ལོ་ཟླའི་རི་མོ།

མེ་ལོང་། ( བོད་ལྗོངས་སློབ་གྲྭ་ཆེན་མོ ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


༢༠༡༨ལོའི་ཟླ༨པའི་ཚེས༢༠ཉིན། བུ་མོ་སྟེ་ཟླ་བཟང་གཡུ་འབྲུག་ལོ་གསུམ་ལ་སོན་ཞིང་སློབ་གྲྭར་འགྲོ་རན་དུ་སླེབས་ཡོད་པས་ཕ་ཡུལ་དང་གྱེས་ཤིང་ད་ལྟ་ཕ་མ་དང་ལྷན་དུ་དཔལ་གྱི་ཆོས་འཁོར་ལྷ་སའི་འཚོ་བ་ཡང་རོལ་མགོ་བརྩམས་ཡོད། ཡུལ་འདིར་མཚོན་ན། ཕ་ཡུལ་གྱི་བྱིས་པ་ཚོ་དང་བསྡུར་ན་འཚོ་བ་རོལ་སྟངས་དང་སྐད་ཆ་བཤད་སྟངས། ཡུལ་སྲོལ་གོམས་གཤིས། སློབ་སྦྱོང་བྱེད་སྟངས་སོགས་དང་མི་འདྲ་བའི་གནས་ཁྱད་པར་གྱི་ཡུལ་ཁམས་ཤིག་སྟེ། སྔོན་གྱི་དུས་སུ་དཔལ་གྱི་ཆོས་འཁོར་ལྷ་ས་ནི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་བཤད་ལ་དོན་གྱིས་ཀྱང་དེ་འདྲ་ཞིག་ཡིན། གནས་འདིའི་ལོ་རྒྱུས་ཁྱོད་རང་ནར་སོན་པ་དང་བསྟུན་ག་ལེར་ཤེས་སྲིད་པས་འདིར་མི་འཕྲོས་པར་བྱའོ།། 

ཡར་སྔོན་དུ་མདོ་སྨད་དཔའ་རིས་ལུང་བར་ཨ་མྱེས་བཟའ་ཟླ་གཉིས་ཀྱི་འཁྲིས་སུ་ཕ་ཡུལ་གྱི་འཚོ་བ་རོལ་ནས་ལོ་གྲངས་གསུམ་ཕྱིན། དེའི་རིང་ལ་ཁྱོད་ཀྱིས་རང་སྐད་བདེ་མོ་ཞིག་བཤད་པའི་རྨང་གཞི་བཞག་ཅིང་། སྲོལ་རྒྱུན་གྱི་ཆོ་ག་སྣ་ཚོགས་དང་ཡུལ་ལུགས་གོམས་སྲོལ་མང་བོ་མཐོང་ཐོས་སུ་གྱུར་ཡོད། ད་བར་དུ་ཁྱོད་ཀྱིས་འཚོ་བའི་རྒྱུན་སྤྱོད་ཟས་རིགས་ཀྱི་སྐོར་ནས་དེང་རབས་ཀྱི་གད་སྙིགས་ལྟ་བུའི་ཟས་རིགས་ཟོས་མྱོང་མེད་ལ། ཆུང་ངུའི་དུས་སུ་ཕ་ཡུལ་དུ་བསྡད་དེ་ཕ་ཡུལ་གྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་དེ་ནི་ཁྱོད་ཀྱི་མི་ཚེའི་ནང་གི་སློབ་ཚན་ཆེས་ཡག་ཤོས་དེ་ཡིན་པར་ངེས། དེ་དག་བསམས་ཚེ། ངེད་ཕ་མ་གཉིས་ཁྱོད་དང་ཁ་བྲལ་གྱིས་དབུས་ཕྱོགས་སུ་འཚོ་བ་རོལ་དགོས་ནའང་སེམས་སྐྱིད་ལ་བློ་ཡང་ཧ་ཅང་བདེ། ཡིན་ན་ཡང་། ད་ལྟ། ཁྱོད་རང་བདེ་ཐང་ངང་འཚར་ལོངས་འབྱུང་སའི་ཕ་ཡུལ་དང་ཁ་གྱེས་ཏེ་གྲོང་ཁྱེར་ལྷ་སར་འབྱོར། འབྱོར་ནས་ཀྱང་གྲོང་ཁྱེར་གྱི་སློབ་གྲྭར་འགྲོ་དགོས་ཤིང་། གྲོང་ཁྱེར་གྱི་འཚོ་བ་སྣ་ཚོགས་ཤིག་ལ་འབྲེལ་འདྲིས་བྱེད་དགོས་བྱུང་། ཉིན་རྒྱུན་གྲོང་ཁྱེར་དུ་བྱུང་དང་འབྱུང་བཞིན་པའི་ཞེ་སྡུག་པའི་གནས་ཚུལ་དག་མཐོང་ཐོས་བྱུང་ཚེ། ང་ལ་དངངས་སྐྲག་ཅིག་དང་སེམས་ཁྲལ་གྱིས་ཀུན་ནས་གཙེས་ནའང་། ཐབས་མེད་པ་ནི་ཐབས་ཀྱི་མཆོག་ཏུ་ངོས་བཟུང་སྟེ་གྲོང་ཁྱེར་གྱི་འཚོ་བ་མི་རོལ་ཀ་མེད་དུ་གྱུར། ལྷག་པར་ཁྱོད་ཀྱི་མ་འོངས་པ་དེ་བསམས་ན། འདི་ལས་བཟང་བའི་གདམ་ཀ་ཞིག་གནས་སྐབས་སུ་རྙེད་ཐབས་མི་འདུག མཚམས་རེར། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་བའི་ལམ་ཡང་མང་བོ་ཡོད་པ་མ་ཡིན་ནམ། དེ་དག་དྲན་པའི་མོད་ལ་དཔའ་ཞུམ་པའི་བློ་ཞིག་རྒྱུད་དུ་འཁོར་མོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པའི་ལེགས་བཤད་ཀྱིས་རང་གིས་རང་ལ་སྐུལ་མ་ཡང་ཡང་འདེབས་དགོས་བྱུང་།

ད་ལྟའི་དུས་འདིར་བྱིས་པ་སློབ་གྲྭར་འགྲོ་བའི་དཀའ་ཁག་ནི་ཆང་ཁང་དང་ཟ་ཁང་། རོལ་རྩེད་ཁང་། ཡུལ་སྐོར་བྱེད་པ་སོགས་སུ་འགྲོ་བ་ལྟ་བུའི་ལས་སླ་བ་ཞིག་མིན་པ་ཁྱིམ་བདག་རྣམས་ཀྱིས་རྟོགས་ངེས་ལ། ཁྱོད་རང་སློབ་གྲྭར་འགྲོ་བའི་ཆེད་དུ་ངས་ཐབས་ཤེས་གང་ཡོད་དང་དཀའ་ཚེགས་མང་བོ་ཞིག་མྱངས་མཐར། ཁྱིམ་མི་ཡོངས་ཀྱི་འདོད་མོས་ལྟར་ཁྱོད་རང་སློབ་གྲྭ་དེར་འགྲོ་ཐུབ་པ་བྱུང་། དེ་ནི་ཡུལ་མི་རྣམས་ལ་མཚོན་ན་དགའ་འོས་པ་ཞིག་ཅི་ལ་མིན། དེ་ནས། བདུན་ཕྲག་བཞིའི་རིང་སློབ་གྲྭར་སོང་སྟབས་སློབ་གྲྭར་འགྲོ་བའི་གོམས་གཤིས་རིམ་གྱིས་ཆགས་ནའང་། གློ་བུར་དུ། ཁྱོད་ཀྱི་ཨ་མ་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་དགོས་དབང་གིས་ཡུལ་གཞན་ལ་སློབ་སྦྱོང་བྱེད་དུ་ཕྱིན་སོང་། དེ་ནི་ན་ཆུང་ཆུང་ཁྱོད་ལ་མཚོན་ན་སེམས་ཀྱི་སྡུག་བསྔལ་ཞིག་ཡིན་པ་བཞིན་གྱི་མདངས་ལས་རྟོགས་ཐུབ། ཁྱོད་ཀྱི་ཨ་མ་ཡུལ་གཞན་དུ་སོང་བ་ནས་ཁྱོད་རང་ཉིན་མཚན་ངེས་མེད་དུ་ངུས་ཤིང་། ཟས་ཀྱི་ཡི་གའང་ཇེ་ཞན་དུ་སོང་བས་ང་སེམས་སྡུག་དང་སེམས་ཁྲལ་གཉིས་ཀྱིས་མནར་བྱུང་། དེ་བཞིན་ཁྱོད་ཀྱི་ཨ་མའང་སེམས་ཁྲལ་དང་དྲན་གདུང་གིས་མནར་ཡོད་པ་སྨྲས་ཅི་དགོས། དེ་ལྟ་ནའང་། ངའི་སེམས་སུ་བདུན་ཕྲག་གཅིག་གཉིས་ཀྱི་རྗེས་སུ་རིམ་གྱིས་ཇེ་བཟང་ཇེ་ལེགས་སུ་འགྲོ་ངེས་སྙམ་བཞིན། ཨུ་ཚུགས་ཀྱིས་སློབ་གྲྭར་ཕལ་སྐྱེལ་ཚུར་བསུ་ཡི་ལས་ལ་འབད་པ་ཡིན་མོད། བློ་ཡུལ་ལས་འགོངས་པ་ཞིག་ལ་བདུན་ཕྲག་གཅིག་ནས་གཉིས་འདས་ནའང་། ཁྱོད་ཀྱི་གདོང་ན་འཛུམ་མེད། ཟས་ཀྱི་ཡི་ག་འགག མཚན་ལ་ཉལ་དུས་ངུ་། ཞོགས་པར་ཡར་ལངས་དུས་ཀྱང་ངུ་། ད་དུང་མཚམས་མེད་པར་ཨ་མ་གང་དུ་བུད་སོང་བ་རེད། ཨ་མ་ད་དུང་མི་ཡོང་བ་ཅི། ངས་ཨ་མ་དྲན་གི་ཞེས་ངུ་སྐད་ལྷང་ལྷང་དང་བཅས་བཤད་སྐབས་ངའི་སེམས་བློང་བློང་བོར་གྱུར་ཅིང་། ཅི་ཞིག་བཤད་དགོས་པ་མ་ཤེས་ལ། ཅི་ཞིག་བྱ་དགོས་པའང་མ་ཤེས་པར་ཁ་རོག་གེར་བསྡད་དུས་མང་། ཁྱོད་ཀྱི་ཉེ་ལམ་གྱི་རྣམ་པ་དེ་བསམས་ན། མུ་ནས་འདི་ལྟར་སོང་ཚེ་ནམ་ཞིག་ཁྱོད་ཀྱི་སྙིང་ཁམས་ལའང་གནོད་པ་ཕོག་ཨེ་འགྲོ་སྙམ་པའི་མུར། སློབ་གྲྭར་དགོངས་པ་ཞུས་ཏེ་ཕ་ཡུལ་དུ་སོང་ན་བཟང་བར་འདོད་ཅིང་། ངས་དེའི་སྐོར་གཡས་གཡོན་གྱི་གྲོགས་པོ་སྐོར་ཞིག་ལ་བློ་དྲིས་པ་ན་ཁོ་ཚོས་ངའི་བསམ་ཚུལ་དེ་འགྲིག་ཚུལ་བཤད། དེ་ལྟར། ཉིན་ཞིག་གི་ཞོགས་པ་དེར་ང་སྔ་མོ་ནས་ཡར་ལངས་ཏེ་ཞོགས་ཟས་གྲ་སྒྲིག་བྱས་རྗེས་ཁྱོད་ལ་གོན་པ་སྐོན་སྐབས་ཁྱོད་ངུས་ཤིང་། སློབ་གྲྭར་མི་འགྲོ་ཞེས་ཡང་ཡང་ཞུ་བ་འཐེན་པས་སེམས་སུ་དངོས་གནས་བཟོད་དཀའ་བ་ཞིག་རེད། རྣམ་པ་དེ་མཐོང་ན་དངོས་ནས་སེམས་སྡུག་པས་ངས་ཁྱོད་ཀྱི་བསམ་ཚུལ་ལྟར་དགེ་རྒན་ལ་དགོངས་པ་ཞུ་རུ་འགྲོ་ཞེས་ལབ་པ་ཡིན། དེ་ལྟར་ངས་ཁྱོད་འཁྲིད་དེ་སློབ་གྲྭར་དགོངས་པ་ཞུ་རུ་སོང་། སློབ་གྲྭར་སླེབས་རྗེས་སློབ་ཁང་དུ་མི་འགྲོ་བར་སློབ་ཁང་གི་སྒོ་ཁྱམས་ནས་སྐད་ཆེན་པོས་ངུས་ཤིང་། དགེ་རྒན་གྱིས་ཚུར་ཤོག་ཅེས་གཅེས་པའི་ངག་གིས་བོས་མོད་ཁོ་མོས་ངུ་སྐད་དང་བཅས། མི་འགྲོ་མི་འགྲོ་ཞེས་ཕར་རྒན་ལ་ལབ་པ་དེས་རྒན་ཡ་མཚར་ནས་དེ་རིང་བར་དུ་ཁྱོད་ཀྱི་བུ་མོས་སྐད་ཆ་བཤད་པ་གོ་མ་སོང་ཞེས་བཤད། རྒན་གྱིས་བཤད་པའི་སྐད་ཆ་དེ་ཐོས་རྗེས་ང་ལྷག་ཏུ་སེམས་བདེ་བོ་མ་བྱུང་། ཁྱོད་ཀྱིས་ད་བར་དུ་རྒན་ལ་སྐད་ཆ་མ་བཤད་པ་དེས་བུ་མོ་ཁྱོད་དུལ་ཆེ་བ་དང་སྙིང་སྟོབས་ཆུང་བའང་ཤེས། དེ་ལྟར། རྒན་ལགས་ཀྱིས་ང་ལ་བུ་མོའི་ཨ་མ་མེད་ན་ཁྱོད་ཁོ་ནས་བུ་མོ་གཉོར་སྐྱོང་བྱེད་དགོས་ན་དཀའ་ཚེགས་ཆེ་ཞིང་། ལྷག་ཏུ་མོའི་དེ་རིང་གི་རྣམ་པ་དེ་མཐོང་ན་དགོངས་པ་ཞུས་ན་འགྲིག་ཚུལ་ལབ་བྱུང་། རྒན་གྱི་སྐད་ཆ་དེ་ནི་ཁྱོད་དང་ང་ལ་མཚོན་ན་ཧ་ཅང་མཁོ་གལ་ཆེ་བ་ཞིག་རེད་ཨང་། ལྷག་ཏུ་ཁྱོད་ལ་མཚོན་ན། དུས་དེ་ནས་བཟུང་། ངས་རང་འཁྲིའི་ལས་ཀ་དག་མགྱོགས་མྱུར་གྱིས་ཚགས་སུ་ཆུད་པར་བྱས་ཏེ་ཕ་ཡུལ་དུ་ལོག་པའི་འདུ་འགོད་རྩོམ་པ་ཡིན། ཨ་མྱེས་དང་རྨོ་མོའི་འཁྲིས་སུ་བསྐྱལ་ཐུབ་པ་བྱུང་ན་ཁྱོད་ཀྱི་སེམས་ཁམས་ཇེ་བདེ་དང་ཇེ་སྐྱིད་དུ་འགྲོ་སྲིད་སྙམ། དེ་ལྟར་ད་ལྟ་ཉིད་དུ་ཕ་ཡུལ་ལ་ལྡོག་པའི་སེམས་ཁམས་འཚབ་འཚུབ་ཏུ་གྱུར། དེ་བཞིན་བུ་མོ་ཁྱོད་ཀྱིས་ཀྱང་ངའི་རྣ་ལམ་དུ་ཡང་ནས་ཡང་དུ་ཕ་ཡུལ་ལ་འགྲོ ཕ་ཡུལ་ལ་འགྲོ་ཞེས་ངུ་ངག་འདྲེས་མས་བཤད་པ་ན། ངས་ཀྱང་གནས་ཚུལ་ཐམས་ཅད་ཇི་བཞིན་དུ་ཁྱོད་ཀྱི་ཨ་མར་ལབ་པ་དང་། མོ་ཡང་ཁྱོད་རང་ཕྱིར་ཕ་ཡུལ་དུ་བསྐྱལ་བར་འཐད་པ་བྱུང་།

༢༠༡༨ལོའི་ཟླ༩པའི་ཚེས༢༣ཉིན་མེ་འཁོར་དུ་བསྡད་དེ་ཕ་ཡུལ་གྱི་ལམ་ཁ་བསྙེགས། དེའི་སྔ་ཉིན་གྱི་དགོང་མོར། ཁྱོད་ཀྱིས་སང་ཉིན་ཡུལ་ལ་ལྡོག་དགོས་པ་རྟོགས་ཏེ་དུས་ཚོད་བཅུ་གཉིས་བར་དུ་གཉིད་མ་ཁུགས་ཤིང་། ཨ་ཕ་ངེད་གཉིས་མཉམ་དུ་རྩེད་མོ་རྩེ་ཞེས་ཡང་ཡང་བཤད་དེ་ངའི་ལག་པ་ནས་བཟུང་། ཁྱིམ་ནས་གནམ་ལྡིང་ས་ལྡིང་བྱས། དགའ་དགོད་ཀྱི་སྐད་སྒྲས་ཁྱིམ་ནང་ཁེངས་པར་བྱས། ཁྱོད་ཀྱིས་ཕ་ཡུལ་ཞེས་པར་གོ་བ་ཅི་འདྲ་བླངས་ཡོད་པ་ངས་མི་ཤེས་ནའང་། དེ་ལས་ཁྱོད་རང་ཕ་ཡུལ་དུ་ལྡོག་པར་དགའ་སྣང་དང་བྲེལ་སྣང་ཅིག་ཅར་དུ་སྐྱེས་པའི་རྣམ་འགྱུར་ཡོངས་སུ་མཐོང་ཐུབ། ཕ་ཡུལ་ཟེར་བ་ནི་མི་ཞིག་ལ་མཚོན་ན་བརྗེད་དུ་མེད་པའི་ཚེ་ཡི་བག་ཆགས་ཆེ་ཤོས་ཤིག་ཡིན་ཞེས་བཤད་ཆོག ཡིན་ནའང་། ཁྱོད་རང་ངའི་ཆུང་དུས་དང་འདྲ་བར་ཕ་ཡུལ་ནས་བསྡད་དེ་ཡུལ་གྱི་འཚོ་བ་སྣ་ཚོགས་ཤེས་ཤིང་། ས་གང་དུ་སོང་ཡང་ཕ་ཡུལ་དང་ཡུལ་མི་ཚོར་དྲན་ཤིང་ཞེ་ལ་ཐོགས་མཁན་ཞིག་མ་ཡིན་ནོ།། རྒྱུ་མཚན། ཆུང་དུས་ནས་ཟང་ཟིང་གི་གྲོང་ཁྱེར་ནི་ཁྱོད་ཀྱི་ཕ་ཡུལ་ལྟ་བུར་ངོས་མི་འཛིན་ཀ་མེད་རེད། མཐར་དེད་ན་གྲོང་ཁྱེར་ཞེས་པའང་ཁྱོད་ཀྱི་ཕ་ཡུལ་ཡིན་མིན་བཤད་དཀའ། དེ་དང་དེ་ལྟར་བསམ་ན་སེམས་འདི་རང་བཞིན་གྱིས་སྡུག་འགྲོ ཁྱོད་ལ་ང་དང་མཚུངས་པའི་ཕ་ཡུལ་ནས་འཚར་ལོངས་བྱུང་ཞིང་བྱིས་དུས་ཀྱི་དྲན་ཤིང་དེ་འདྲ་མེད་ཀྱང་ཆོག་མོད། ཁྱོད་རང་ནར་སོན་དུས་ཕ་ཡུལ་ཟེར་བའི་གྲོང་ཚོ་ཆུང་ཆུང་ཞིག་མེད་པ་དེ་མ་ཡིན་ནམ། བུ་མོ་ཨང་། མཚམས་འདིར་གསལ་བཤད་ཅིག་བྱ་འདོད་པ་ནི། ད་ལོར་ཁྱོད་ཀྱི་ཨ་ཕ་ང་རང་ཤེས་རམས་ཞིབ་འཇུག་སློབ་མ་བདེ་བླག་ངང་སློབ་ཐོན་ཕྱིན་ནའང་། ད་དུང་མུ་ནས་སློབ་གཉེར་བྱེད་འདོད་ཀྱི་ཕུགས་བསམ་ཞིག་ཡོད། ཕུགས་བསམ་དེ་མངོན་འགྱུར་བྱེད་ཐུབ་པ་ཡིན་ན་ང་ཅི་འདྲའི་སྐྱིད་ཨང་། དེ་བཞིན་ཁྱོད་དང་ཁྱོད་ཀྱི་ཨ་མ་ཡང་དེ་ལས་མ་འདས། ཕུགས་བསམ་དེ་མངོན་འགྱུར་ཡོང་བར་ངའི་ལུས་སེམས་གཉིས་སེམས་ཁྲལ་དང་འཚུབ་ཆ་ཞིག་གིས་ཡེ་ནས་མི་ལྷོད་ལ། ལྷག་ཏུ་སློབ་སྦྱོང་བྱེད་མ་ཐུབ་པར་ཉིན་རེ་རེ་ཕར་འདས་ཚེ་སེམས་ཤིན་ཏུ་མི་སྐྱིད་པའི་གནས་ཚུལ་དེ་བུ་མོ་ཁྱོད་ལ་ཇི་ལྟར་བརྗོད་ཨང་། དེ་བས་ངས་གྲོགས་པོ་བཙལ་ནས་རང་སེམས་ཀྱི་འཆར་གཞི་མ་ལུས་ཤུབ་བུར་ལབ། གྲོགས་པོས་དོན་ཆེན་འགྲུབ་ན་དོན་ཆུང་ཞོར་དུ་ཡོང་ཞེས་ཡིག་ཚད་གཏོང་བའི་དུས་ཚོད་སོགས་རྩིས་ཡག་པོ་བརྒྱབ་སྟེ་ང་ལ་སེམས་གཏམ་དང་སྐུལ་ལྕག་གི་སྐད་ཆ་གང་མང་སྨྲས། ངས་ཀྱང་གྲོགས་པོའི་སེམས་གཏམ་དེ་དག་ཡིད་ཀྱི་གསོས་སུ་བསྒོམས་ཤིང་ལས་ཀྱི་སྣེ་མོར་དྲངས་པ་ཡིན། བུ་མོ། ང་ལ་ཁོང་ལྟ་བུའི་གྲོགས་པོ་ཞིག་ཡོད་པ་ནི་ཚེ་འདིའི་ཚེ་ནོམ་དང་ལས་བསོད་ཅི་ལ་མིན། ནམ་ཞིག་གི་ཚེ་ཁྱོད་ཀྱིས་ཀྱང་གྲོགས་པོ་ཞེས་པར་ངེས་ཤེས་འདྲོང་སྲིད་ཅིང་། འཇིག་རྟེན་འདིར་སྐྱིད་ན་སྐྱིད་གྲོགས་དང་སྡུག་ན་སྡུག་གྲོགས་ཤིག་དགོས་པའི་གནས་ལུགས་ཀྱང་རྟོགས་པར་ངེས། དེ་ལས་ཀྱང་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དང་། མི་ཚེ་དོན་ཡོད་དུ་བྱས་པའི་དན་རྟགས་ཉག་གཅིག་ཏུ་འཁུམས་པས། གནས་སྐབས་ཙམ་ལ་ངེད་བཟའ་མི་གསུམ་རང་རང་སར་མི་འདུག་ཀ་མེད་རེད། 

༢༠༡༨ལོའི་ཟླ༩པའི་ཚེས༢༥ཉིན། ང་ཡིས་ཕུགས་བསམ་དེད་ཅིང་བུ་མོས་དྲན་གདུང་ཁུར་ཏེ་བདེ་བླག་ངང་ཕ་ཡུལ་དུ་འབྱོར། ཕ་ཡུལ་དུ་འབྱོར་རྗེས་ངའི་བསམ་ཚོད་ལས་ཡོངས་སུ་འགོངས་པ་ནི། སྔོན་ཆད་ལྟར་ཨ་མྱེས་དང་རྨོ་མོ་མཐོང་ན་འཁྲིས་ལ་བརྒྱུགས་ནས་འཁྱུད་པ་དང་སྐེ་ལ་འཐམས་ནས་འོ་བྱེད་པ་ལྟ་ཅི། ལྡོག་སྟེ་ངུ་སྐད་ལྷང་ལྷང་དང་བཅས་ང་ལ་ཡང་ཡང་ལྟ་བར་བྱེད། ཨ་མྱེས་དང་རྨོ་མོས་ལག་པ་བསྲིངས་ཏེ་ངའི་གཅེས་ཕྲུག་ཚུར་ཤོག་དང་། ཚུར་ཤོག་དང་ཞེས་བོས་ནའང་། ཚུར་ངའི་སྐེ་ལ་འཐམས་ནས་མི་གཏོང་བའི་བྱ་བྱེད་དེས་རེ་ཞིག་ང་རང་ཅི་བྱེད་འདི་བྱེད་མེད་པར་ལུས། ཡང་སྙིང་བུ་མོ་ཁྱོད་ཀྱིས་ཅི་ཞིག་དྲན་བཞིན་ཡོད་དམ། བུ་མོ། 

སྤྱིར་ན། བྱིས་སྐྱོང་ཁང་གི་སློབ་གྲྭའི་ལོ་རིམ་དང་བོར་འགྲོ་མ་ཐུབ་ནའང་སྐྱོན་ཆེན་པོ་མེད་པར་བསམས་ཡོད། རྒྱུ་མཚན་ནི་ཕ་ཡུལ་དུ་བསྡད་དེ་ཨ་མྱེས་དང་རྨོ་མོ་མཉམ་དུ་ཕ་ཡུལ་གྱི་འཚོ་བ་རོལ་ཏེ་འཚོ་བའི་ཁྲོད་ཀྱི་ཤེས་བྱའི་ཆོས་ཉིད་མང་བོ་ཞིག་རྟོགས་ཚེ་དོན་གྱིས་དེ་ཡང་སློབ་སྦྱོང་བྱེད་པ་དང་གཅིག་མཚུངས་ཡིན་ལ། སློབ་སྦྱོང་དེ་ནི་འཚོ་བ་དངོས་ལ་ཟབ་ཞུགས་བགྱིས་ཏེ་ཤེས་རྟོགས་བྱུང་བ་ཞིག་ཀྱང་ཡིན་པས་བག་ཆགས་ཟབ་ཅིང་། ཡིག་ཐོག་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། དེར་མ་ཟད་མ་འོངས་པའི་འཚོ་བའི་ཁྲོད་ཕན་ཐོགས་ཆེན་པོ་འབྱུང་ངེས། འཇིག་རྟེན་གྱི་ཤེས་བྱ་མཐའ་དག་ཀྱང་དོན་གྱིས་འཚོ་བ་དང་ལག་ལེན་གྱི་ཁྲོད་ནས་རྙེད་པ་མ་ཡིན་ནམ། དེ་བས། འཚོ་བའི་རྒྱུན་ཤེས་དག་བློ་ངོར་ངེས་ན་རྗེས་སུ་ཡིག་ཐོག་གི་ཤེས་བྱ་དག་ལས་སླ་བོའི་ངང་མཁྱེན་ཐུབ།

༢༠༡༨ལོའི་ཟླ༩པའི་ཚེས༢༧ཉིན། དོན་དག་ཅིག་གི་ཆེད་ང་ལན་ཇུར་ཐེངས་གཅིག་འགྲོ་དགོས་བྱུང་། ཉིན་དེར་དགོང་ཟས་རོལ་བའི་སྐབས་སུ། ངས་ཨ་མྱེས་དང་རྨོ་མོ་གཉིས་ལ་སང་ཉིན་ང་ལན་ཇུར་འགྲོ་དགོས་ཚུལ་གྱི་དོན་དེ་བཤད་མ་ཐག ཁྱོད་ཀྱིས་ང་འགྲོ་བཞིན་པ་ཤེས་ཏེ་ཡང་བསྐྱར་ངུས་ཤིང་ངའི་སྐེ་ལ་འཐམས་པའི་མུར། མ་འགྲོ། མ་འགྲོ། ལན་ཇུར་མ་འགྲོ་ཞེས་ངུ་སྐད་དང་བཅས་བཤད་རྗེས། ངའི་སེམས་ནི་རང་དབང་མེད་པར་སེམས་སྡུག་གིས་མནར། སྐབས་དེར། ཁྱོད་ངའི་པང་དུ་ཡོང་སྟེ། ཨ་ཕ། ཁྱོད་ལན་ཇུར་མ་འགྲོ་ཨཱ་ཞེས་ཡང་ཡང་བཤད་ཅིང་། ཁྱོད་ཀྱི་ཚུལ་དེ་མཐོང་བས་ངའི་སེམས་ཀྱིས་མ་བཟོད་པར་ཨ་མྱེས་དང་རྨོ་མོའི་མི་མཐོང་སར། མིག་ལས་མིག་ཆུ་ཉུང་ཙམ་བཞུར་བའང་སྡུག་དེ་བསྲན་མ་ཐུབ་པས་ཡིན། བུ་མོ། སྤྱིར་ན། ང་ལན་ཇུ་རུ་ཉིན་གཉིས་གསུམ་རིང་སྡོད་འདོད་ནའང་། ལན་ཇུ་ནས་དོན་དག་བསྒྲུབས་ཚར་རྗེས། ཁྱོད་སེམས་ལ་ཡང་ཡང་འཁོར་བས་དེ་གར་མ་བསྡད་པར་ཕྱི་ཉིན་ཕྱིར་ལམ་དུ་ཆས་པ་ཡིན།

༢༠༡༨ལོའི་ཟླ༡༠པའི་ཚེས༤ཉིན་གྱི་ཞོགས་པར། ཁྱོད་ཀྱིས་ངའི་ཚུགས་ཀ་དང་སྐད་ཆ་སོགས་ལ་བརྟག་རྗེས། ཨ་ཕ། ཁྱེད་གང་དུ་འགྲོ་རྒྱུ་ཞེས་འདྲི་ཞིང་། ངས་ཁྱོད་རང་སེམས་སྡུག་འགྲོ་བ་དང་ངུ་འགྲོ་བར་བསམས་ནས་འཁྱོག་པོའི་ངག་ལ་བསྒྱུར་ཏེ་ལན་སྟབས་བདེ་ཞིག་བཏབ། ལན་དེ་ལ་ཁྱོད་ཀྱིས་འཁང་ར་དང་མིག་ཆུ་མི་འདོན་པར། ཨ་ཕ། སང་ཉིན། སང་ཉིན་ཁྱོད་ཡོང་དུས། ང་ལ་ཀ་ར་འོ་ཅོ་ཉོས་ཤོག་ཅེས་བསམ་ཤེས་དང་བཅས་བཤད་ལ། ང་ལ་འོ་ཞིམ་པོ་ཞིག་བྱས་པ་དེ་ཡང་ནམ་རྒྱུན་གྱི་འོ་བྱས་པ་དང་མི་འདྲ། འོ་ཞིམ་པོ་དེའི་ནང་དུ་འབྲལ་མི་ཕོད་པའི་སེམས་ཀྱི་ཟུག་གཟེར་དང་དྲན་གདུང་། སུན་སྣང་། བྱམས་བརྩེ་སོགས་མང་བོ་ཞིག་སིམ་འདུག་ཨང་། དེ་ལྟར་ཁྱོད་དང་གྱེས་སྐབས་ང་ཞེ་ནས་སྨྲེང་ཞིང་སྡུག་པ་དེ་སུ་ཞིག་ལ་ཇི་ལྟར་བརྗོད་ཨང་། 

ཆར་བ་ཟམ་མེ་ཟིམ་མེ་འབབ་པའི་ཞོགས་པ་དེར། ང་སྡུག་བསྔལ་དང་ཞེན་ཆགས་ཀྱི་ཀློང་ནས་ལམ་དུ་ཆས། ལམ་བར་དུ་ཁྱོད་ཀྱིས་བཤད་པའི་སྐད་ཆ་དང་ལུས་ཀྱི་རྣམ་འགྱུར། འབྲལ་མི་ཕོད་པའི་མིག་མདངས་དེ་ཡང་ཡང་དྲན། ཡང་ཡང་དྲན།


རྩོམ་ཡིག་སྔོན་མ།
ངའི་ཀློག་གི་དགེ་རྒན།
རྩོམ་ཡིག་རྗེས་མ།
སྤང་ལྗོངས་ཀྱི་ཉི་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1