རང་ཚེ་ཕྱི་མར་སྐྲག་གི་མེད།
ང་སྐྲག་ས་ནི་ཚེ་ཕྱི་མ་མེད་པ་དེ་ཡིན།
རེས་སུ་འཁོར་བའི་འཚོ་བའི་ཆོས་ཉིད་འདི་ལ་བརྟེན་ན།
ངེད་གཉིས་ཡང་བསྐྱར་མ་བུ་བྱ་ཆོག་ཨང་།
ཨ་ཕ། ངས་མི་རྟག་པའི་སྐྱེ་འཆི་འདི་དང་ལེན་བྱེད་ཀྱིན་ཡོད།
ང་རང་སྐྲག་ས་ནི་བར་དོ་ཟེར་བའི་མུན་པའི་གཅོང་རོང་དེ་ཡིན།
ལས་ཀྱི་འབྲས་བུ་སྨིན་ན།
ངེད་གཉིས་སླར་ཡང་ཕ་བུ་བྱ་ཆོག་ཨང་།
ཨ་མའི་ལྷ་ས་མ་ཅིག་ལབ་སྒྲོན་ཡིན།
ཨ་ཕའི་ལྷ་ས་ཕ་གཅིག་སངས་རྒྱས་ཡིན།
༢༠༡༩ལོའི་སྤྱི་ཟླ༨པའི་ཚེས ༥ཉིན་ལྷ་ས་ནས།