ངའི་ཀློག་གི་དགེ་རྒན།

ཀླུ་འབུམ་ཚེ་རིང་།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


༡༩༩༦ལོའི་ཟླ་དགུ་བར།“ཁབ་ལུང་མདོ”རུ་སློབ་གྲྭ་ཞིག་བཏབ་བྱུང་། ས་དེ་ཅུང་ཁོད་ཡངས་པའི་བདེ་ཐང་ཞིག་ཡིན། རྒྱབ་རི་ཤུག་པས་གཡོགས་ཤིང་མདུན་དུ་ཀླུ་ཆུ་སྔོན་མོ་རྔམ་སྟབས་ཀྱི་བཞུར་བཞིན་ཡོད་པས་སྣོད་བཅུད་ལ་སྣུམ་ཞགས་བསྩལ་ཡོད། སྟེས་དབང་གིས་ང་སློབ་ལོ་རན་པ་དང་སློབ་ཆུང་གསར་དུ་བཏབ་པ་གཉིས་དུས་གཅིག་ཏུ་འཁེལ། 

སྐབས་དེར་ཁྱིམ་ཚང་ཕྱུག་པོ་དང་ཕ་མ་བཀོད་པ་ཅན་ཡིན་ན། ཞང་སྲིད་གཞུང་ལ་ཡར་ཞུ་བྱས་ནས་བུ་ཕྲུག་རང་གི་རྩིབ་ལ་ལངས་ཏེ་རྫི་བོ་བྱེད་དུ་བཅུག ངེད་ཚང་ཕྱུག་པོ་མིན་ལ་ཕ་མ་ཁ་བཀོད་པ་ཅན་ཡང་མིན་པས་རྐྱེན་ངན་གྲོགས་སུ་ཤར་ཏེ་སློབ་གསོ་མྱོང་བའི་བསྐལ་བ་ལྡན་པར་གྱུར། 

སྐྲ་ལོ་ཅུང་ཐུང་ཞིང་ནང་དུ་སྐྲ་དཀར་མང་བོ་འདྲེས་པས་བལྟས་ཚོད་ཀྱི་དགུང་གྲངས་མཐོ་བའི་སྣང་བ་སྟེར་རུང་དགུང་གྲངས་དང་སྐྲ་ལོ་གཉིས་ལྡོག་ཟླ་ཡིན། མིག་ཤེལ་དཀར་བོ་བསྣམས་ཤིང་རྒྱུན་པར་རྒྱ་ལྭ་སྐྱ་བོའི་ནང་དུ་ཚི་ལེན་དཀར་ཀྲིག་ཀྲིག་ཅིག་གྱོན་ཡོད། རྐང་སྣམ་ནག་པོའི་སྟེང་ལ་ཀོ་བ་དམར་སྨུག་གི་སྐེད་འཆིང་བཅིངས་ཤིང་འཚམས་རེར་རྐང་སྣམ་སྣེ་མོ་ཐང་དུ་འདྲུད་ལ་ཁད་ཀྱིས་སློབ་ར་ནས་བབ་ཆགས་ཤིང་འཛུམ་ཆུང་ཁ་ལ་སྐྱིལ་ནས་ཡར་མར་འགྲོ་བ་དེ་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། 

ལག་གཡས་སུ་ཁྲིད་དེབ་ཞིག་བཟུང་བ་དེའི་སྟེང་དུ་ས་སྨྱུག་གི་སྒམ་ཆུང་བཞག ནང་དུ་སམ་ཊ་སུབ་སྤྱད་སོགས་གྲལ་དག་སྒྲིག་ནས་ང་ཚོའི་ཁྲིད་སྟེགས་སུ་ཐོན་བྱུང་། ང་ཚོས་དེ་མ་ཐག་འཛིན་དཔོན་གྱི་རྗེས་སུ་སྐད་གསེང་མཐོན་པོས“དགེ་རྒན་བཟང”ཞེས་ཁམས་བདེ་ཞུས། 

ཁོང་གིས་སམ་ངོས་སུ་ཀ་སྡེ་དང་ཅ་སྡེ་གཉིས་གཟབ་ནན་གྱིས་བྲིས་ཏེ་ང་ཚོར་དཔེ་ཁྲིད་གནང་བ་ན་ང་ཚོས་འཚར་སྣང་དང་བཅས་མིག་ཧྲིག་གེར་དགེ་རྒན་གྱི་བྲིས་པའི་ཡི་གེ་རེ་རེ་ལ་བལྟས་ཤིང་གདངས་རིང་བོས་མགྲིན་རྩ་རྒྱས་རག་བར་དུ་སྐྱོར་བ་ཡིན། དུས་དེ་ནས་བཟུང་ངས་ཀ་ཞེས་པའི་གདངས་དབྱངས་གྱེར་ཐུབ་སོང་ལ་དགེ་རྒན་ཞེས་པའི་མིང་འདི་ཡང་དྲན་ངོར་བརྐོས།

ང་ཚོ་མ་གྲོས་གཅིག་མཐུན་ངང་སྡེ་བ་བརྒྱད་ནས་འཛོམས་ཤིང་རབས་དང་བོའི་སློབ་མ་དྲུག་ཅུ་ཡོད་ལ། དགེ་རྒན་གཉིས་མ་གཏོགས་མེད། སློབ་གྲོགས་ཚོས། གུང་གསེང་གི་སྐབས་སུ་བྲོ་ཟ་ཞོར་དང་རྩེད་ཞོར་དུ་ཆུ་ཚོད་གཉིས་ཀྱི་ཡུན་ནི་ཅི་ལྟར་འགོར་བ་མི་ཤེས་ལ་འཚམས་རེར་སློབ་གྲྭའི་སྒོ་མདུན་གྱི་ཆུ་ཕྲན་ཁ་ནས་རྩེད་འཇོ་གཡེང་སྟེ་ཕྱི་དྲོའི་སློབ་ཐུན་རྗེས་སུ་ལུས་པ་ཡོད། རྒན་ལགས་གྱིས་ལག་པ་མཐོན་པོར་བཀྱགས་རུང་ཡང་མོའི་ངང་སྨྱུག་མས་བཞུས་པ་ད་དུང་དྲན་པའི་རྩིག་ལྡེབ་ངོས་སུ་རི་མོ་བཞིན་གསལ་ལེར་གནས། དེ་ནས“དྲག་རྩལ”འགྲན་པའི་ཟོལ་གྱིས་ལྷམ་ཆུང་གི་འགྲམ་རུས་གཏོར་བ་བགྲང་གིས་མི་ལངས། ཨ་མས་ལྷམ་བཙེམ་ཞོར་དུ“བདུད་ཕྲུག་འདིས། ཟླ་རེར་ལྷམ་གཉིས་རེ་ཚར་ཀི”ཟེར་བཞིན་ལག་ཤོར་ནས་མཛུབ་མགོར་འབིགས་གིས་བཙག་ཞོར་ལྷམ་ལྗང་ནག་ཐོག་ལ་ལྷམ་པ་ནག་པོས་བརྒྱན་པ་ད་ལྟ་ཡང་ཡིད་ལ་ཁྲ་དཀྲིག་གེར་ཤར་ཡོང་། ཡུམ་མྱང་ཚ་དཀར་རྒྱན་གྱིས་རྗེ་མི་ལར“ལུང་བ་ཁ་བྱང་དུ་ལྟ་བ། སྤྲིན་ནག་པོ་ལྡིང་བ། སྐར་མ་སྨེ་བདུན་འཆར་བའི་འོག་ན་རང་རེའི་གཉེན་ཚན་གྲོང་བ་བདུན་ཡོད། རྒྱགས་ཆད་ན་དེ་ནས་ལོངས”ཞེས་པ་འདི་ལྟར་བཙེམ་པ་ལོས་ཡིན་སྙམ། 

ཉིན་ཞིག རྒན་ལགས་ཀྱིས་ར་བཏགས་སློབ་ཁྲིད་གནང་སྐབས་ས་ར་བཏགས“སུ་ར”ཞེས་ཀློག་ཁྲིད་བྱུང་། ང་ཚོས“བླ་མའི་ཅི་གསུང་ཆོས། མཛུབ་མོས་གར་བསྟན་ཤར”ནང་བཞིན་སློབ་གྲྭ་གྲོལ་རྗེས་དེ་ལྟར་ཀློག་ཞོར་སྡེ་འདབས་སུ་བསླེབས་པ་ན། རྒན་པ་ཡིག་ངོ་ཅུང་ཆོད་པ་ཚོས་བཀླག་ཚུལ་དེ་ལ་འཕྱ་དམོད་བྱས་ཤིང་། དགེ་རྒན་ལ་ཡང་མི་འདོད་པའི་མཚང་མིང་བཏགས། 

ད་ལྟ་གུས་པས་ཕྱིར་འདང་རེ་རྒྱབ་ན། ང་ཚོའི་མི་ཐོག་འགའ་ལ་དགེ་རྒན་གནང་ནས་ཡུལ་ལུང་འདིར་རིག་གནས་ཀྱི་འོད་སྣང་ཐོག་མར་འདྲེན་མཁན་ཡིན་པས་བཀའ་དྲིན་རི་རབ་ལས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་བདེན་པས་གྲུབ། མ་བརྟག་མ་དཔྱད་པའི་སྦྱོར་ངན་གྱིས་རྒན་དམ་པར་མྱི་ཁ་བཏང་བ་འདི་ཅི་འདྲའི་བཤགས་དཀའ་བའི་སྡིག་པ་ཞིག་དང་ཐ་ཤལ་གྱི་སྤྱོད་པ་ཞིག་རེད་ཨང་། ཀློག་ཚུལ་དེ་ནི་བོད་སྔ་རབས་པའི་བཀླག་ཚུལ་ཡིན་པ་རྗེས་ནས་རྟོགས་དུས་སྙིང་ཁོང་རུས་པའི་གཏིང་ནས་ཁོང་ལ་མོས་གུངས་བླ་ལྷག་ཅིག་སྐྱེས་བྱུང་།“སྲ”འདི“སུ་ར”ཞེས་ཞབས་དཀྱུའི་སྒྲ་ཅུང་ཟད་ལྡན་ཞོར་མྱུར་སྟབས་ཀྱི་བཀླག་ཚུལ་འདི་རྒྱལ་རོང་སྐད་དུ་ད་དུང་ཡང་རང་སོར་གནས་ཡོད་པ་འདིའོ།།

རྒན་ལགས་ཀྱིས“ཅ་ཀྲུང”རྟགས་ཅན་གྱི་ལྕགས་རྟ་ཞོན་ནས་སིར་སྒྲ་དང་བཅས་ལས་ཚོགས་ལ་ཞུགས་དུས་ང་ཚོས་ལྕགས་རྟའི་འཕོངས་ཟིན་མ་ཟིན་ངང་རྗེས་སུ་འུར་གྱིས་ཞོགས། ཁོང་འཛུམ་མ་དགོད་ཀྱིས་ཁ་ནས“བྱིས་པ་ཚོ། དལ་མོ་བྱོས། མ་འཐེན། ཐང་ལ་འགྱེལ་འགྲོ”ཟེར་བ་ལས་སྡིགས་མཛུབ་ཀེར་བ་ཡེ་ནས་མེད། ཁོང་ནི་གཙང་སྦྲར་ཧ་ཅང་དགའ་ཞིང་གྲལ་དག་ཡིན་པས་ལྕགས་རྟའི་སྟེང་དུ་ས་རྡུལ་གཅིག་ཀྱང་མེད་པར་ནར་མར་གསར་བ་ཞོན་འདུག་པ་དང་འདྲ། དེང་སྐབས་ཁོང་རང་ལས་ཁྱུར་ངལ་གསོ་བྱས་ནས་ལོ་ཤས་འགོར་ཡོད་རུང་། ཕ་ཡུལ་ནས་འཕྲད་ཐེངས་རེ་རེར་ཞལ་གྱི་འཛུམ་མདངས་སྔར་བཞིན་ཡལ་བ་མེད་པ་ནི་ཇི་འདྲའི་སྤྲོ་ཁོལ་འཛོམས་པའི་ཐུག་འཕྲད་ཐེངས་ཤིག་རེད་ཨང་།


རྩོམ་ཡིག་སྔོན་མ།
འགྲུལ་བཞུད་ཀྱི་ལོ་ཟླ།
རྩོམ་ཡིག་རྗེས་མ།
ལོ་ཟླའི་རི་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1