རྨི་ལམ་ནང་གི་ཕ་ཡུལ།
ཁྲོམ་ཐར་པདྨ་འཕྲིན་ལས། ( ཟི་ལིང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
བླ་ཡི་བརྟེན་ས་རི་བོ་སྨུག་པོ།།
ཚེ་ཡི་གཟུངས་ཐག་ཁྲོམ་ཆུ་ལུ་མ།།
སྣང་བའི་རྩེད་ར་འཇའ་སྤྲིན་གུར་ཁང་།།
གཞོན་པའི་དགོད་ཡ་ལུ་གུའི་མེ་ཏོག།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
སྤྲིན་པ་དཀར་ལུའི་ལྭ་ཐོད་ཅན་པོ།།
ལྗོན་ཤིང་གཡུ་ལོའི་སྟོད་གཡོག་ཅན་པོ།།
བཞུར་ཡག་གཙང་ཆུའི་སྐ་རགས་ཅན་པོ།།
ནེའུ་གསེང་སྤང་གི་ལྷམ་ཆུང་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
ཁ་སྟོད་སྤང་ལྗོངས་ནེམ་ཤ་ཅན་པོ།།
སེར་ཆེན་སེར་ཆུང་འདབ་བརྒྱད་ཅན་པོ།།
རྐང་དྲུག་གླུ་དབྱངས་དར་དིར་ཅན་པོ།།
རྩྭ་རྩི་སྤོས་ཀྱི་དྲི་བསུང་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
ཁ་སྨད་ལྷ་ཤིང་ལྗོན་ཚལ་ཅན་པོ།།
བྱ་བྱེའུ་མ་བུའི་སྐས་གདང་ཅན་པོ།།
གཅན་གཟན་སྡེར་མོའི་འཐབ་ར་ཅན་པོ།།
སྤྲ་དང་སྤྲེའུའི་རྩེ་ར་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྫ་དང་སུ་རུའི་གོང་ཁ་ཅན་པོ།།
ཉིན་སྲིབ་ཁྱུང་འབྲུག་ཁ་སྦྱོར་ཅན་པོ།།
ཤྭ་དང་དགོ་བའི་བྲོ་ར་ཅན་པོ།།
རྐྱང་དང་འབྲོང་གི་གཤར་ལམ་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྩེ་ན་རླུང་རྟའི་མཆོག་དར་ཅན་པོ།།
ཕུ་ན་ལྷ་ཁང་གསེར་ཏོག་ཅན་པོ།།
བར་ན་མ་ཎི་རྡེའུ་འབུམ་ཅན་པོ།།
མདའ་ན་བདེ་གཤེགས་མཆོད་རྟེན་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
ཕུགས་ན་མཆོད་མེ་ཚེ་འབར་ཅན་པོ།།
ཏིང་འཕགས་ཆོས་ཀྱི་གླེགས་བམ་ཅན་པོ།།
སྒོ་ན་སྒྲོལ་མའི་དར་ལྕོག་ཅན་པོ།།
ནང་ན་སྒྱེད་པུ་འཁྱིལ་རིས་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
མེས་པོ་ཉི་ཟླའི་དཔྲལ་བ་ཅན་པོ།།
ཕ་ཁུ་སྐར་མའི་རྣ་ཚར་ཅན་པོ།།
དཔའ་བོ་སྤྲིན་པའི་ཐོད་དཀྲིས་ཅན་པོ།།
མཛངས་མི་གངས་རིའི་གཙུག་ཏོར་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྒྱུད་པ་ལྷ་ཡི་གདུང་རིགས་ཅན་པོ།།
རུས་པ་བཙན་པོའི་རྨུ་ཐག་ཅན་པོ།།
མི་གཤིས་བལ་ཐིག་ལྷོད་ཤ་ཅན་པོ།།
སེམས་པ་བལ་དཀར་ལྷ་རེག་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྒྱུ་འབྲས་ཕྱི་མའི་ལམ་བྱང་ཅན་པོ།།
སྙིང་རྗེ་འཚོ་བའི་ཁ་དོག་ཅན་པོ།།
དད་སེམས་ཚེ་ཡི་ཁ་ཡིག་ཅན་པོ།།
འགྲོ་དྲུག་ཞི་བདེའི་སྨོན་ལམ་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
ལྷུན་ཆགས་ཀ་ཁའི་གདངས་རིས་ཅན་པོ།།
གླུ་གར་དྲི་ཟའི་སྟངས་སྟབས་ཅན་པོ།།
སྒྲུང་དང་གནའ་གཏམ་ངག་བྱང་ཅན་པོ།།
བྱང་ཐང་བློ་ཡི་ཁོད་རྒྱ་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
འབྲོག་ཐང་ནམ་མཁའི་ཕང་བ་ཅན་པོ།།
འབྲོག་མི་བྱམས་སེམས་གའུ་ཅན་པོ།།
འབྲོག་སྐད་རྫ་ཆུའི་བཞུར་དབྱངས་ཅན་པོ།།
འབྲོག་ཟས་ཤ་མར་སྣུམ་བཅུད་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
མགོ་སྦྲ་སྨུག་ལིང་སྒོ་དར་ཅན་པོ།།
བལ་སྟན་གྲུ་བཞི་ཁ་ཆུ་ཅན་པོ།།
ཕྱིང་དཀར་ལྭ་བ་གོང་ཤན་ཅན་པོ།།
ལྷམ་ཆུང་སྣམ་ཕྲུག་ཚོན་ཁ་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྫི་བོ་གོས་ལྷམ་ཞྭ་འགྲིག་ཅན་པོ།།
འུར་ཆ་ཆུ་མིག་དགུ་རིས་ཅན་པོ།།
གནའ་གཏམ་སྲིད་པ་ཆགས་རིམ་ཅན་པོ།།
དམངས་གླུ་དགུ་སེང་དྲུག་འགྱུར་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རྟ་ཕོ་རླུང་གི་བང་འགྲོས་ཅན་པོ།།
འབྲི་མོ་སྤྲི་དཀར་འོ་མ་ཅན་པོ།།
ལུག་ཆུང་སྤྲིན་དཀར་བལ་ཁ་ཅན་པོ།།
ཕྱུགས་རྫི་ཁུ་བྱུག་མགྲིན་པ་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
ཨ་མྱེས་ཙནྡན་ཕྲེང་ལེབ་ཅན་པོ།།
ཨ་ཕ་འདོ་བ་སྒ་འགྲིག་ཅན་པོ།།
ཨ་མ་གསོམ་དཀར་བཞོ་ཟེའུ་ཅན་པོ།།
བུ་ཆུང་ཐེ་གེ་རྩེད་ཆས་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
རིན་ཆེན་གཏེར་གྱི་ནང་ནོམ་ཅན་པོ།།
རང་བྱུང་ས་ཡི་གཞིས་ཀ་ཅན་པོ།།
གཡང་ར་སྒོ་བཞིའི་སྲུང་མ་ཅན་པོ།།
ཛམ་བྷ་ལྷ་ཡི་ནོར་བདག་ཅན་པོ།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།
བྱིས་པའི་རྩེད་ར་གཞོན་པས་བརྗེད་པ།།
གཞོན་པའི་སྣང་བ་དར་མས་བསྐྱུར་བ།།
འཚོ་བའི་ཁ་དོག་གཅིག་བརྗེ་གཉིས་འགྱུར།།
ཡང་ཡང་རྨིས་པའི་ང་ཡི་སྣོད་བཅུད།།
རྨི་ལམ་ནང་གི་ཕ་ས་ཕ་ཡུལ།།