“རྫོང་དཀར”དང“རྫོང་སྔོན”དགོན་གཉིས་ལ་ གནས་མཇལ་དུ་ཕྱིན་པ།

ཐོ་རངས། (རྨ་ལྷོ ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ཤར་སྐལ་ལྡན་རྒྱ་མཚོའི་འཕྲིན་ལས་རྣམ་བཞིའི་སྒྲུབ་སྡེ་ལས
ཉིན་འདི་འགའི་གནམ་གཤིས་ལ་དངོས་ནས་ཡིད་བརྟན་བྱེད་དཀའ་བ་ཞིག་རེད། ཉིན་མཚན་དབྱེར་མེད་དུ་ཆར་བའི་རྒྱུན་ཟ་ཟི་ཞིག་བབས་ནས་ལུས་སེམས་ཉོབ་ཏུ་བཏང་འཇོག་ཅིང་། རི་རྩེ་རྣམས་སྨུག་པས་དཀྲིས་ཏེ་རྒྱང་རིང་གི་ཡུལ་གང་ཡང་མཐོང་གིན་མི་འདུག རླུང་ཤུགས་དེ་འདྲ་མི་ཆེ་ཡང་གྲང་ངད་བཟི་ལོང་བའི་ནམ་ཟླ་འདིས་སྐྱེ་འགྲོ་སུ་ལའང་དབྱར་ཁའི་བརྩེ་དྲོད་ཀྱི་ཚོར་བ་འཇམ་པོ་དེ་སྟེར་གྱིན་མེད་པར། ཁ་བ་མེད་པའི་དགུན་ཁ་ཞིག་ལ་དྲན་གསོ་བྱེད་ཀྱིན་ཡོད་པ་དང་མཚུངས། 
ང་རང་རྒྱུན་པར་ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་ཡར་ལངས་ནས་བུ་ཆུང་ལ་ཁ་ལག་བཟོ་གིན་ཡོད། ད་ལོར་ནད་ཡམས་ཀྱི་དབང་གིས་བྱིས་པ་ཚོ་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་སློབ་གྲྭར་ཐོན་ན་ཆོག་གི་རེད། བུ་ཆུང་གིས་ཁ་ལག་ཟོས་ཚར་རྗེས་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་སོགས་ཀྱི་སློབ་ཚན་དང་ཐ་སྙད་དག་བློར་སྐྱོར་བྱེད་ཀྱིན་ཡོད། ཁོས་བོད་ཡིག་བློར་སྐྱོར་བྱེད་དུས་ཐ་སྙད་རེ་འགའི་སྒྲ་གདངས་དེ་འདྲའི་དག་མོ་ཞིག་ཡོང་གི་མེད་པས། མཚམས་མཚམས་སུ་ངས་ཁོ་ལ་སྡིགས་མོ་དང་སྐྱོན་བརྗོད་བྱེད་ཀྱིན་ཡོད། ལན་རེ་ངས་རང་གི་བུ་ཕྲུག་སྐྱོང་བའི་ཐབས་ལམ་འགྲིག་གི་མི་འདུག་སྙམ་ནས་འགྱོད་པ་དང་སེམས་སྡུག་ཀྱང་མྱོང་གིན་ཡོད། བུ་ཆུང་གིས“ཨ་ཕ་ང་སློབ་གྲྭར་བུད་འགྲོ”ཟེར་དུས། ངས་མདང་དགོང་རྨིས་པའི་རྨི་ལམ་སྟོད་སྨད་གཉི་གའི་སྐོར་ལ་བསམ་བློ་བཏང་བསྡད་ཡོད།“ཨོ་ཡ བདེ་མོ། ལམ་ནས་སེམས་ཆུང་བྱོས”བུ་ཆུང་སློབ་གྲྭར་བུད་སོང་། གང་ལྟར་དེ་རིང་ནི་ང་ཚོ་གུང་གསེང་གི་ཉིན་ཆེས་རྗེས་མ་དེ་ཡིན་པས་ཁྱིམ་ལ་འཛུལ་ནས་དུས་ཚོད་བརླག་མི་རུང་བར་སྙམ་ཏེ། གནས་མཇལ་གྱི་དམིགས་ས་གཉིས་པ་སྟེ་ཡབ་རྗེ་བླ་མའི་འཕྲིན་ལས་རྣམ་བཞིའི་སྒྲུབ་སྡེ་གཉིས་ལ་འགྲོ་རྒྱུར་གྲོས་ཐག་བཅད་པ་ཡིན། crowདང་ཐང་དཀར་གཉིས་ཀྱང་འཐད་པ་བྱུང་། 

དེ་ནས་ང་ཚོས་བག་ལེབ་སྣུམ་བཙོས་མ་གསུམ་དང་མོག་མོག་བཞི། རེབ་གོང་གོ་རེ་གཅིག འོ་མ་དམ་བུ་གང་། སིལ་ཁུ་འདྲ་མིན་ཁ་ཤས། རྒུན་ཆང་རྫུན་མ་གཅིག སུར་པན་ཅན་གྱི་ཟས་རིགས་འགའ་ཉོས་པ་ཡིན། མི་གསུམ་གྱིས་དེ་འདྲའི་མང་བོ་ཞིག་བཟའ་ཨེ་ཐུབ་བམ། ཧུ་ཧུ སྟེར་ས་ཞིག་ཡོད། ངས་ཁོ་གཉིས་ལ་ཞིབ་ཏུ་མ་བཤད། 

དེ་རིང་མོ་ཊ་གཏོང་མཁན་ནིcrowཡིན། ངས་ཁོ་གཉིས་ལ་ལམ་པ་ཁོ་ན་ཙམ་བྱས་པས་ཆོག ཐང་དཀར་གྱིས་གོན་ཡོད་པའི་ཞྭ་མོ་ཉམས་ཅན་དེསcrowདང་འུ་གཉིས་ལ་ཚོར་སྣང་དམིགས་གསལ་བ་རེ་སྟེར་གྱིན་ཡོད་ནའང། དེའི་སྐོར་ལ་ཁ་བརྡ་ཅི་ཡང་མ་བྱས། མོ་ཊའི་ནང་གི་གླུ་གཞས་དེ་སླར་ཡང་གྲགས་བྱུང་། ང་ཚོ་གཞི་ནས་ལམ་ལ་ཆས་པ་ཡིན། 

རྒྱ་མཚོའི་ངོས་ལས་སྨི་ཉིས་སྟོང་ལྔ་བརྒྱ་ཡས་མས། སའི་གོ་ལའི་ཤར་གྱི་གཞུང་ཐིག༡༠༡.༣༨–༡༠༢.༢༧དང་། བྱང་གི་གཞུང་ཐིག༣༥.༠༡–༣༥.༤༧ ཤར་ལྷོ་ཀན་ལྷོ་དང་། ལྷོ་ཕྱོགས་མགོ་ལོག ནུབ་བྱང་མཚོ་ལྷོ། བྱང་ཕྱོགས་ཞོང་ཧྭ་སོགས་དང་འབྲེལ་བའི་ཡུལ་འདིའི་མིང་ལ་རེབ་གོང་ཟེར། རེབ་གོང་ནི་རེ་སྐོང་དང་། རེ་གོན། རེབ་ཀོང་། རེ་དཀོན། གསེར་མོ་ལྗོངས། གསེར་ལྗོངས་རིག་པའི་འབྱུང་གནས། རིག་པ་འབྱུང་བའི་གྲོང་ཁྱེར། གསེར་ལྗོངས་དགེ་བའི་འབྱུང་གནས། རེ་སྐོང་ཆོས་ཀྱི་ཞིང་ཁམས་སོགས་མིང་རེ་ལ་དོན་རེ། དོན་རེ་ལ་སྙན་པ་རེ། བསྟན་འཛིན་གྱི་མཁས་གྲུབ་མང་དུ་བྱོན་པ་དཔེར་ན་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། རོང་བོ་བླ་མ་བསམ་གཏན་རིན་ཆེན། ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ། ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན། སྔགས་འཆང་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས། ཞབས་དཀར་ཚོགས་དྲུག་རང་གྲོལ། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན། གྲུབ་དབང་འཇིགས་མེད་བསམ་གཏན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། སྒེའུ་སྟེང་བློ་བཟང་དཔལ་ལྡན། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། བིས་པ་མི་ཕམ་ཟླ་བ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུའོ།། རེབ་གོང་ནང་ཤོག་བཅུ་གཉིས། ཕྱི་ཤོག་ཆེན་བཅོ་བརྒྱད། སྨོན་ཤོག་ཉེར་གཅིག སྒྲུབ་སྡེ་བཅོ་བརྒྱད། དགོན་མ་ལག་སོ་ལྔ་སོགས་ནི་རྒྱུ་སྐར་ས་ལ་འཕོས་འདྲ། སྤང་ལ་མེ་ཏོག་བཞད་འདྲའི་བསྟན་པའི་བྱ་བ་ལ་འཆད་ཉན་གྱི་བར་མ་ཆད་པར་རབས་ནས་རབས་སུ་བརྒྱུད་པ།“མཁའ་ལ་ཚད་ཀྱིས་འཇལ་བ་ལྟ་བུའི་གངས་རི་མཐོན་པོ་རབ་ཏུ་མཛེས་པའི་ཕྲེང་བས་བསྐོར་བ། ཁྱོན་ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ་སྟུག་པོ་རྣམས་ཀྱི་དཔལ་གྱིས་སྒེག་པ། རི་ངོས་ཡོངས་སུ་གཙུག་ལག་ཁང་དང་སྒྲུབ་པའི་གནས་སོགས་ཀྱི་བཀོད་པ་ཚར་དུ་དངར་ཞིང་། མེ་ཏོག་དང་འབྲུའི་ཚོགས་ཀྱིས་རྣམ་པར་སྦུད་པ། ངོས་རྣམས་ནས་ཆུ་ཀློང་དང་འབབ་ཆུ་རྒྱུན་ཆད་མེད་པར་འབབ་པ། ཁུ་བྱུག་དང་འཇོལ་མོ། རི་སྐག་དང་རྫ་ཁའི་གོང་ཡག་སོགས་བྱ་རྣམས་ཀྱིས་སྐད་སྙན་ལྷང་ལྷང་སྒྲོག་པའི་ཡུལ་ངོ་མཚར་བ། སྐྱེ་བོ་མ་ལུས་པ་ཆོས་བཞིན་སྤྱོད་པར་འདོད་པའི་རེ་བའི་འབྲས་སུ་ཐམས་ཅད་སྨིན་ནུས་པའི་ཡོན་ཏན་ཀུན་ཚང་བའི་ཡུལ”འདི་ལ་མི་གྲངས་ཁྲི༨.༩དང་གྲོང་རྡལ༢ཞང༩( དེའི་ནང་འབྲོག་ལས་རྐྱང་པའི་ཞང༣ )གྲོང་ཚོ༧༢སྡེ་ཁུལ༦བཅས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ༣༢༧༥ཟིན་ཡོད།

ད་ལྟ་ང་ཚོ་འགྲོ་སའི་དམིགས་ས་དེ་ནི་རེབ་གོང་ནང་ཤོག་བཅུ་གཉིས་ཀྱི་ནང་ཚན་ལས་ཧོར་ཚོ་བཞི་དང་རོང་འབྲོག་གཉིས་ལས་བཙན་མོ་ཞེས་པའི་སྡེ་འདི་ཡིན་ལ་རེབ་གོང་ནས་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ༣༤སར་ཡོད། ས་ཐག་དེ་འདྲའི་རིང་བོ་ཞིག་མིན། འགྲོ་མ་མྱོང་བ་ཞིག་ཡིན་ཕྱིན་ཅུང་ཟད་དཀའ་ཙམ་གདའ།

རེབ་གོང་ཡུལ་དུ་སྡེ་མིང་ལ་རྒྱལ་བོ་དང་བཙན་མོ། བློན་ཆོས་སོགས་ཀྱི་མིང་འདི་དག་ཇི་ལྟར་ཐོགས་པ་ཡིན་ནམ་ཟེར་ན། ངག་རྒྱུན་ལ“བཙན་མོ་ནི་སྔོན་རྒྱལ་བོ་ཞིག་གི་བཙུན་མོ་ས་མཐར་སྤྱུགས་པ་ལས་ཁོ་མོའི་སྡེ་འདིར་གཞི་བཟུང་བས་ན་བཙུན་མོ་སྡེ་ཞེས་མིང་ཐོགས་པར་བཤད་ཚུལ་ཞིག་དང་། ཡང་སྡེ་འདིའི་བུ་མོ་ལོ་བཅུ་དྲུག་ལ་སོན་པ་ཞིག་རྒྱའི་དཔོན་པོ་ཞིག་གི་ཆུང་མར་བྱིན་པས་ན་བཙུན་མོ་སྡེ་ཞེས་མིང་ཐོགས་པར་བཤད་པ་སོགས་འགའ་རེ་འདུག་མོད”ཡིད་བརྟན་འཕེར་བའི་སྒྲུབ་བྱེད་ཅིག་ཏུ་མ་མཐོང་། དེབ་དཀར་ལས“བཙན་མོ་བྱ་བ་དེ་རྒྱལ་བོའི་ལྕམ་གཅིག་པུ་ལ་མིན་པར་རྒྱལ་རིགས་བུད་མེད་སྤྱི་ལ་སྦྱར་བ་འོག་གི་རྒྱལ་རབས་ལ་གསལ”ཞེས་པའམ།“ཨ་མདོ་རེབ་ཀོང་ཡུལ་དུ་རྒྱལ་བོ་བློན་ཆེ་བཙན་མོ་བྱ་བའི་སྡེ་གསུམ་ཁད་ཉེ་བར་ཡོད་པ་ཡང་། སྔོན་གྱི་བརྡ་ལ་སྦྱར་ན་རྒྱལ་བོ་བློན་ཆེན་བཙུན་མོ་གསུམ་གྱི་མིང་དེ་ཁོ་ན་ལྟར་འདུག་པས། དེ་ཡང་དེ་གསུམ་གྱི་མཚན་ལས་དྲངས་པར་གོར་མ་ཆག”ཅེས་གཟུར་གནས་མཁས་པའི་དཔྱད་པ་དོན་ལ་གནས་སོ།། 

དེ་རིང་ང་ཚོ་ལྷོད་ལྷོད་བྱས་ཏེ་འགྲོ་བཞིན་ཡོད། གནམ་གཤིས་ཧ་ཅང་ལེགས་པོ་དེ་འདྲ་མིན་ནའང་ཞིང་གྲོང་ནས་ནར་སོན་པའི་ང་ཚོར་མཚོན་ན་ནམ་ཟླའི་དྲོད་གྲང་ཏག་ཏག་འགྲིག་བསྡད་ཡོད། མི་གྲང་མི་ཚ་བའི་ཁར་རླུང་ཤུགས་རན་ཙམ་རྒྱུ། ཡུད་ཙམ་གྱིས་ང་ཚོ་ལྕང་སྐྱའི་སྡེ་འདབས་ཀྱི་སར་ཡོད་པའི་ཨ་མདོའི་རྡོ་འབུམ་སྔོ་རིལ་དང་མཇལ་བ་ཡིན། crowདང་ངེད་གཉིས་ལ་མཚོན་ན་རྡོ་འབུམ་འདི་རྩ་བ་ནས་མཐོང་མྱོང་མེད་པ་དང་འདིའི་སྐོར་གྱི་ངག་རྒྱུན་གོ་མ་མྱོང་བ་ཞིག་གཏན་ནས་མིན་མོད། ཐང་དཀར་ནི་གནས་འདིར་ཐོག་དང་བོར་འོང་བ་ཡིན་པས་རྡོ་འབུམ་འདིའི་སྐོར་ལ་གསལ་ཆ་གང་ཡང་མེད། ངག་རྒྱུན་ལ“རྡེའུ་འབུམ་ཆེན་པོ་འདིའི་མིང་ལ་ཨ་མདོའི་རྡེའུ་འབུམ་སྔོ་རིལ་ཟེར། དེ་ནི་ཆོས་རྗེ་དོན་འགྲུབ་རིན་ཆེན་ལྷ་སར་བཞུགས་སྐབས་ལྷ་དང་བླ་མའི་ལུང་གིས་མངགས་ཏེ་བྱ་ཁྱུང་དགོན་པ་འདེབས་ཕྱིར་བྱ་ཁྱུང་གི་གནས་བཙལ་བར་ཕེབས། ལྕང་སྐྱའི་མཆོད་རྟེན་གྱི་འདབས་སུ་ཐོན་དུས། དེར་བྱིས་པ་མངབོས་རྡོ་སྤུངས་བརྩིགས་ནས་རྩེ་བ་དང་འཕྲད། ཁོང་གིས་བྱིས་པ་ཚོར་ང་ཚོས་མཉམ་དུ་འདི་གར་རྡེའུ་འབུམ་ཞིག་བརྩིགས་ཞེས་རྩེད་མཚར་གྱིས་ཕྱག་མཁར་རྟེན་དུ་བྱས་ནས་རྡེའུ་འབུམ་ཆུང་ངུ་ཞིག་བརྩིགས། དེ་རིམ་བཞིན་ཇེ་ཆེར་རྒྱས་ནས་ད་ལྟའི་འདི་ཙམ་དུ་གྱུར། ཤོད་རྒྱུན་དུ་རྡེའུ་འབུམ་འདིའི་རྡོ་རིལ་རེ་ཕྱུག་ཟོག་གི་རྔ་མའི་ནང་བཏགས་ཚེ་མངལ་དང་དཀར་ཆུའི་འཕེལ་ཁ་རྒྱས་ཐུབ་ཟེར་ཞིང་། ཡང་མི་རྣམས་ཀྱི་བཤད་རྒྱུན་དུ་ཨ་མདོའི་རྡོ་འབུམ་སྔོ་རིལ་ལ་མ་མཇལ་བར་ལྷ་སའི་ཇོ་བོར་མི་མཇལ་ཟེར”གང་ལྟར་སྔ་མའི་ངག་རྒྱུན་གྱི་བཤད་སྲོལ་ལེགས་པོ་འདིས་མི་སེམས་ལ་དད་པ་གཙང་མ་ཞིག་སློང་སྲིད་ངེས་ཡིན། རྡེའུ་འབུམ་དང་བར་ཐག་གོམ་པ་གང་གིས་ཆོད་ཙམ་གྱིས་སར་མཆོད་རྟེན་ཞིག་བཞེངས་ཡོད། མཆོད་རྟེན་འདིའི་མིང་ལ་ལྕང་སྐྱའི་མཆོད་རྟེན་ནམ་ཨ་མདོའི་མཆོད་རྟེན་རིང་མོ་ཟེར།“དང་བོར་ཡབ་རྗེ་བླ་མའི་ཐུགས་སྲས་རྟིས་ཚང་མ་ཎི་བ་ཤེས་རབ་ཀྱིས་བྱང་ཆུབ་མཆོད་རྟེན་གྱི་རྣམ་པར་ཞབས་འོག་ནས་མི་སོགས་སེམས་ཅན་རྒྱུ་ལམ་ཡོད་པ་ཞིག་ཏུ་བྱོན་ལེགས་ཤིང་དབྱིབས་ཆེ་བ་མཐོང་བ་ཙམ་གྱིས་ཀུན་གྱི་དང་བ་འདྲེན་ནུས་པ་ཞིག་གསར་དུ་བཞེངས”པར་གྲགས། རྗེས་སུ་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་མཆོད་རྟེན་མེ་རུ་བསྲེགས་སྐད། བསྐྱར་བཞེངས་ཙམ་འགྲུབ་ཀྱང་རིག་གསར་གྱི་སྐབས་ལ་འཁེལ་ཏེ་ཡང་བསྐྱར་གཏོར་བཤིག་བཏང་ཟེར།“སྤྱི་ལོ༡༩༨༧ལོར་འཇམ་མགོན་བསྟན་པའི་མཛེས་རྒྱན་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོའི་ཐུགས་བཀོད་ལྟར་ཇི་ལྟ་བ་བཞིན་དུ། སྔོན་གྱི་མཆོད་རྟེན་རྙིང་བའི་སར་གཞུང་ལམ་བསྐྲུན་པའི་རྐྱེན་གྱིས་དེའི་གོང་ཐད་ན་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཞུགས་ཁྲི་ཡོད་པ་ནང་རྟེན་བྱས་ཏེ་ད་ལྟའི་མཆོད་རྟེན་འདི་གསར་བཞེངས་མཛད”ཅིང་། སྤྱི་ལོ༢༠༠༠ལོར་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་སོགས་རེབ་གོང་གི་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ། ང་ཚོས་མཆོད་རྟེན་ལ་སྐོར་བ་ལན་གསུམ་བརྒྱབ་པ་དང་འདྲ་པར་ཁ་ཤས་བསྐྱོན་རྗེས་མུ་མཐུད་ནས་ལམ་ལ་ཞུགས་པ་ཡིན། 

འཕྲང་ཞེས་རྒྱ་ཁབ་ཕྲ་མོའི་བུ་ག་ལས།།

ལུས་ཕྲ་ཐོ་རེངས་བསེར་བུའི་གཟུགས་སྒྲ་ཅན།།

འཇིགས་པས་སྐྱི་གཡའ་སྲིད་པ་བར་མའི་འཕྲང་།།

གསལ་བྱེད་མེ་ལོང་གཉིས་པ་གཞན་ཡོད་མིན།། 

ཨ་ཨ བྲག་འཕྲང་དང་ལམ་འགག་དོག་མོ། གྲང་ངར་རྩུབ་པོ་སོགས་བྲིས་པའི་སྙན་ངག་ཤོ་ལོ་ཀ་གཅིག་གིས་ཀྱང་མི་སེམས་སྤ་བཀོང་བར་བྱེད་པའི་སྙན་ངག་མཁན་པོ་དེ་ད་ལྟ་གང་དུ་བཞུགས་སམ། ངའི་སེམས་སྟོང་བར་གྱུར་ནས་དངན་པ་ཞིག་ཀྱང་ཤོར། 

དེ་བཞིན་ལྷོ་བྱང་དོན་མཐུན་ཁྲི་ཕྲག་གིས།།

བགྲོད་པ་གཅིག་པའི་གཞུང་ལམ་དར་དཀར་གྱི།།

ཁུག་པ་བརྐྱངས་པས་མིའུ་ཐུང་གོམ་པ་ཡང་།།

གྲོག་མའི་སུག་པའི་རྗེས་སུ་ཡང་དག་རྟོག། 

ཅེས་པ་བཞིན་ལམ་འགག་གཟར་མོ་མཐོང་ན་སྙིང་གཟེར་བ་སོང་ན་ཉྭ་འདར་བའི་འཕྲང་རབ་དང་རིམ་པ་ཞིག་བརྒྱུད་མཐར་ང་ཚོ་དངོས་སུ་དམིགས་སར་འབྱོར་བ་ཡིན། ལུང་བ་མི་ཡངས་མི་དོག ལུང་ཆུ་མི་ཆེ་མི་ཆུང་བའི་མདའ་ནས་ཡར་ལྟ་དུས་རྩེ་མོ་གངས་ཀྱིས་གཡོགས་པ། རི་སྐེད་ནགས་ཀྱིས་བརྒྱན་པ། རི་འདབས་གྲོ་ཞིང་འཛོམས་པ། ལུང་མཐིལ་དུ་འབབ་པའི་ཆུ་འགྲམ་གཡས་གཡོན་དུ་གྲོང་དང་གྲོང་དུ་མས་བརྒྱན་པ། སྟར་ལ་བསྒྲིགས་པའི་ཤིང་སྡོང་དག་དཔལ་གྱིས་སྒེག་པའི་གནས་མཆོག་དེའི་ཉིན་རིའི་རི་རྒྱུད་གླང་ཆེན་འདྲ་བ་ཞིག་གི་སྐེད་པར་གསེར་འོད་ལམ་ལམ་འཚེར་བའི་རྒྱ་ཕིབ་དང་དཀར་ཞིང་མིག་དབང་འཕྲོག་པར་བྱེད་པའི་མཆོད་རྟེན་རེ་གཉིས་དགོན་པའི་བྱང་སྐྱོར་གྱི་ཚུལ་དུ་བཞེངས་ཡོད་པ་མཐོང་། 

ལམ་འགྲམ་དུ་གྲྭ་རྐྱང་ཞིག་གིས་འཕྲུལ་རྟའི་གོང་ལ་བྱིས་པ་གཉིས་སྔ་གཞུག་བྱས་ཏེ་བཟུང་འདུག་པ་ཞིག་མཐོང་བས crowདང་འུ་གཉི་གས་དེའི་སྐོར་ལ་སྐད་ཆ་འདྲ་མིན་ལབ་པ་ཡིན། དོན་ངོ་མར་གཞན་གྱི་བླ་བཙག་དཔྱི་རྡུང་བ་ཡིན། ཁོ་ང་ཚོ་དང་ཐག་ཉེ་སར་སླེབས་བྱུང་། ཧ་ཧ་ཧ། མ་གཞི་ཁོ་ཨ་ཁུ་ཐོགས་མེད། པིར་མིང་ལ་རོང་བོ་ཚེ་འབར། སྙན་ངག་འབྲི་བ་ལ་བསྟན་བཤིག་ཚ་བའི་གྲྭ་རྐྱང་།“ཡོན་ཏན་མེད་པའི་ཁ་ཉིད་ནི།། ས་ཡི་བུ་ག་དག་དང་མཚུངས།།”ཟེར་བ་མི་ང་འདྲ་ལ་གོ་བ་མ་ཡིན་ནམ། ཉེས་པ་བསགས་སོང། 

ཨ་ཁུ་ཐུགས་རབ་ཏུ་དགའ་བས་ང་ཚོ་ཁོའི་གྲྭ་ཤག་ཏུ་བསུས་བྱུང་། སྒོ་ཕྱེས་མ་ཐག་གྲྭ་ཕྲུག་མང་བོ་ཞིག་སར་བསྡད་ནས་སྐད་གསེང་མཐོན་པོས་ཁ་ཏོན་བློར་སྐྱོར་བྱེད་ཀྱིན་འདུག་པས་ང་ཚོས་ཕན་ཚུན་ལ་འཚམས་འདྲིའི་སྐད་ཆ་རེ་འགའ་ལབ་མོད་གསལ་བོ་ཞིག་མ་གོ་བར་ལུས། ཇི་འདྲའི་གྲྭ་ཕྲུག་སྙིང་རྗེ་མོ་དག crowཡིས་གྲྭ་ཕྲུག་ཚོ་པར་ལ་བསྐྱོན་པར་བྲེལ་ཞིང་ཐང་དཀར་དང་ངེད་གཉིས་ཉི་ཁྱམས་ཀྱི་འབོལ་གདན་ལ་བསྡད་པ་ཡིན། 

གྲྭ་ཤག་གི་ཉི་ཁྱམས་སུ་མདུན་ཅོག་ཅུང་ཟད་ཆེ་བ་གཉིས་བཞག་འདུག་ཅིང་། སྒང་ལ་དཔེ་དེབ་ཀྱིས་རི་རབ་ཅིག་བརྩིགས་འདུག སྤྱོད་འཇུག ལམ་རིམ། སྔགས་རིམ། རྣམ་ཐར། སྒེའུ་སྟེང་ཚང་གི་གསུང་འབུམ། ཨ་ཁུ་འཇིགས་མེད་ཀྱི་གསུང་འབུམ། བརྡ་སྤྲོད་ཀྱི་དེབ། སློབ་གསོའི་དེབ། སྙན་ངག་གི་དེབ། རང་གྲོལ་དེབ། གངས་རྒྱན་མེ་ཏོག མིང་མི་ཐོགས་པའི་དཔེ་རྙིང་། ས་རྡུལ་གྱིས་མནན་པའི་དེབ་གསར། གྱང་ངོས་སུ་བཀལ་བའི་སྒོ་སམ། དཔེ་ཆས་བཀང་བའི་དཔེ་སྒྲོམ། ལག་འཁྱེར་སྒྲ་སྒམ། ཅུང་ཟད་མདོག་ཤོར་བའི་འབོལ་གདན། གཡོས་ཁང་སོགས་འཕྲོ་རིམ་འཕྲོར་མཐོང་བས་ང་རང་གྲྭ་རྐྱང་ཕལ་བ་འདིས་འཚོ་བའམ་སློབ་སྦྱོང་ལ་བཟུང་བའི་རྣམ་དག་སླད་མེད་ཀྱི་ཆོད་སེམས་དང་གཞུང་རྒྱུད་དྲང་བོའི་རང་གཤིས། བསྟན་པའི་བྱ་བ་ལ་ཤ་ཐང་འབད་ཐང་བྱེད་པའི་ལས་ཀྱི་བགྱི་བ་དག་ལ་སེམས་གཏིང་ནས་སྨོན་པ་ཤོར་བཞིན་གོ་རེ་དང་འོ་མ་སོགས་ཁོང་ལ་ཕུལ་བ་ཡིན། 

རྫོང་དཀར་བཀའ་གདམས་ཕོ་བྲང་བཀྲ་ཤིས་དར་རྒྱས་གླིང་། རྫོང་སྔོན་བཀྲ་ཤིས་ཆོས་རྫོང་གླིང་། བདེ་ཆེན་བཀྲ་ཤིས་ཆོས་གླིང་སོགས། སྔ་རབས་པའི་འབོད་མིང་ལྟར་ན་རྫོང་དཀར། རྫོང་སྔོན། བདེ་ཆེན་ཆོས་སྡིངས་རི་ཁྲོད་ཟེར། དེ་ནས་ཨ་ཁུས་ང་ཚོ་འཁྲིད་དེ་ཐོག་མར་བདེ་ཆེན་དགོན་པར་མཇལ་བ་ཡིན། དཔེ་ཆའི་ངོས་ཀྱི་ཡི་གེ་མ་གཏོགས་ཅི་ཡང་མི་འབྱོན་པའི་ང་ཚོས་ཁ་བཏགས་ཡུག་གཅིག་ཀྱང་བཟུང་མེད་པས་ཨ་ཁུའི་ཤག་ནས་ཁ་བཏགས་གསུམ་བླངས་ཏེ་མཇལ་རྟེན་བྱས་པ་ཡིན། བདེ་ཆེན་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ༡༦༧༣ལོར་མགོན་ཤུལ་ཀུན་དགའ་ཆོས་འཕེལ་རྒྱ་མཚོས་སྒོ་གཡིས་ནང་དུ་སྒྲུབ་ཁང་ཞིག་བརྩིགས་ཏེ་བདེ་ཆེན་ཆོས་སྡིངས་རི་ཁྲོད་བཏབ་ཅིང་། ཕྱིས་སུ་སྤྱི་ལོ༡༦༩༢ལོར་ཁོང་གི་དབོན་པོ་ནོར་བུ་རྒྱལ་མཚོས་བདག་རྐྱེན་ལ་བརྟེན་དམ་པ་ཁོང་གིས་བདེ་ཆེན་ཆོས་སྡིངས་རི་ཁྲོད་དེ་ད་ལྟའི་དགོན་གནས་འདིར་སྤོས་ནས་བདེ་ཆེན་བཀྲ་ཤིས་ཆོས་གླིང་ཕྱག་འདེབས་མཛད་པར་གྲགས།“དེ་ནས་བཟུང་བདེ་ཆེན་སྐུ་ཕྲེང་རིམ་བྱོན་དང་། མཁན་ཆེན་དགེ་འདུན་རྒྱ་མཚོ། གྲུབ་དབང་འཇིགས་མེད་བསམ་གཏན། མག་སར་པཎྡི་ཏ། གཙང་དགེ་བཤེས། གསེར་ཁང་བ། གཡེར་གཤོང་ཚང་། ཨ་རོལ་སྐུ་ཕྲེང་སྔ་ཕྱི། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། བྱང་རྩེ་སྐུ་ཕྲེང་སྔ་ཕྱི། ཐོ་གྱའི་དགེ་བཤེས་གཙོས་སྐྱེས་ཆེན་དམ་པ་མང་བོ་དགོན་འདིར་ཡུན་རིང་བཞུགས”ཏེ་ཆོས་ཀྱི་མཛད་འཕྲིན་བསྐྱངས། ༡༩༥༨ལོར་དགོན་འདི་ཡོངས་སུ་འཇིག་པར་སྐད། ཕྱིས་སུ་ད་ལྟའི་དགོན་འདི་གསར་བཞེངས་མཛད་པའི་སྐོར་ཨ་ཁུས་ཞིབ་ཅིང་ཕྲ་བས་ངོ་སྤྲོད་བྱས་ཀྱང་བརྗེད་ངེས་རྐུན་པོས་འཁྱེར་ཏེ་ངས་ཡི་གེ་འདི་དག་འབྲི་དུས་མང་བོ་ཞིག་ཡིད་ནས་བོར་འདུག འདུ་ཁང་དང་མགོན་ཁང་། བདེ་ཆེན་ལྷོ་བྲག་ཚང་གི་ནང་ཆེན། བདུད་འདུལ་མཆོད་རྟེན། གསང་བདག་འཁོར་ཆེན་གྱི་འབུམ་ཁང་སོགས་ལ་གནས་མཇལ་དང་རྒྱུས་ལོན་ཕྲན་ཙམ་བྱས་རྗེས་ང་ཚོས་གུང་ཟས་སྟབས་བདེ་ཞིག་ལ་རོལ་ནས་བསྡད། ཚོད་མ། བག་ལེབ། སིལ་ཁུ། གོ་རེ་སྣུམ་བཙོས་མ། ཅོང་པེང་སོགས་ཞིམ་པོ་རང་འདུག

དེ་ནས་ང་ཚོ་རྫོང་དཀར་བཀའ་གདམས་ཕོ་བྲང་བཀྲ་ཤིས་དར་རྒྱས་གླིང་དུ་ཕྱིན་པ་ཡིན། དེ་ཡང་།

རོང་སྟོན་འཕྲིན་ལས་བསྐྱངས་པའི་མུ་ཁྱུད་ཀྱི།། 

ཁོར་ཡུག་ཟླ་ཤེལ་བརྩེགས་པའི་ས་འཛིན་ལ།། 

བཤད་དང་སྒྲུབ་པའི་ལང་ཚོ་མ་རྙིང་བའི།། 

ཆོས་ཀྱི་སྡེ་ནི་ཀུ་མུད་བཞད་པ་བཞིན།། 

དེའི་སྙིང་ཤེས་རབ་གསེར་གྱི་ཁུ་བ་ཡིས།། 

བྲན་པས་བཀྲ་ཤིས་པདྨོ་བཞད་པའི་རྫོང་།།

རྣམ་པ་དཀར་བའི་གེ་སར་འཐུལ་བ་ཅན།།

མུ་ཏིག་འབྲས་བུ་ལྷག་གེར་འཛུམ་པས་མཆོད།།

ཅེས་པའི་སྒྲུབ་སྡེ་འདི་མཐོང་མ་ཐག་སྨྲ་མི་ཤེས་པའི་ཚོར་བ་ཞིག་བྱིན་སོང་། 

ལམ་བར་དུ་ཁངས་ཆར་འདྲེས་མའི་སེར་བ་ཆུང་ངུ་ཞིག་བབས་ཀྱང་ཡུན་དུ་འབབ་མ་ཕོད་པར་རི་རྩེར་བརྒྱུད་ནས་རྒྱང་དུ་ཆས། ངེད་ཅག་གི་སྟོད་ལྭའི་ཕྲག་གོང་དང་རྐང་ལྷམ་སོགས་ལ་བརླན་ཅུང་ཟད་རེ་ཕོག་འདུག་ཀྱང་གྲང་བའི་ཚོད་དུ་མ་སླེབས། འདུ་ཁང་ཆེ་བ་རེ་གཉིས་མ་གཏོགས་གྲྭ་ཤག་ཕལ་ཆེར་གྱང་ཤུལ་དུ་ལུས་འདུག ཡིན་རྒྱུ་ནི་དགོན་གནས་སྤོས་པ་རེད། དགོན་འདི་ཐོག་མར་སྤྱི་ལོ༡༦༨༣ལོར་ཡབ་རྗེ་བླ་མའི་དངོས་སློབ་རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་རྨི་ལྟས་ཁྱད་མཚར་ལ་བརྟེན་ནས་གནས་འདི་ངོས་བཟུང་སྟེ་ཕྱག་བཏབ་པ་ཡིན་ཟེར། དེ་ལྟར་དམ་པ་ཁོང་གི་སྐུ་ཕྲེང་རིམ་བྱོན་དང་། རྫོང་ཆུང་སྐུ་ཕྲེང་རིམ་བྱོན། བླ་མ་དགེ་བའི་བཤེས་གཉེན་སོགས་ཀྱི་གདན་ས་ཁྱད་པར་ཅན་དུ་གྱུར་བ་རེད་འདུག དགོན་འདིར་འདུ་ཁང་ཆེན་མོ་དང་། བྱམས་ཁང་། བློས་བསླངས་ཁང་། མགོན་ཁང་། ནང་ཆེན་གསུམ། གྲྭ་ཤག་བརྒྱ་ཕྲག་ལྷག དགེ་འདུན་པ་ཉིས་བརྒྱ་ལྷག་བཞུགས་པ་སོགས་གདན་རབས་སོགས་ལ་གསལ་བ་ལྟར་ཡིན། སྤྱི་ལོ༡༩༥༨ལོར་དགོན་འདི་རྨང་ནས་ཉམས་ཏེ༡༩༨༡ལོར་བསྐྱར་བཞེངས་མཛད་ཅིང་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན། ཆོས་གྲྭའི་རྩོད་པ་སོགས་སྔར་སྲོལ་ལྟར་བཙུགས་པ་དང་། དགོན་བདག་བླ་མ་ནི་རྫོང་དཀར་མ་ཎི་བ་སྐུ་ཕྲེང་རིམ་བྱོན་ཡིན་པར་སྐད།“ཧོར་སྟོད་སྨད། བོན་རྒྱ། མགར་རྩེ་གོང་འོག ལྕང་སྐྱ། སྤྱང་ལུང་། ཀོའུ་སྡེ། བསེ་རི་ཆུ་བར་གསུམ། རྒྱལ་བོའི་གླང་ཚང་། ཚོ་བཞི། སྨད་པ་སྡེ་བདུན། གླིང་རྒྱ། བིས་མདོ། ཨ་བར་ཉིན་སྲིབ། རྡོ་སྦིས། ཁ་གྱ། རྒན་རྒྱ་སོགས་མཆོད་གཞིས་ཡོན་བདག་དང་། བིས་མདོ། ལྟག་རྡོ། རྡོ་ཕུག རྡོ་སྦིས་སུ་རྩི་སྐྱང་སྒོམ་གྲྭ་དང། ཨ་འགང་སྒོམ་གྲྭ མདོ་རྩེ། རྔ་བར་མཆོད་རྟེན་སྐྱག་དང་། གནམ་སྐྱག་དགོན་སོགས་མང་བོ་ཞིག་བྱུང་བ་འདིའི་བུ་དགོན་དུ་གྱུར”ཅེས་གདན་རབས་དག་ལ་ཡོངས་སུ་གྲགས། 

ང་ཚོ་གནས་འདིར་སླེབས་དུས་ཡོད་ཚད་དགོན་རྙིང་ལྟ་བུ་ཞིག་ཏུ་གྱུར་འདུག་པས་འདུ་ཁང་སོགས་ལ་མཇལ་རྒྱུའི་སྐལ་བ་མ་ལྡན་པ་ནི་ཕངས་སེམས་ཆེ་ཤོས་ཞིག་ཏུ་བསམ། ཁོ་ཚོ་རང་རང་སར་ཕྱིན་ཏེ་པར་མང་བོ་བསྐྱོན་གྱིན་འདུག ངས་སྒེའུ་སྟེང་བློ་བཟང་དཔལ་ལྡན་མཆོག་གནས་འདིར་ཡུན་དུ་བཞུགས་ཤིང་སྐུ་བདེ་བར་གཤེགས་སའི་གཟིམ་ཤག་དེ་བཙལ་བ་ཡིན། རྣམ་ཐར་སོགས་ལས་གོ་ཐོས་སུ་གྱུར་བ་མ་གཏོགས་གཟིམ་ཤག་དེ་ཇི་འདྲ་ཞིག་ཡིན་པ་ཁྱོན་ནས་ཧ་གོ་གི་མེད། སྒོ་དང་སྒེའུ་ཁུང་ཁ་བཏགས་ཀྱིས་བཏུམས་ཤིང་ཁང་མིག་གྱན་གསུམ་ཡོད་པ། ཚོན་རིས་རན་ཙམ་བཏང་ཞིང་། མདུན་སྒོ་ལྷོ་ཕྱོགས་སུ་གཏད་པ། ཁྱམས་རའི་ཚུན་ཆོད་ལ་ཤིང་གི་རྒྱུག་ཁྲ་རྙིང་བ་ཞིག་བསླངས་ཡོད་པའི་ཁང་རྙིང་དེ་མཐོང་བས་འདི་དམ་པ་གང་གི་གཟིམ་ཤག་མིན་འགྲོ་སྙམ་ནས་ཨ་ཁུ་ཚེ་འབར་ལ་འདྲི་དུས“རེད་ལགས རེད་ལགས”ཞེས་གསུང་བྱུང་། རེད་དེ། 

ཤར་གངས་རི་དཀར་པོའི་རྩེ་མོ་ན།། 

སྤྲིན་དཀར་བོ་གནམ་ལ་བསྙེགས་འདྲ་བ།།

དེ་མཐོང་བའི་མོད་ལ་བླ་མ་དྲན།། 

དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས།།

ཞེས་པ་བཞིན་སྙན་ངག་སྨྲ་བ་ལ་དབང་འབྱོར་བའི་དམ་པ་གང་ཉིད་སྙིང་ནས་དྲན་དེ་དད་པའི་སྤུ་ལོང་གཡོ་བཞིན། ང་ཚོས་ཕོ་ཉ་གཞོན་ནུའི་ལམ་ཐིག་གི་སྐོར་ལའང་སྐད་ཆ་མང་བོ་ལབ་པ་ཡིན། རི་གན། མ་རེད། རི་འདི། ལམ་གན། མ་རེད། ལམ་འདི། 

དེ་ནས་ང་ཚོ་རྫོང་སྔོན་བཀྲ་ཤིས་ཆོས་རྫོང་གླིང་ལ་ཆས་པ་ཡིན། དགོན་འདི་ནི་ཐོག་མར་སྒྲུབ་ཁང་གི་ཚུལ་དུ་ཡུན་དུ་གནས་ཤིང་། སྤྱི་ལོ༡༦༧༧ལོར་རྫོང་སྔོན་སྐུ་ཕྲེང་དང་བོ་ཆོས་འཕེལ་རྒྱ་མཚོས་ཕྱག་འདེབས་མཛད་པར་གྲགས། དུས་ཟིང་གི་སྐབས་སུ་ཆགས་འཇིག་བྱུང་བས་ཕྱིས་སུ་བསྐྱར་བཞེངས་གནང་བ་རེད། དབེན་གནས་ཉམས་དགའ་ཞིང་མཐོང་ཡངས་པ། གྲལ་དག་པ། རི་རབ་དང་ལུང་མཐིལ་གྱི་མཛེས་ཉམས་མ་ལུས་ཡོངས་སུ་མིག་གི་དགའ་སྟོན་དུ་འདྲེན་ནུས་པའི་གནས་མཆོག་འདི་འདྲ་ཞིག་སྔར་མཐོང་མྱོང་མེད་པས། ང་དངcrow ཐང་དཀར་བཅས་ལ་ཡིད་སྨོན་གྱི་དགའ་འབོད་བརྗོད་མི་ཚར་བ་ཞིག་བྱུང་སོང་། འདུ་ཁང་རེ་གཉིས་ལ་མཇལ་ཕྱག་ཕུལ་ཚར་ནས་ཕྱིར་ལོག་སྐབས་དཀོན་གཉེར་གྲྭ་བ་དེས“རྗེས་མ་ཡང་བསྐྱར་ཤོག་དང་། དབྱར་གཞུང་གི་སྐབས་སུ་ཁོར་ཡུག་སྐྱིད་པོ་ཡིན”ཟེར། ང་ཚོས་ཨ་ཁུ་གྲྭ་བ་ཤ་ཚ་ཅན་དེ་ལ་བཀའ་དྲིན་ལན་མང་ཞུས་ཏེ་གྱེས་བརྡ་བཏང་བ་ཡིན། 

ཕྱིར་ལམ་འདེད་པའི་ལམ་ལ་ཞུགས་རྗེས་ཐང་དཀར་དང་ངེད་གཉིས་ཀྱི་རྒུན་ཆང་རྫུན་མ་ཞིག་འཐུང་ནས་སྐྱིད་པོ་ཡོང་ཐུབ་བྱས་པ་ཡིན། རྒུན་ཆང་རྫུན་མ་དེའང་ཞིམ་པོ་ཞེ་དྲག་ཅིག་བྱུང་སོང་། ཧི་ཧི ད་རུང་བདུད་བྷེའི་རྡུང་ལེན། ཡ་ཏུང་གི་གླུ་གཞས། crowཡིས་ཨ་ལན་མེད་པར་མོ་ཊ་གཏོང་གིན་ཡོད། ཁོའི་སེམས་ལ་ཕངས་སེམས་ཤིག་ཡོད་པ་ནི་འོ་ཇ་ཞིམ་པོ་ཞིག་འཐུང་ཞོར་མོ་ཊ་གཏོང་མ་ཐུབ་པ་དེ་རེད། ང་ཚོསcrowཡིས་འོ་ཇ་འཐུང་རྒྱུ་དེ་གནས་མཇལ་རྗེས་མའི་སྐབས་ལ་གཏན་འཁེལ་བྱས་པ་ཡིན། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1