སྒྱུ་མའི་གྲོང་ཚོ།
ཀོའུ་སྡེ་སྐལ་བཟང་སྦྱིན་པ། ( མཚོ་བྱང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
མི་སེམས་རླུང་བལ་གཡོ་བའི་རིས།།
འཛིན་མེད་ཁ་ལོ་བྲལ་བ་གང་།།
དགའ་སྡུག་དྲང་ངེས་འཁྱོག་པོའི་གཞུར།།
མི་ཚེ་ཉག་ཕྲན་ལེགས་སྤྲད་པར།།
དུངས་སྣང་ལག་ཟུང་བཟེད་པའི་སྣོད།།
རིན་བྲལ་དགོས་འདོད་ནོར་གྱི་གྲངས།།
དལ་རྟེན་སྙིང་བོ་གཏན་དབེན་པར།།
ཉམ་ངའི་གཡང་སར་ཞེན་ཆགས་ཀྱིས།།
གདོང་ལ་འཛུམ་གྱིས་ཡོངས་བཏང་བས།།
རེ་བའི་ཐོབ་ནོར་བོར་ཟིན་པར།།
སེར་སྣས་བཟུང་བའི་སྤར་མོའི་ཁྱིམ།།
རྣག་ཁྲག་ཟས་ཀྱི་ཕྲ་རགས་རྡུལ།།
གྲུང་བོའི་རྣམ་འགྱུར་ལེགས་སྤེད་པར།།
ཤེས་མེད་བརྟུལ་ཞུགས་བསྒྱུར་བའི་རྩལ།།
མངོན་སུམ་ཚད་མའི་བརྡ་རེ་རེ།།
སྐྱེས་བུ་ཆེན་པོ་ལ་རངས་པ།།
ཟས་ཀྱི་དང་ག་འགགས་པའི་ཉེན།།
གསོ་བྱེད་མཁས་པ་ལ་བསྟེན་པ།།
ཐེ་ཚོམ་བ་སྤུ་འགུལ་བའི་གྲོང་།།
བདུད་རྩིའི་སྦྱོར་བ་འཁྲུལ་མེད་པས།།
ཚངས་ཐིག་བློ་གྲོས་ལ་གནོད་པ།།
རྫུན་གྱི་སོག་མ་སྤུན་པའི་ཕོན།།
མིག་ལ་སྣང་བའི་དྲི་ཟའི་གྲོང་།།
སྒྱུ་མའི་རྫས་ཀྱིས་ལེགས་བསླད་པས།།
རབ་རིབ་ཚོར་སྣང་བྲིན་པའི་ཁྲོམ།།
ཕྱག་རྒྱའི་འཕྲུལ་གྱིས་ཉེར་བཅིངས་པ།།
གཡོ་སྒྱུའི་གདུག་རྩུབ་ནག་པོ་ལ།།
རྨོངས་པ་བཀུར་སྟི་ལ་འབྱམས་སྐད།།
བརྒྱ་ཕྲག་ནད་ཀྱིས་ཟིན་པའི་ངོ་།།
རུས་རྐང་ལ་ཟུག་གདོན་གྱི་གྲངས།།
རྣམ་རྟོག་རྩ་རླུང་གང་རྒྱུ་བ།།
ཕལ་བའི་འཕྲུལ་སྣང་འགྲན་པའི་ཤུགས།།
སྙིང་ལ་བག་ཆགས་ཟབ་པའི་ཤུལ།།
ནོར་སྐྱོང་རྒན་པོ་ལས་རགས་པར།།
ལུས་ངག་འཆིང་བ་གཅོད་པའི་མཚོན།།
ཤེས་རབ་ཐབས་ཀྱི་མན་ངག་གིས།།
རབ་འབྱམས་གཞུང་ལུགས་གོམས་པའི་བློ།།
བླང་དོར་ལས་བསྟན་ཡང་དག་ལམ།།
ཚེ་གཅིག་ཉམས་ལེན་གནད་སྨིན་པར།།
རང་རྒྱུད་རྟོགས་པ་མཆོག་གང་ཞིག།