ལྷ་སའི་གཞུང་ཁོག་རིང་མོ།
སྨར་ཁམས་རིན་ཆེན་བཀྲ་ཤིས། ( གཞིས་ཀ་རྩེ ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
ལྷ་ས་ནི་རྨི་ལམ་ཞིག་ཡིན་ནམ། རྨི་ལམ་ལྟ་བུའི་དྲན་པ་རེ་རེ། ལྷ་སའི་གཞུང་ཁོག་ཏུ་ཡང་ཡང་འཐོར་སོང་། ལྷ་ས། ཞེན་ཆགས་ཀྱིས་གཏན་དུ་མ་བཏང་བའི་རྡོ་བའི་ཞིང་ཁམས་ཤིག མེས་པོ་ཚོའི་བཞུད་ལམ་འཚོལ་ཐེངས་རེར། ང་རང་རི་ཁའི་ཉག་གར་རྡེའུ་འབུམ་སྒྲིག་པའི་བྱིས་པ་ཞིག་ཏུ་གྱུར་སོང་།
ཉི་མ་ནུབ་པའི་ས་སྲོད་དེ་ནི་ཇི་འདྲའི་སྙིང་དུ་སྡུག་ཨང་། ཡིད་སེམས་ཀྱི་ཟབ་སར་ལྷག་པའི་ཉིན་མོ་དེ་བརྗེད་རྒྱུ་ཞིག་ཡེ་ནས་མི་འདུག དེ་ནི་གཏམ་རྒྱུད་ཅིག་ཡིན་པ་འདྲ་ནའང་། གཏམ་རྒྱུད་ཅིག་ཀྱང་མིན་པར་འདུག ཉིན་དེར་ངའི་གྲོགས་པོ་དང་ངེད་གཉིས་མོ་ཊ་ཆེ་བར་བསྡད་ནས་ཐད་ཀར་དཔལ་ལྡན་འབྲས་དཀར་སྤུངས་བར་ཕྱིན་པ་ཡིན། ངེད་གཉིས་ཀྱིས་ཚོང་ཁང་ཞིག་ནས་བསང་རྩི་དང་གསེར་སྐྱེམས། ལམ་བྲོ་སོགས་ཁ་ཚང་ཉོས་རྗེས་ཐད་ཀར་དགོན་པའི་ནང་ཕྱིན་ཅིང་། དགེ་འཕེལ་དབུ་རྩེ་སྙེག་པར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས། འབྲས་སྤུངས་ཚོགས་ཆེན་གྱི་སྒོ་མདུན་དུ་སླེབས་དུས། ལྷ་སའི་གཞུང་ཁོག་མིག་ལམ་དུ་ཡང་ཡང་མངོན་སོང་། དེ་ཡང་ལྷ་བསང་སྔོན་མོའི་བསང་དུད་ཀྱིས་སྤུད་ཅིང་། ཞོགས་པའི་ཉི་ཐིག་ཕྲ་མོས་ཀུན་ནས་བརྒྱན་པས་ཅི་ཞིག་གིས་ཟིལ་བ་ཁྲོམ་མེར། ལྷ་ས་ནི་དངོས་ནས་སྤྲིན་གྱི་རྒྱ་མཚོ་ཞིག་ཡིན་པའི་སྣང་བ་འགོག་མེད་དུ་སྐྱེས་ཤིང་། ཁ་པར་གྱི་པར་མིག་རྡེབ་མཚམས་ཁོ་ནས། ཁྱོད་ལ་མང་བོ་ཞིག་སྔོན་ནས་གསལ་བཤད་བྱས་ཟིན་པ་འདྲ།
དགོན་པའི་སྐོར་ལམ་དུ་འགྲོ་བའི་རྒན་པ་དག་གི་ངག་ལས་འགྲོ་ལམ་གསལ་བོར་དྲིས་ཤིང་། གཡོན་ཕྱོགས་ཀྱི་ལུང་བའི་རྐང་ལམ་བརྒྱུད་ནས་ཐད་ཀར་ལམ་དུ་ཆས། ལུང་བའི་ནང་གྱ་གྱུར་འབབ་པའི་ཆུ་ཕྲན་མང་དུ་སྣང་ཞིང་། རིའི་མགུལ་དུ་གནམ་ལ་ཟུག་པ་ལྟར་སྣང་ཞིང་། གཡུལ་དུ་ཆས་པ་ལྟ་བུའི་བྲག་རི་ཡང་མང་བོར་སྣང་། གྱུ་གྱུར་འབབ་པའི་ཆུ་ཕྲན་ཁ་ཤས་ཀྱི་སྟེང་དུ་མ་ཎི་འཁོར་ལོ་རེ་མཆིས་ཤིང་། ཆུ་ཡུན་གྱིས་བཞུར་བའི་ཚེ། མ་ཎི་འཁོར་ལོ་ཡང་ངང་གིས་འཁོར་གྱིན་འདུག ཆུ་འཁོར་ཁ་ཤས་ཤིག་གི་འཁོར་མཚམས་དར་གྱིས་ཁེགས་པར་གྱུར་བས། འཁོར་མཚམས་ཆད་ནས་ཏན་སེར་བསྡད་འདུག་མོད། དེ་མུར་དར་འཁྱགས་དག་བསལ་ནས་བཞག་པ་ན། མ་ཎི་འཁོར་ལོ་གཞན་པ་ནང་བཞིན་བར་མེད་དུ་འཁོར་བཞིན་འདུག་ཅིང་། ངེད་གཉིས་ལ་མོ་བརྒྱབ་ནས་ཚད་ངེས་ཅན་ཞིག་གི་མཚམས་ནས་ཕྱིར་བལྟས་པ་ན། ད་དུང་ཡང་འོད་ལམ་མེར་འཁོར་བཞིན་འདུག་པས། དབེན་འཇགས་ཀྱི་རི་ཀླུང་འདི་ཇི་འདྲའི་ཉམས་དགའ་བ་ལའང་སྙམ་བྱུང་། དཀར་ལམ་མེར་བཞུར་བའི་ཆུ་མགོ་ཕྲན་བུ་མང་བོ་རི་སྐེད་བར་དུ་མཚམས་མ་ཆད་པར་འདུག་པས། བདུད་རྩིའི་ཚུལ་དུ་ཡང་ཡང་བཏུང་ཞིང་ངལ་གསོའི་བདེ་བ་ཐོབ་ཚུལ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་ལྟར་ངེད་གཉིས་བདུད་རྩི་བཏུང་ཞོར་དང་། ག་ཞ་མོལ་ཞོར་རི་སྐེད་མཚམས་སུ་སླེབས་སོང་བས། ཐང་ཅུང་ཟད་ཆད་པའི་མོད་ལྷ་སའི་གཞུང་ཁོག་ཀུན་ཏུ་རྒྱང་ལྟ་བྱས་པ་ཡིན། རྐང་ལམ་འདི་ཡང་ཀྱག་ཀྱོག་དང་ལྡན་པ་ཁོ་ནར་སྣང་ཞིང་། འདི་འདྲའི་རྐང་ལམ་ཞིག་བཏོད་ཐུབ་པ་ཡང་ལས་སླ་མོ་མིན་པ་ཤེས་ཐུབ།
གཡོན་ཕྱོགས་ཀྱི་ལུང་བའི་ནང་ཡར་དཀྱོགས་ནས་རི་སྐེད་དུ་སླེབས་དུས། གནས་བྱིན་ཅན་དགེ་འཕེལ་རི་ཁྲོད་མིག་ལམ་དུ་མངོན་སོང་། གནས་འདི་རུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་སྐྱེས་བུ་མང་བོ་བཞུགས་མྱོང་བར་གྲགས་པས། མཐོང་ཐོས་ཀྱི་སྐལ་བའི་མངོན་དུ་གྱུར་བ་ནི་ཇི་འདྲའི་བསོད་ནམས་ལྡན་པ་ལའང་སྙམ་བྱུང་། བྲག་ངོས་ལེབ་མོ་རེ་ན་དྭངས་གསལ་ཆུ་ཕྲན་དག་ལེབ་ཞེང་གིས་ཆོད་དེ་བཞུར་ཡི་འདུག་པས། ཆུ་འགྲོ་བ་འདྲེན་པར་བསྙད་པ་འདི་མིན་ནམ་སྙམ་ཞིང་། རྩྭ་ཀླུ་བདུད་རྡོ་རྗེ་ཡང་གནས་འདིར་སྐྱེས་ཡོད་སྙམ་པའི་བྱིས་བློའི་ཀུན་ནས་ཁེངས་པར་གྱུར། མཐོང་བ་ཙམ་གྱིས་རི་ཁྲོད་ཟེར་བ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་མོད། དབྱར་ཁ་སླེབས་ཐེངས་ཤིག་ལ་གནས་འདིའི་མཛེས་ལྗོངས་མ་ལུས་ཉམས་སུ་མྱོང་ཐུབ་ན་ཅི་མ་རུང་སྙམ་པའི་ཧམ་སེམས་ཀྱིས་ཀུན་ནས་བརྟས། རི་ཁྲོད་དུ་གསར་བཞེངས་བྱས་པའི་ཁང་བ་འདི་དག་ཅི་ཞིག་ཡིན་མིན་མ་ཤེས་ཀྱང་། རྡོ་མཁར་ཞིག་རོ་དང་བཞུགས་ཁྲི་རྙིང་བ་འབའ་ཞིག་མཐོང་བས། བསམ་གཞིག་གི་རྨུ་ཐག་ཡུན་རིང་དུ་བསྲིངས་ནས་ལྷ་སའི་གཞུང་ཁོག་ཡང་ཡང་ཉུལ་སོང་། དྲན་གདུང་ཁོ་ན་མཚོན་བྱེད་ནི་རྡོ་མཁར་ཞིག་རོ་འདི་དག་ཡིན་པ་འདྲ། རྡོ་མཁར་ཞིག་རོ་འདི་དག་གིས་ང་རང་གནའ་བོའི་ཞིང་ཁམས་ཤིག་ཏུ་ཁྲིད་ནས། ཤེས་རབ་དང་བརྩོན་འགྲུས་ཆེ་བའི་མེས་པོ་དག་མིག་ལམ་དུ་འཆར་བར་བྱས་ཤིང་། ནུས་མེད་ཀྱི་ང་རང་གནས་འདིར་སླེབས་པར་ངོ་གནོང་དགོས་བྱུང་སོང་།
སེམས་པ་གང་ཞིག་གིས་ཡང་ཡང་དེད་མཐར། གཞི་ནས་དགེ་འཕེལ་དབུ་རྩེར་སླེབས་སོང་། དེ་དུས་ཕྱི་དྲོའི་ཆུ་ཚོད་ལྔ་བ་རེད་འདུག་ལ། སེར་ཧང་ཧང་གི་ཉི་མ་ཞིག་ལྷ་སའི་རི་ལུང་ཀུན་ལ་བར་མེད་དུ་འཕྲོས་འདུག གནས་འདིའི་མཐོ་ཚད་མཚོ་འཕངས་སྨི༥༠༤༠ཡིན་པས། ལམ་ཐག་རིང་བར་ཡང་ཁག་མི་འདུག་སྙམ། རི་རྩེ་འདིར་སྤང་ཐོ་ཅུང་ཟད་རེ་ཡང་མཆིས་ཤིང་། ཉི་མའི་ངོགས་སུ་སྤང་རྩྭ་དག་སེར་ལམ་མེར་ཡོད། བསིལ་རླུང་གྲང་མོ་རེ་ལྡང་བའི་ཚེ། ཡིད་སེམས་གང་ཞིག་གིས་འཁུར་ནས་རྒྱང་རིང་དུ་ལྷག་འགྲོ། རི་མགོར་རྡེའུ་འབུམ་ལྟ་བུའི་རྡོ་བརྩིགས་མང་བོ་མཆིས་ཤིང་། དེ་དག་སོ་སོ་ཡང་དར་ལྕོག་སྣ་ཚོགས་ཀྱི་དྲ་བས་སྦྲེལ་འདུག རི་བོའི་རྩེར་བུད་པ་ཙམ་གྱིས་ཆད་སྣང་ཡང་ཅུང་ཟད་དུངས་པ་འདྲ་ཞིང་། ཕྱོགས་ཀུན་ཏུ་རྒྱང་ལྟ་བྱས་ཚེ་ཡིད་སེམས་སུ་བདེ་བ་གང་ཞིག་ཐོབ་སོང་བ་དང་འདྲ་ཨང་།
རི་རྩེ་འདིར་ཨོང་བ་མང་བོ་བཏུ་རྒྱུ་འདུག་ཅིང་། ངེད་གཉིས་ཀྱིས་ཨོང་བ་འགྱིག་ཁུག་ཏུ་བཏུས་ནས་བསང་མེ་གསོ་བར་གྲ་སྒྲིག་བྱས་པ་ཡིན། ཨོང་བ་དག་བསང་ཁྲིའི་སྟེང་ཞིབ་བུར་སྤུངས་པ་ཡིན་མོད། རྫ་ཅུང་ཟད་མཐོ་བས་མེ་ཁ་འཛིན་རྒྱུ་ཡང་ལས་སླ་མོ་ཞིག་མིན་པར་འདུག ཨོང་བ་སྤུངས་པའི་འོག་ཏུ་རྩྭ་ཆག་སྒྲིག་ནས་མེ་བསྒོས་པས། མཚམས་ཤིག་ལ་དུ་བ་སྔོ་རྒྱང་ངེར་འཕྱུར་བྱུང་། སྐབས་འདིར་ངེད་གཉིས་ཀྱིས་ཡུལ་ལྗོངས་དག་རྒྱབ་ལྗོངས་བྱས་ནས་འདྲ་པར་གྲངས་མེད་ཅིག་བརྒྱབ་པ་ཡིན་ལ། བསང་ཁྲིའི་སྟེང་གི་མེ་ལྕེ་ཡང་ཅི་ཞིག་གི་ངང་དགུང་དུ་མཆེད་བྱུང་བས། ག་ལེར་ཤུག་པ་འདྲེས་མའི་བསང་རྩི་གཏོར་བཞིན། ཡུལ་སྲོལ་ཆོ་ག་ལྟར་གསེར་སྐྱེམས་མཆོད་ཅིང་། ཀི་བསྭོ་ལྷ་རྒྱལ་གྲངས་མེད་འཐེན་ཞོར། རང་ཉིད་ཀྱི་བསམ་འདུན་འབའ་ཞིག་ཡང་ཡང་བརྗོད་པ་ཡིན། སྐབས་འདིར་སེམས་ཁོང་དུ་ལུས་པའི་སྐད་ཆ་རྣམས་ཀྱང་ལྷ་སའི་གཞུང་ཁོག་རིང་མོར་བལྟས་ནས་བརྗོད་ཐུབ་སོང་བ་འདྲ་བས། འདི་ལས་ལྷག་པའི་བདེ་བ་ཞིག་གར་ཡང་མ་མཆིས། འདི་ལྟར་ཕྱོགས་བཞིར་བལྟས་པའི་མོད། ལྷ་སའི་མཐའ་འཁོར་དུ་ཡོད་པའི་གངས་རི་འབའ་ཞིག་མཐོང་ཡོང་ཞིང་། ལྷ་སའི་གཞུང་ཁོག་རིང་མོ་ནི་ལག་མཐིལ་དུ་བཞག་པ་དང་འདྲ། ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དུ་ཡོད་པའི་ཕོ་བྲང་པོ་ཏཱ་ལ་དང་། ལྕགས་པོ་རི་དང་། སྐྱིད་ཆུའི་ཕ་རོལ་གྱི་བུམ་པ་རི་དང་། ཚུར་རོལ་གྱི་སེ་ར་དབུ་རྩེ་སོགས་གསལ་བོར་མཐོང་ཡོང་། ལྷ་སའི་གཞུང་ཁོག་རིང་མོར་བལྟས་པའི་མོད། ངས་ཆུང་དུས་ཀྱི་ལོ་ཟླ་འབའ་ཞིག་དྲན་འོང་ཞིང་། ཆུང་དུས་རི་རྩེ་ནས་ཐག་རིང་ཡུལ་དུ་རྒྱང་ལྟ་བྱས་པར་བརྗེད་རྒྱུ་ཞིག་མི་འདུག རི་བོ་གན་གྱི་ཕ་རོལ་ཏུ་ཅི་ཞིག་ཡོད་དམ་སྙམ་པའི་དྭངས་གཙང་གི་སེམས་པའང་། ལོ་ཟླའི་འཕོ་འགྱུར་གྱི་ཀློང་དུ་ལག་ཆགས་འདུག་མོད། ང་ནི་སྔར་བཞིན་རི་བོའི་ཕ་རོལ་ལ་འཁྲེང་བའི་བྱིས་པ་ཞིག་ཏུ་གྱུར། ངའི་དྲན་པ་འདི་སྐྱིད་ཆུའི་རླབས་ཕྲེང་ལ་སིམ་པ་བཞིན། ལྷ་སའི་གཞུང་ཁོག་རིང་མོར་ཡང་ཡང་འཐོར་སོང་།
ལམ་བྲོ་འགྲངས་ཚད་ཅིག་ཟོས་རྗེས་ངེད་གཉིས་ཕྱིར་ལྡོག་པའི་སྟ་གོན་བྱས་ཤིང་། ས་སྲོད་ལ་ཉེ་བའི་སྐབས་འདིར་ནམ་ཟླ་ཧ་ཅང་འཁྱགས་པས། མཚམས་ཤིག་ནས་མེ་སྒོང་བརྒྱབ་སྟེ་ངལ་གསོས་ཤིང་། ལྷ་སའི་གཞུང་ཁོག་རིང་མོར་ཡང་ཡང་ལྟ་དགོས་བྱུང་སོང་། ལྷ་སའི་གཞུང་ཁོག་ཀུན་ཏུ་ཁང་བརྩེགས་མང་བོ་ཁྲ་ལམ་མེར་བདོག་པ་ནི་སེམས་ཁུར་ཞིག་ཡིན་ནམ། སེམས་ཁུར་ལྟ་བུ་ཞིག་གིས་ངའི་ཡིད་སེམས་སྐྱོ་ལྷང་ངེར་བཏང་ཞིང་། མོ་ཊ་དང་འདུ་འཛིས་ཁེངས་པའི་སུན་སྣང་མང་བོ་ཞིག་མཐོང་ན་མི་འདོད་པར་གྱུར། ཡིན་ཡང་དེ་དག་ཅི་ཞིག་ལ་འབྲེལ་བ་ཡོད་དམ། ཡིད་སེམས་སྐྱོ་བའི་རྦ་རླབས་འདིར་འཇགས་ཐབས་མེད་པ་ནང་བཞིན། ངེད་གཉིས་དགེ་འཕེལ་རིའི་གཡས་ཕྱོགས་ཀྱི་རི་རྒྱུད་གཟས་ནས་ཐུར་ལ་འབབ་མགོ་བརྩམས། གནའ་དེང་མའི་སྐྱས་ལམ་ལྟ་བུའི་རྐང་ལམ་དེད་ནས་ཕྱིན་མོད། ཇི་ཙམ་སོང་ཡང་ཡེ་ནས་ཐོན་རྒྱུ་ཞིག་མི་འདུག སྐབས་དེར་དགོང་དྲོའི་ཆུ་ཚོད་བདུན་པ་ཡས་མས་ཟིན་འདུག་ཅིང་། ནུབ་ཕྱོགས་ཀྱི་གནམ་མཐའི་མཚམས་སུ་དགུང་ཉི་མ་འགྱའ་ལ་ཁད་རེད། ཉི་མའི་འོད་ཟེར་ཕྲན་བུ་སེར་ཧང་ངེར་མིག་ལམ་དུ་འོད་ཀྲིག་ཀྲིག་བྱེད་ཅིང་། བློས་མི་ཐོངས་པའི་ཉི་ནུབ་འདིས་ཁོ་བོའི་སེམས་པ་ཤིན་ཏུ་འཁྱགས་པར་བྱས། རང་ཉིད་རྟག་ཏུ་ཉི་ནུབ་ལ་ལྟ་རྒྱུར་དགའ་བ་དང་། རི་བོའི་ཕ་རོལ་ཏུ་ནུབ་ལ་ཉེ་བའི་ཉི་ཟེར་གྱིས་རྒྱང་རིང་དུ་ལུས་པའི་ཆུང་དུས་ཀྱི་ལོ་ཟླ་དང་། ལུང་མཐིལ་སྐྱ་བོ་དེ་དག་དྲན་སོང་།
གཡས་ཕྱོགས་ཀྱི་རི་རྒྱུད་དེའི་ཕུ་ནས་གཤམ་དུ་བལྟས་ཚེ། ལྷ་ཀླུ་འདམ་ར་ཡང་གསལ་ལྷང་ངེར་མཆིས་ཤིང་། ལྷ་ཀླུ་འདམ་ར་ཁོ་ནས་ལྷ་སའི་ས་ཁྱོན་མང་བོ་ཞིག་ཟིན་ཡོད་པ་འདྲ་ཞིང་། ཉི་མ་སྔར་བཞིན་ནུབ་ཀྱིན་ཡོད་པས། དྲན་གདུང་གི་བརྙན་ཡོལ་ངོས་སུ་འཆར་ཡན་མང་བོ་ཞིག་བཅུས་པ་དང་འདྲ་བར། དྲན་པའི་སྒོ་གླེགས་ཡང་ཡང་རྡུང་བར་བྱེད། ས་རུབ་བཞིན་ཡོད་པས་ངེད་གཉིས་མུ་མཐུད་དུ་རྐང་ལམ་ལ་ཞུགས་པ་ཡིན། སྐབས་ཤིག་ཁ་པར་གྱི་གློག་ཟད་ཀྱིན་འདུག་ཅིང་། རྐང་ལམ་དུ་གློག་མ་བཀར་བར་སོང་བས། མཐར་རྐང་ལམ་བོར་ནས་ལམ་ནོར་ཐེབས་སོང་། སྐབས་འདིར་ལྷ་སའི་གཞུང་ཁོག་རིང་མོར་ལྟ་དུས་གློག་འོད་སྣ་ཚོགས་ཀྱི་ཞིང་ཁམས་ཤིག་གིས་གྲུབ་འདུག་ལ། སེམས་ཁུར་གང་ཞིག་གི་དབང་གིས་ཡིད་སེམས་སྔར་ལས་ཀྱང་དངངས་འཚབ་ཀྱིས་ཁེངས། ངེད་གཉིས་གནས་ཚང་མ་རྙེད་པའི་འཁྱམས་པོ་བཞིན་འབྲས་སྤུངས་དགོན་པའི་ཕྱོགས་ཀྱི་རི་སྐེད་ཅིག་ནས་ཡིད་ཚོད་ཀྱིས་མར་བབས་མོད། མར་ཐོན་དུས་བྲག་འགག་མཐའ་ཁ་རིང་མོ་ཞིག་ཡིན་པར་འདུག དེ་ལྟར་བསྐོར་ནས་སོང་བའི་མོད་བྲག་འགག་དང་དོང་ཟབ་ལྟ་བུ་དང་། མཐའ་ཁ་མང་བོ་ཞིག་གིས་འགྲོ་ལམ་ཁེགས་པར་བྱས་ཤིང་། ཚེར་ཕུང་ལྟ་བུའི་ནགས་ཕྲན་གྱིས་རྟག་ཏུ་ལུས་ལ་ཟུག་རྔུ་སྐྱེད་པར་བྱས། མཐར་ངེད་གཉིས་བློ་གཅིག་སེམས་གཅིག་གིས་གྲོག་མོ་ལྟ་བུའི་འགག་འཕྲང་དེ་བརྒྱུད་ནས་ཐད་ཀར་དུ་མར་བབས། མཚམས་ཤིག་ལ་ངེད་གཉིས་བྲག་ཐོ་ཆེན་པོ་ཞིག་གི་མཐའ་ཁ་ནས་མར་འབབ་དུས། ང་ཡུན་གྱིས་མར་ལྡང་བ་ཡིན་མོད། གཤམ་དུ་ཐོག་ས་ཅི་ཡང་མེད་པས་འདྲེད་བརྡར་ཤོར་ཏེ། ངའི་མགོ་བོའི་ཕྱི་ལྟེག་བྲག་རྩ་ཞིག་ལ་བརྒྱབ། ཡུན་རིང་ཤུད་ནས་བྲག་རྩར་བརྒྱབ་པ་དང་སྟབས་འགྲིག་པས་སྐྱོན་ཅི་ཡང་མ་བྱུང་ནའང་། ངས་གྲོགས་པོ་ལ་སྐྲག་སྣང་ཆེན་པོ་ཞིག་བསྐུར་འདུག སོ་སོར་སྐྱོན་ཅི་ཡང་མེད་པ་ཚོར་བས། ངེད་གཉིས་གད་མོ་ཤོར་ཞོར་མུ་མཐུད་དུ་ལམ་ལ་ཆས། མཚམས་ཤིག་ནས་གྲོག་མོའི་ནང་དུ་བཞུར་བའི་ཆུ་ཕྲན་ཞིག་ལ་འཕྲད་པས། སྐོམ་གདུང་སེལ་བར་བྱས་ནས་ངལ་ཀྱང་གསོས་པ་ཡིན། ད་ནི་གཞི་ནས་བྲག་འགག་དེ་དག་ལས་ཐར་སོང་བ་ཡིན་བསམས་མོད། མུ་རུ་སོང་བའི་མོད་བྲག་འགག་དེ་ལྟ་བུ་མང་བོ་ཞིག་གིས་ལམ་བཀག་འདུག་པས། དཀའ་ཚེགས་སྔར་བཞིན་མྱོང་དགོས་བྱུང་སོང་། སྐབས་ཤིག་ངེད་གཉིས་བྲག་འགག་མཐོན་པོ་ཞིག་ལས་མཆོང་དགོས་པར་གྱུར་བས། དེ་གཞོལ་ནས་ཐད་ཀར་དགོན་པའི་གྲོག་མོའི་ཁར་འགོས་ནས་སོང་དུས། གཞི་ནས་ལམ་ཕྲན་ཞིག་རྙེད་བྱུང་ལ། རི་གཤམ་དུ་འབྱོར་ཟིན་པ་ཡང་གཞི་ནས་ཚོར། ལམ་ཕྲན་དེ་ག་རྙེད་པས་ད་གཟོད་སེམས་པ་བདེ་ལ་བབས་ཤིང་། འབྲས་སྤུངས་དགོན་པའི་སྒོ་མདུན་ནས་མོ་ཊ་ཆུང་བ་ཞིག་བཀག་ཚུལ་གྱིས། ངེད་གཉིས་གློག་འོད་ཀྱིས་ཁེངས་པའི་ལྷ་སའི་གཞུང་ཁོག་རིང་མོར་སླེབས་སོང་།
ལྷ་སའི་གཞུང་ཁོག་རིང་མོ། སུ་ཞིག་གི་ཞེན་ཆགས་ཀྱི་རྨི་ལམ་འཐོར་ས། གཙང་བོ་ལྟ་བུའི་དྲན་པ་རེ་རེ་ལྷ་སའི་གཞུང་ཁོག་ན་ཡོད་འདུག གཏམ་རྒྱུད་ལྟ་བུའི་ལོ་ཟླ་འདི་དག་དྲན་པའི་རྨི་ལམ་ཞིག་ཡིན་ནམ། དགེ་འཕེལ་དབུ་རྩེར་སྙེག་པའི་ཚུལ་གྱིས་ཡིད་སེམས་ལ་བསུབས་ཐབས་བྲལ་བའི་ལྷ་སའི་ས་ཁྲ་ཞིག་བྲིས་བྱུང་། དེ་ནི་དྲན་གདུང་ཞིག་ཡིན་ཀྱང་སྲིད་མོད། ལྷ་སའི་གཞུང་ཁོག་རིང་མོས་བཅུས་པའི་འཁྲེང་སེམས་འདི། ལྷ་སའི་ཉི་ནུབ་ཇི་བཞིན་བློས་མི་ཐོངས་པར་འདུག ནམ་ཞིག་གི་ཚེ་ང་རང་ལྷ་སར་འབྲལ་དགོས་དུས། ངས་ལྷ་སའི་གཞུང་ཁོག་རིང་མོ་ཡང་ཡང་དྲན་ངེས། ཉི་མ་ལྷ་ས་ནི། ངའི་རྨི་ལམ་དུ་འཕོས་པའི་ལྕགས་མཁར་སྒོ་མེད་ཅིག་ཡིན་ནའང་། ངའི་སེམས་པ་སྐྱོ་གདུང་གིས་གཟིར་ཐེངས་རེར། ངས་ལྷ་སའི་གཞུང་ཁོག་ལ་བལྟས་ནས་ཁེར་ཧྲེང་གི་སྣ་གླུ་ཡང་ཡང་བཏང་། ལྷ་སའི་གཞུང་ཁོག་རིང་མོས་དྲན་གདུང་ཞིག་བསྣམས་ནས་ཡོང་གིན་འདུག དེ་ནི་དགེ་འཕེལ་རི་རྩེ་ནས་མར་འབབ་དུས་ཀྱི་ཉི་མ་ནུབ་པའི་ས་སྲོད་བཞིན། ང་ཡི་རྣམ་རྟོག་གི་གཙང་བོའི་མཐའ་རུ་དུངས་ཞེན་ལྷག་མ་ཞིག་ཡོད་ཨང་། གལ་སྲིད་ལྷ་སའི་གཞུང་ཁོག་རིང་མོ་ནི་རྨི་ལམ་ཞིག་ཡིན་ཚེ། ངས་རྨི་ལམ་འདི་ཡང་ཡང་རྨི་འདོད། ངའི་བྱིས་དུས་ཀྱི་དྲན་པ་ལྟ་བུའི་ལྷ་སའི་གཞུང་ཁོག་རིང་མོ་ཨང་། དྲན་འཛིན་གྱི་རྩིག་ལྡེབས་ངོས་སུ་གཏན་དུ་བསུབས་ཐུབ་བྲལ་བའི་ཁྱོད། ལྷ་སའི་གཞུང་ཁོག་རིང་མོ། རྨི་ལམ་གྱིས་བསླེས་པའི་རི་ལུང་ཞིག ལྷ་སའི་གཞུང་ཁོག་རིང་མོ། བུ་ངའི་གཏན་གྱི་རྣམ་ཤེས་འཁོར་ས།
༢༠༡༩.༤.༡༧ཉིན་སྐྱིད་ཤོད་ནས་བྲིས་ཚར།