གཅིག
ང་ཁྱོད་ལ་དགའ།
ད་དུང་ཡང་སྔོན་མ་ནང་བཞིན་ཁྱོད་ལ་དགའ།
མཚམས་ལ་རེར་སྔོན་མ་ལས་ཀྱང་ལྡབ་འགྱུར་གྱིས་དགའ་བར་སྣང་།
དེ་ནི་ཁྱོད་ལ་གཞན་ལས་ལྷག་པའི་མཛེས་པ་ཞིག་ཡོད་པས་མ་ཡིན་ལ།
གཞན་ལས་ལྷག་པའི་དགེ་མཚན་ཞིག་ཡོད་པས་ཀྱང་མ་ཡིན་པར།
ཁྱོད་རང་ངའི་ཤ་རུས་ཁྲག་གསུམ་དང་།
གློ་སྙིང་མཆིན་གསུམ་གྱི་གཏིང་ལ་ཟུག་ཡོད་པས་ཡིན།
བག་ཆགས་ཀྱི་གཏིང་རིམ་ན་འོད་ཀྱིས་འཚེར་བཞིན་པས་ཡིན།
དྲོད་ཀྱིས་མཆེད་བཞིན་པས་ཡིན།
འོད་དང་དྲོད་ཀྱི་ངོ་བོར་བསྟིམས་པའི་འུ་ཅག་གི་ལྷད་མེད་པའི་བརྩེ་བ་དེའི་དབང་གིས་ཡིན།
བརྩེ་བ་དེས།
མིག་ཟུང་བཙུམས་ཀྱང་མཐོང་ལམ་དུ་མངོན་པ་ཁྱོད་ཡིན་ལ།
རྣ་བ་བཀབ་ཀྱང་ཐོས་ལམ་དུ་གྲགས་ཡོང་བ་ཁྱོད་ཡིན།
ཁྱོད་ཀྱི་གཟུགས་རིས་དང་ལང་ཚོ།
ཁྱོད་ཀྱི་བྱ་བྱེད་དང་བརྩེ་འཛུམ།
ཉིན་མོའི་དྲན་ཀློང་ན་འཁོར།
མཚན་མོའི་རྨི་ལམ་ན་རྒྱུ།
གལ་ཏེ། རྨི་ལམ་ནི་མངོན་འགྱུར་དཀའ་བའི་ལྷ་སྒྲུང་དེ་ཡིན་ན།
ཁྱོད་ནི་ངའི་ལྷ་སྒྲུང་ལྟ་བུའི་རྨི་ལམ་ལ་འཁོར་བའི་ཉི་མ་དང་ཟླ་བ་ཡིན་ངེས།
ཉི་ཟླ་ནི་འཇིག་རྟེན་གྱི་སྒྲོན་མེ་ཡིན་པ་ཇི་བཞིན།
ཁྱོད་ཀྱང་ངའི་ཁེར་རྐྱང་གི་སྨག་ནག་རྒྱང་ལ་སྐྲོད་པའི་འོད་ཀོར་དེ་ཡིན།
དེ་བས་ང་རང་ཁྱོད་ལ་དགའ་ཆོག་པར་ཞུ།
ད་དུང་ཡང་སྔོན་མ་ནང་བཞིན་དགའ་ཆོག་པར་ཞུ།
གཉིས།
དྲན་པ་ཡོད་ཚད་ནང་དུ་ཕྱོགས་ནས།
བསམ་གཞིག་གི་མདུད་རྒྱ་ཤེད་ཀྱིས་འགྲོལ་དུས།
ངའི་ལང་ཚོ་དང་ཞེན་ཆགས་མ་ལུས།
ངེས་དོན་གྱིས་ཁྱོད་ལ་དགའ་བ་ནས་འགོ་ཚུགས་ཤིང་།
ངེས་དོན་གྱིས་ཁྱོད་རང་དྲན་པའི་ཁྲོད་ནས་བསྐྱལ་ཡོང་།
དེ་ནི་ཇི་འདྲའི་ཡིད་འོང་གི་བྱུང་བ་ཞིག
དེ་ནི་ཇི་འདྲའི་དྭངས་གཙང་གི་སེམས་འགྱུ་ཞིག
དེ་བས་ང་རང་ཁྱོད་ལ་དགའ་ཆོག་པར་ཞུ།
བདེན་པས་མཛེས་པ་མཐོང་ཞིང་།
མཛེས་པས་བདེ་བ་རྙེད་ཡོང་བས།
ང་རང་སྔོན་མ་ནང་བཞིན་ཁྱོད་ལ་དགའ་ཆོག་པར་ཞུ།
གསུམ།
ང་ལ་རང་ཉིད་ཀྱི་བཟོ་གྲྭ་དང་སྤྱི་གཉེར་ཁང་།
འཇེབ་འཁོར་དང་གཞིས་ཀ་སོགས།
རྒྱས་སྤྲས་ཀྱི་ལོངས་སྤྱོད་ཅིག་ལྟ་ཞོག
ཐ་ན་མ་མཐའི་འཚོ་རྟེན་ཙམ་ཡང་འཁྱོང་བའི་ཁག་ཐེག་མེད་ཀྱང་།
ང་ཁྱོད་ལ་དགའ་ཆོག་པར་ཞུ།
ང་ལ་གནས་ལུགས་དང་རྒྱུ་མཚན་རྟོགས་པའི།
བསྟན་བཅོས་དང་གཞུང་ལུགས་རྩོམ་པའི།
ཡོན་ཏན་པ་དང་མཁས་པ་སོགས་ཀྱི་མཚན་ཐོབ་གང་ཡང་མེད་ཀྱང་།
ང་ད་དུང་ཁྱོད་ལ་དགའ་ཆོག་པར་ཞུ།
ང་རང་མང་པོས་ངོ་སོ་འཚོ་ཞིང་མང་པོར་ཁ་ལོ་བྱེད་ཆོག་པའི།
རིམ་གཅིག་དཔོན་དང་རིམ་གཉིས་དཔོན།
རིམ་པ་ཆེ་ཆུང་གི་དཔོན་མིང་ཞིག་དང་ཡང་འབྲེལ་བ་ཡེ་ནས་མེད་ཀྱང་།
ང་སྔར་བཞིན་ཁྱོད་ལ་དགའ་ཆོག་པར་ཞུ།
བཞི།
སྣང་སྲིད་དུ།
འུ་གཉིས་འཇིག་རྟེན་མི་འདྲ་བ་ནས་ཐོན་པའི་དབུགས་ཐོགས་བཞིན།
རིགས་རུས་དང་མཆེད་ཁུངས།
རྣམ་དཔྱོད་དང་བློ་སྦྱོང་།
ལས་ཐོབ་དང་སྙན་གྲགས།
བགྲང་མི་ཚར་བའི་ཧེ་བག་སྟོང་གིས་ཆོད་ཀྱང་།
ང་སྔར་བཞིན་ཁྱོད་ལ་དགའ་ཆོག་པར་ཞུ།
ངས་འདོད་ཀྱིན་པ་འདི་དག་གང་ཡང་མ་ཡིན་པས།
ང་ཁྱོད་ལ་དགའ་དོན་ཁྱོད་ཀྱི་ཚབ་མཚོན་དུ་རུང་བ་ཁྱོད་ལས་མ་ཡོད་པས་ཡིན།
ང་ཁྱོད་ལ་དགའ་དོན་སེམས་པའི་སྒྲོམ་བུར་ཉར་རུང་བ་ཁྱོད་ལས་མ་ཡོད་པས་ཡིན།
ང་ཁྱོད་ལ་དགའ་བ་ལྟར་ཁྱོད་ང་ལ་དགའ་བ་མེད་ཀྱང་།
ངས་ཁྱོད་རང་དྲན་པ་བཞིན་ཁྱོད་ཀྱིས་ང་རང་དྲན་མྱོང་མེད་ཀྱང་།
ཐ་ན་ཆེས་སྤྱིར་བཏང་གི་ཚོར་བ་ཙམ་ཡང་བརྗོད་པར་དཀའ་ཡང་།
ང་ད་དུང་ཁྱོད་ལ་དགའ་ཆོག་པར་ཞུ།
ང་མ་ཤི་བར་དུ་ཁྱོད་ལ་དགའ་ཆོག་པར་ཞུ།
གལ་ཏེ་ཤི་སོང་ཡང་།
རྣམ་ཤེས་ད་དུང་འཁྱམ་དགོས་ཡོད་ཚེ།
རྣམ་ཤེས་འདིའང་ཁྱོད་ལ་དགའ་ཆོག་པར་ཞུ།
རི་རྒྱལ་ཁེམ་གྱིས་སྙོམ་དགོས་བྱུང་ཡང་།
རྒྱ་མཚོ་ཐོམ་གྱིས་བཅུ་དགོས་བྱུང་ཡང་།
རྣམ་ཤེས་འདིས་དགའ་བ་འདི་ཁྱེར་ནས།
ཡང་བསྐྱར་ཁྱོད་ཀྱི་གམ་དུ་བཅར་ཐུབ་པར་ཤོག
༢༠༡༩.༣.༡༩
དེ་སྐད་ཅེས་སེམས་མོལ་གསོལ་བའི་ལན་དུ།།
རྒྱ་མཚོ་ཡིས་གངས་ཅན་ལག་པར་འཐམས་ཏེ།།
གངས་ཅན་ཡ་གངས་ཅན་ཁ་བའི་རྡུལ་བརྩེགས།།
འཇིག་རྟེན་འདིར་ཁྱེད་ཉིད་རླབས་ཆེན་ཡིན་ནོ།།
དཔའ་རྟུལ་བཞིན་ཉིན་མཚན་ལྟོས་པ་མེད་པར།།
ས་སྒང་གི་རྒྱ་ཕིབས་སྲུང་སྐྱོང་ཁྱེད་བྱས།།
འཆི་མེད་ཀྱི་བདུད་རྩི་སྨན་ཆབ་བསགས་ནས།།
གཙང་ཆུ་ལ་མགོ་ཁུངས་བསྐྲུན་འདིར་སུས་བསྒྲུན།།
རྒྱ་མཚོ་ངའི་ལུས་ལ་སྟོབས་ཤུགས་བསྩལ་ཡོད།།
སེམས་རྒྱ་དང་བྲང་ཁོག་ཡངས་པར་བསྐྱེད་སོང་།།
ཁྱད་པར་དུ་གསར་གཏོད་རིག་གནས་བཅུ་ལས།།
དམུ་རྒོད་ཀྱི་མི་རིགས་བྱམས་བརྩེས་སྣུམ་ཡོད།།
སྙིང་རྗེ་དང་ཤེས་རབ་འོད་ཀྱིས་འཁྱུད་སོང་།།
གེ་སར་གྱི་བཙན་འདུལ་གཉོམ་སྐྱོང་སྒྲུང་གིས།།
འཇིག་རྟེན་གྱི་ཡིད་ལྡན་སྐྱེ་བོའི་སེམས་ལ།།
ཞི་བདེ་ཡི་གཏམ་སྙན་རོལ་དབྱངས་བསྐྱིལ་འདུག།
དེ་ལྟར་དུ་གཏམ་ལན་སྤྲད་དང་ཆབས་ཅིག།
གངས་ཅན་ཡ་གངས་ཅན་ཁ་བའི་རྡུལ་བརྩེགས།
ང་ཚོ་ཡིས་ལག་རྡང་དམ་དུ་སྦྲེལ་ནས།།
དུས་གསར་གྱི་གཟི་འོད་སྟོང་ལྡན་བསྐྲུན་ཟེར།།
( གདུགས་དཀར་སྐྱབས་ཀྱིས་བསྒྱུར )