སྤང་ལྗོངས་ཀྱི་ཉི་མ།

ཨ་ལེ་ཡིས་བརྩམས་པ་དང་ཆོས་སྒྲོན་དང་དཔོན་ཁོ་གཉིས་ཀྱིས་བསྒྱུར། ( འབར་ཁམས ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


  བཞི། ཀིརྟི་དགོན་དུ་བཞུགས་པའི་ལོ་ཟླ།

དང་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།

བར་དུ་གཞུང་ལུག་ས་ཐམས་ཅད་གདམས་པར་ཤར།།

མཐའ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།

—— རྗེ་ཙོང་ཁ་པས།

དགེ་ཕྲུག་ཉི་མས་ཁོའི་ཨ་ཁུའི་མདུན་ནས་སློབ་སྦྱོང་གི་འགོ་བཟུང་། ལོ་ཟླ་དེའི་ནང་དུ་ཁོ་རང་ཨ་ཁུའི་སློབ་མ་ཡིན་པ་མ་ཟད། གུས་ཞབས་ལག་གཡོག་པའང་ཡིན། བློ་བཟང་ཉི་མ་བྱིས་པ་བསམ་ཤེས་ཤིག་ཡིན་པས་རང་ཉིད་མི་ཚེའི་སྐས་རིམ་གང་དུ་ཡར་འཛེགས་ཀྱིན་ཡོད་པ་ལོས་ཤེས། 

སྟོང་ཆེན་པོའི་འཇིག་རྟེན་འདིའི་ཁམས་ན་ཁོས་ཀྱང་ཁོ་དང་འདྲ་བའི་སློབ་མ་གྲངས་ཀྱིས་མི་ལངས་པ་ཡོད་པ་ཤེས། ཤེས་བྱ་རིག་གནས་ཀྱི་མཛོད་འཛིན་པའམ་མ་ཟིན་པའི་བླ་རྒན་རེ་རེའི་མཐའ་ནས་ཁོ་དང་འདྲ་བའི་གྲྭ་བ་བཅུ་ཕྲག་རེ་རེས་བསྐོར་ཡོད། འདི་ནི་དགོན་པ་དེ་སྤྱི་འདུས་ཀྱི་ཚོགས་པ་ཆེན་པོ་ཞིག་ཡིན་པའི་ཆ་ནས། དེའི་གྲུབ་ཆའི་མ་ལག་ཁྲོད་ན་ཆེས་གཞི་རྩར་གྱུར་བའི་ཚན་པ་ཞིག་རེད། 

ཚན་པ་འདི་དག་བུད་མེད་མེད་པའི་ཁྱིམ་ཚང་རེ་རེ་དང་མཚུངས། ཀིརྟི་དགོན་པའི་དགེ་སློབ་སོ་སོའི་གྲྭ་ཤག་ཀྱང་སོ་སོའི་གོ་ཐོབ་དང་འདྲ་བར་ཐང་ཤིང་ཚལ་དུ་དངར་བའི་ལུང་ཁུག་ན་རིམ་པར་ཆགས་ཡོད། དེར་ཤུག་སྡོང་དང་གྲོ་བོའི་ཡལ་ག་བསྟར་ནས་བསྐོར་བའི་ར་སྐོར་ཞིག་ཡོད། ར་སྐོར་ལ་མ་མཐའ་ཡང་ཉིན་ཕྱེད་ཙམ་ལ་ཐོན་རྗེས་ད་གཟོད་ཉི་འོད་ཕོག་ཐུབ། གྲྭ་ཤག་ནི་སྟེང་འོག་གཉིས་ཀ་ཡོད་པའི་ཤིང་གི་ཐོག་ཁང་ཞིག་ཡིན། འོག་མ་ནི་ཐབ་ཀ་དང་རྒྱུན་མཁོའི་ཅ་ལག་འཇོག་ས་དང་གྲྭ་བ་རྣམས་ཀྱི་ཉལ་ཁང་ཡིན། ཐོག་ཁང་ནི་དགེ་རྒན་གྱི་གཟིམ་ཁང་དང་མཆོད་ཁང་། ཁོང་གིས་རྒྱུན་པར་སློབ་སྦྱོང་བྱེད་གནས་ཡིན། མཆོད་ཁང་དུ་དཔེ་ཆ་དང་ལྷ་སྐུ་ལས་གཞན་ད་དུང་མཆོད་རྟེན་ཆུང་ཆུང་ཞིག་ཡོད་པ་དང་དེར་རང་གི་དགེ་རྒན་གྱི་གདུང་རུས་ཡོད་ངེས། 

མཆོད་རྟེན་འདི་དག་སློབ་མ་རྣམས་ཀྱིས་ཕྱག་འཚལ་བའི་གནས་སུ་གྱུར། 

བློ་བཟང་ཉི་མའི་སློབ་སྦྱོང་བྱེད་སར་མཆོད་རྟེན་འདི་འདྲ་མེད། 

སྐབས་དེ་དུས། དགོན་པར་སོ་མར་ཞུགས་པའི་གྲྭ་བ་ཞིག་ལ་མཚོན་ན་ཐོག་མ་ནས་ཡི་གེ་སློབ་པ་ཉུང་ཤས་ཡིན་ཏེ། དུས་ཚོད་མང་ཕྱོགས་དགེ་རྒན་ལ་མེ་འབུད་ཇ་སྐོལ་སོགས་ཁྱིམ་ལས་རྐྱང་རྐྱང་ལ་འབད་དགོས། ཇི་ལྟར་ཕྱུག་པོ་དང་གོ་གནས་ཆེ་བའི་བླ་རྒན་ཞིག་ཡིན་ན་དེ་ལྟར་ཁྱིམ་ལས་ཙག་ཙིག་གི་ལག་གཡོག་བྱེད་སའང་མང་ངེས། བློ་བཟང་ཉི་མའི་ཨ་ཁུ་ནི་དེ་འདྲ་ཕྱུག་པོ་མིན་ཁར་ཁོ་རང་ཉིད་ཀྱང་དེ་འདྲ་རྒྱས་སྤྲོས་ལ་མི་དགའ་བས་གྲྭ་བ་ཚོར་སློབ་སྦྱོང་གི་དུས་ཚོད་འདང་ངེས་ཤིག་ཡོད་པ་དང་། ཁོ་བོའི་ཚ་བོ་ཉི་མ་ལ་དེ་བས་ཀྱང་གཟིགས་སྐྱོང་བྱེད་ངེས། 

ཨ་ཁུས།“ཁྱོད་ནི་བློ་རིག་གསལ་བའི་བྱིས་པ་ཞིག་ཡིན་པས་སློབ་སྦྱོང་བྱོས་དང་། ཁྱིམ་ལས་ཁོ་ཚོས་བྱེད་ངེས”ཟེར། འདིར་ཁོ་ཚོ་ཟེར་བ་ནི་ལོ་ན་ཅུང་ཆེ་བའི་ཉི་མའི་སྔོན་ལ་དགོན་པར་ཞུགས་པའི་གྲྭ་བ་ཆ་རེ་ལ་གོ འོ་ན་ཉི་མ་ལ་དྲི་གཞི་ཞིག་ཡོད་པ་ནི“ཁོ་ཚོ་ལ་ཁྱིམ་ལས་བྱེད་དུ་བཅུག་པ་ལས་ང་ལ་མི་འཇུག་པ་དེ་ཅི་ཡིན་ནམ”སྙམ་པ་དེ་རེད། ཨ་ཁུས།“ངས་ཁྱོད་ཀྱི་ཨ་མ་ལ་ཁྱོད་ལ་བྱམས་སྐྱོང་བྱེད་རྒྱུ་ཁས་བླངས་ཡོད”ཟེར། ཡང་ཉི་མའི་ཡིད་ལ་“ཁོ་ཚོར་བྱམས་སྐྱོང་བྱེད་མི་དགོས་སམ”སྙམ། 

ཨ་ཁུས་རང་གི་ཚ་བུའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་སྐྱོ་འཛུམ་ཞིག་གིས།“ང་ཆུང་དུས་ཁོ་ཚོ་དང་འདྲ་བར་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བ་ཞིག་མིན”ཞེས་ཉི་མའི་དོགས་གཞི་ལ་ཁ་གསབ་བྱས།“ཁོ་ཚོ་ཆུ་ཁར་ཆུ་ལེན་དུ་མངགས་པ་དང་སྐྱོར་སྦྱང་བྱེད་དུ་འཇུག་པ་གཉིས་ལས་གང་ལ་མོས་སམ”ཉི་མ་ནི་ཉི་མ་སྟེ་ཆུང་དུས་ནས་སྣང་ཚུལ་སྤྱིར་བཏང་བ་ཞིག་ལས་རིམ་བཞིན་དོན་གྱི་ངོ་བོ་དེ་རྟོགས་པར་ནམ་ཡང་འཕྲོ་མི་བསྐྱུར། 

དེ་ལྟར་ཉིན་རེ་བཞིན་གོ་ལ་རིལ་མོའི་སྒང་འདིར་མི་རྣམས་ཀྱི་བློ་སྒོ་འབྱེད་པ་དང་དཔེ་སྟོན་དུ་གྱུར་བའི་གསར་བྱུང་དངོས་པོའམ་དོན་ཚན་ཇི་འདྲ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཀྱང་། མི་སུ་ལ་དེ་དག་ཚུར་ལེན་དང་འཚོལ་ཞིབ་བྱེད་པའི་བློ་ཁོག་དང་ཤེས་རྒྱ་ལྡན་ནམ།

བློ་བཟང་ཉི་མ་སྔོན་ལྟར་གྲྭ་བ་ཆུང་ཆུང་ཞིག་གིས་ཅི་བསྒྲུབ་དགོས་ན་དེ་ལྟར་དགེ་རྒན་ལ་གུས་ཞབས་ལག་གཡོག་བྱས་ཤིང་། ཀློག་སློབ་དང་སྐྱོར་སྦྱང་གི་དུས་ལ་ཐོན་དུས། གལ་ཏེ་གནམ་ཐང་ཡོད་ན། ཁོ་བོས་སྔོན་ལ་སྒོ་རའི་ས་སྐམ་ཞིང་ཉི་མ་དྲོ་ས་ཞིག་ན་ཕྱིང་སྟན་བཏིང་སྟེ་ཕྱག་ལ་དཔེ་ཆ་བཟུང་བའི་དགེ་རྒན་དེར་བསུ་ཡོང་། 

ཉིན་རེའི་སྦྱང་ཚན་འདི་ལྟར་མགོ་བརྩམས། 

སློབ་སྦྱོང་ལ་མི་བརྩོན་པའི་གྲྭ་བ་གཞན་པ་དག་གི་ངོ་ན་ཅི་ལས་འདི་ལས་མེད་པའི་སུན་སྣང་ཞིག་ཀྱང་མངོན་ཏེ། ལ་ལས་བསམ་བཞིན་དུ་རྙོག་དྲ་བཟོས་ནས་ཉི་མ་ལ་དགེ་རྒན་གྱིས་ཁྱིམ་ལས་ཀྱི་ཆད་པ་གཅོད་ཅི་ཐུབ་བྱས། རྒྱུན་པར་དགེ་རྒན་གྱི་གཉེན་ཉེ་རེ་དང་མགྲོན་པོ་རྟ་བཞོན་རེ་ཐོན་དུས་མགྲོན་རྟས་རྩྭ་ཟ་བཞིན་ཡོད་མེད་དང་གང་སར་འགྲོ་མི་འགྲོ་ལ་བལྟ་བར་གྲྭ་བ་པྲ་ཚག་དེ་དག་མངགས་ངེས། དེ་དུས་གྲྭ་བ་དེ་ཕྱི་ལ་འགྲོ་བའི་གོ་སྐབས་རེག་པས་ཁྱོད་ཀྱིས་ལྟོས་དང་། གུས་ཉམས་དང་ཁ་ལ་ཉན་མདོག་གིས་ཕྱིར་ནུར་བྱས་ནས་སྒོར་བུད་མ་ཐག་ཁ་འཁོར་ཡོག་གཅིག་གིས་རྐང་རྗེན་མར་བྱ་འཕུར་བ་ལྟར་རྒྱུག་འགྲོ དགོན་པ་ནི་དབེན་གནས་ཤིག་ཡིན་པས་འདི་ལྟ་བུའི་གོ་སྐབས་རྒྱུན་དུ་རེག་མི་ཐུབ། སློབ་སྦྱོང་ལ་མི་དགའ་བའི་གྲྭ་བ་ཚོར་གཞན་པ་ལས་ལྡབ་འགྱུར་གྱིས་མང་བའི་སློབ་གསོའི་ཆད་པ་ཕོག་ངེས། 

བློ་བཟང་ཉི་མ་ཡི་གེ་འབྲི་ཀློག་ལ་དགའ། 

དགེ་རྒན་ནམ་ལངས་མ་ཐག་ཡར་ལངས་ཤིང་། མཆོད་ཁང་དུ་རང་གི་ཁ་འདོན་ལ་རེམ། ཉི་མ་གྲྭ་བ་གཞན་དང་མི་འདྲ་བར་གཉིད་ལ་དེ་འདྲའི་རྩིས་འདང་མེད་པས། ཁོ་ནངས་མོ་ཡར་ལངས་ནས་མེ་བུས་ཏེ་དཔེ་ཆ་བཟུང་ནས་དགོན་པའི་གླིང་བར་གྱི་ས་སྟོང་དུ་སྐད་གསང་མཐོན་པོས་སྦྱོར་ཀློག་བྱས། ཀིརྟི་དགོན་པའི་གྲྭ་ཤག་སོ་སོའི་བར་ན་ས་སྟོང་རེ་ཡོད་ལ། བློ་བཟང་ཉི་མ་ས་སྟོང་གི་ལྕང་ཚལ་དུ་སྐད་གསེང་མཐོན་པོས་ཀློག་བསླབ་པའི་སིང་སིང་གི་སྒྲ་དེས་ད་དུང་གཉིད་ཀྱི་ཞིང་ཁམས་འགྲིམ་པའི་གྲྭ་བ་ཚོའི་རྨི་ལམ་དཀྲོག་སོང་། 

ཤག་མཚེས་ཀྱི་བླ་རྒན་ཡང་བརྩོན་འགྲུས་ཆེ་ཞིང་སྣ་བོ་ཆེ་བའི་ཉི་མ་ལ་ཤིན་ཏུ་དགའ། རྒྱུན་པར་ཉི་མའི་ཨ་ཁུ་དང་ཁ་བརྡ་བྱེད་ཚེ་ཀུ་རེའི་ཚུལ་གྱིས།“ང་ད་ནས་བཟུང་སྔོན་ལས་ཀྱང་སྔ་མོ་ནས་ལངས་དགོས།”

ཉི་མས་ཨ་ཁུའི་ཚིག་དེའི་དོན་ལོས་གོ།

ཤག་མཚེས་བླ་རྒན་གྱིས།“ངའི་ཁང་བའི་གཡོན་ཕྱོགས་སུ་ཨ་ནུ་ཐང་ནས་ཡོང་བའི་གྲྭ་ཕྲུག་དང་གཡས་ཕྱོགས་ནས་ཁྭ་ཏ་ཚོའི་སྐད་ཇི་འདྲའི་མཐོ་ཨང”ཟེར།

བླ་རྒན་གྱིས་ད་དུང་ཉི་མ་ལ“ངས་བལྟས་ན་སྣ་བོ་ཆེ་བའི་མིའི་སྐད་ཀྱང་མཐོ་ལ། སྐད་མཐོ་བའི་མི་ལ་གཉིད་ཀྱང་ཉུང”ཞེས་བཤད་པར་ཉི་མ་གད་མོ་ཤོར། 

ཉི་མས་དེ་ནི་བླ་རྒན་གྱིས་རང་ལ་སྟོད་ར་བཏང་བ་ཤེས་མོད། འོན་ཀྱང་ཁོ་དང་ཁྭ་ཏ་གཉིས་དཔེ་གཅིག་ཏུ་སྦྲེལ་བ་དེར་དེ་འདྲ་མ་འཐད། རྒྱུ་མཚན་ནི་རྣར་མི་སྙན་པའི་ཁྭ་ཏས་སྐད་ཅོར་བརྒྱབ་ཐེངས་རེར་མི་རྣམས་ལ་ཆ་མི་འཚལ་བའི་འབྱུང་འགྱུར་གྱི་བྱ་བར་བློ་མི་བདེ་བའི་ཞེ་ཁྲེལ་ཞིག་ཀྱང་སྟེར་བས་དེ་ནི་བཀྲ་ཤིས་པའི་ལྷ་བྱ་ཞིག་ཏུ་སུས་ཀྱང་མི་འདོད། ཡིན་ན་ཡང་བྱ་བྱེའུ་འབའ་འབུ་ཙ་ཙིག་གང་ཡིན་ཡང་སྲོག་ལྡན་ཞིག་ཡིན་པའི་ཆ་ནས་དགོན་པའི་གྲྭ་ཚང་གི་གད་སྙིགས་སུ་གཟན་འཚོལ་བའི་ཁྭ་ཏ་ལའང་བརྙས་བཅོས་བྱེད་མཁན་གཅིག་ཀྱང་མེད་པས། དགོན་པའི་ཉེ་འདབས་སུ་གཟན་འཚོལ་བ་དང་སྐད་ཅོར་རྒྱག་པ། ཁ་གཡེང་མིག་གཡེང་བྱེད་པའི་ཁྭ་ཏའང་མི་ཉུང་།

ཉི་མ་སྔོན་ལྟར་ནངས་སྔ་མོ་ནས་སྐྱོར་སྦྱང་བྱེད་སྐབས་ཁྭ་ཏ་ཞིག་ཡང་གྲག་བྱུང་། ད་ཐེངས་ཉི་མས་སྲན་མ་གཟོད་པར་སྡོང་མགོ་ལ་རྡོ་ཞིག་འཕང་བས་ཁྭ་ཏ་དེ་ལས་མཐོ་བའི་ཡལ་ག་ལ་ཕོག་པས་མུ་མཐུད་དུ་སྐད་ཅོར་བརྒྱབ་པ་དང་། རྡོ་དེ་བླ་རྒན་གཞན་པ་ཞིག་གི་ཁང་ཐོག་ཏུ་ལྷུང་བས་གྲྭ་བ་ཞིག་སྒོར་བུད་དེ་ཁོ་ལ་ཐེངས་ཤིག་བལྟས་བྱུང་བས། ཁོའི་ཨ་ཁུས་ཉི་མ་ཁྲིད་དེ་དགོངས་དག་ཞུ་རུ་སོང་། 

དབང་ཤུགས་ཆེ་བའི་བླ་རྒན་དེ་ཁྲོམ་ཚོགས་སུ་ཕྱི་ལ་འབུད་དུས་ཁོའི་ལུས་སྟོབས་ཆེ་བའི་གྲྭ་བ་ཚོས་སྔོན་ནས་བསུ་ཞིང་མཐའ་ནས་སྲུང་བའི་སྐབས་དེར་ཁོ་རང་ལ་གཏོགས་པའི་རྔམ་བརྗིད་དང་ཁེངས་ཉམས་ཞིག་ཀྱང་མངོན་བྱུང་། ཡིན་ན་ཡང་ཉི་མའི་ཨ་ཁུ་ལ་དེ་འདྲའི་ཉམས་ཅི་ཡང་མ་བསྟན་པར“འདི་ནི་སྐད་མཐོ་བའི་ཁྱེད་ཀྱི་ཚ་བུ་དེ་ཡིན་ནམ།”ཞེས་དྲིས། 

ཨ་ཁུས་ཉི་མ་ལ“སྒོར་ཤོག ད་ནས་བཟུང་ཁྱོད་ཀྱི་འདུག་ས་སྤར་དགོས།”ཞེས་བཤད་པར།“ང་ཁྭ་ཏ་དེ་ཚོ་ལ་མི་དགའ།”ཞེས་ཟེར་། ཉི་མས་ཀྱང་ཀུ་རེ་ནི་མཛངས་བླུན་ཀུན་གྱི་རང་སྲུང་གི་ཐབས་མཆོག་ཅིག་ཡིན་པ་ལོས་ཤེས། ཨ་ཁུས་ཁོ་ལ་ཁྭ་ཏ་མེད་སར་སྤྱང་ཀི་ཡོད། འདི་ནི་དཔེ་ཙམ་མ་ཡིན། ང་ཚོས་ཆོས་གཞུང་དུ་མའི་ནང་མཐོང་བའི་དགེ་འདུན་པ་ཚོ་དཔེ་འདྲེན་ལུང་འདྲེན་ལ་དགའ་ཡང་། ད་ཐེངས་ཁོ་བོའི་ཨ་ཁུའི་ཟེར་རྒྱུ་དེ་གལ་ཏེ་སྐད་གསེང་མཐོན་པོས་ཀློག་འདོན་བྱས་ཀྱང་མི་གཞན་ལ་མི་གནོད་པའི་ས་དེ་ནི་དགོན་པའི་ལྕགས་རི་ལས་བརྒལ་བའི་ས་དེ་ཡིན་ལ། དེ་རུ་ཁྭ་ཏ་མེད་ནའང་རྒྱུན་པར་གཟན་འཚོལ་བའི་སྤྱང་ཀི་རེ་ཐོན་ངེས། 

.དེ་ལྟར་ཉི་མས་སྤྱང་ཀི་ཡོད་སར་ས་དོང་ཞིག་རྙེད། དོང་སྒོར་བརྩིགས་པའི་རྡོ་ཡིས་ཙག་རླུང་འགོག་པ་མ་ཟད། དེ་བས་ཀྱང་བྱེད་ནུས་གཞན་ཞིག་ཡོད་པ་ནི་སྤྱང་ཀི་འགོག་ཐུབ། ད་དུང་དེ་ན་ལག་ཏུ་འཛིན་བདེ་བའི་སྲ་ཤིང་གི་དབྱུག་པ་ཞིག་ཀྱང་ཡོད་པས་ཉི་མས་ས་དོང་དེ་རུ་བློ་སེམས་གཅིག་སྒྲིམ་གྱིས་སྒྲུབ་སྦྱོང་ལ་འབད། 

ཉི་མས་ཁོ་རང་གི་ཤེས་རབ་དང་བརྩོན་འགྲུས་ལ་བརྟེན་ནས་སློབ་གྲོགས་གཞན་ལས་སྔ་མོ་ནས་ཚད་ལྡན་གྱི་གཞུང་ལ་ཞུགས། 

དགོན་པའི་རིག་གནས་སྒེར་སྡོམ་བྱེད་པའི་གནས་ཚུལ་འོག་ཏུ། དགོན་པ་ཆུང་བ་རྣམས་དམའ་རིམ་སློབ་གྲྭ་ཞིག་དང་། དགོན་པ་ཆེ་བ་རྣམས་སློབ་ཆེན་ཞིག་དང་མཚུངས། དེ་ཡང་འཇིག་རྟེན་པའི་སློབ་གསོ་དང་མི་འདྲ་བ་ནི་སྦྱང་བྱ་ཐམས་ཅད་བྱིས་དུས་ནས་མགོ་བཟུང་ཞིང་། འདི་འདྲའི་ཕྱི་བཀག་ནང་སྡོམ་གྱི་སློབ་རའི་ནང་དུ་གཏན་འཁེལ་བྱས་པའི་སློབ་འགན་དེ་ངེས་པར་སྲུང་དགོས། 

གྲྭ་བ་ཆུང་ཆུང་ཚོས་ལེན་པའི་ཐོག་མའི་སྡོམ་པ་དེ་ལ་དགེ་བསྙེན་ཟེར་ཞིང་། དེས་སྲོག་མི་གཅོད་པ། མ་བྱིན་པ་མི་ལེན་པ། ལོག་གཡེམ་མི་བྱེད་པ། རྫུན་མི་སྨྲ་བ། ཆང་མི་འཐུང་བ་བཅས་སྲུང་དགོས། ལོ་ན་ཆུང་བའི་དགེ་ཕྲུག་ཚོས་སྲུང་དཀའ་བ་དེ་རྫུན་མི་སྨྲ་བ་དེ་ཡིན། 

ཉིན་ལྟར་ཉི་མ་ནུབ་རིར་འཛེགས་སྐབས་ལྷ་སྐུའི་མདུན་གྱི་ཀོང་བུའི་མཆོད་ཁ་གསོ་བའི་སྐབས་དེར། དགེ་རྒན་གྱིས་གྲྭ་བ་ཚོ་དེར་བསྡུས་ཏེ“དེ་རིང་ཁྱོད་ཚོས་རྫུན་ཨེ་བཤད”ཅེས་དྲིས། 

བྱིས་པ་ཚོས་ཁ་ཅི་ཡང་མི་གྲག་པར་པུས་མོ་ས་ལ་བཙུགས་ཏེ་ཕྲེང་བསྒྲིག་པའི་མགོ་བོ་སྐྱ་རིལ་དག་ལ་མ་སྨིན་པའི་བྱིས་བློ་དང་སླད་མེད་བཅོས་མིན་གྱི་ཉམས་ཤིག་ཀྱང་དོད་འདུག 

དགེ་རྒན་གྱིས་ཡང་།“ངས་ཟེར་བ་དེ་ངག་གིས་གཞན་ལ་རྫུན་བཤད་པ་དེ་ཟེར་བ་མིན། དེ་མི་བྱེད་པ་ངས་ཤེས། ངས་ཟེར་བ་དེ་ཁྱོད་ཚོའི་སེམས་ལ་དེ་འདྲ་ཤར་ཡོད་མེད་དེ་ཡིན།”ཞེས་བརྗོད་སླ་བའི་སྡོམ་ཁྲིམས་ཤིག་མཉམ་མ་བཞག་ས་ནས་རྟོགས་པ་འཛིན་ཡོད་མེད་ཀྱི་གནས་སུ་བསྐྱལ།

བློ་བཟང་ཉི་མས་ཁ་གྲག་བྱུང་།“ང་ཚུལ་ཁྲིམས་དང་འགལ་འདུག”ཁྱོས་རྫུན་ཅི་ཞིག་བཤད་པ་ཡིན། “ངས་རང་ལ་སྤྱང་ཀི་ལ་སྐྲག་མི་དགོས་སྐྲག་མི་དགོས་ཞེས་བཤད་ཀྱང་དོན་དངོས་སུ་ང་སྤྱང་ཀི་ལ་སྐྲག”ཅེས་ཟེར།

དགེ་རྒན་གྱིས་སྒྲིག་ཁྲིམས་སྲུང་བའི་ཕྱིར་ཁོ་ལ་གཤེ་གཤེ་བཏང་།

དེ་ལྟར་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་ལ་ཐོན་དུས། རབ་བྱུང་གི་སྡོམ་པ་ལེན་པར་ཐོན་ཡོད། སྔོན་གྱི་སྡོམ་ཁྲིམས་ལྔ་པོའི་ཁར་ཡང་ལྔ་བཞག དེའི་རྗེས་ནས་ཁྲིམས་སུམ་ཅུ་སོ་དྲུག་སྲུང་བའི་དགེ་ཚུལ་དང་། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བའི་དགེ་སློང་གི་སྡོམ་པ་བཞེས་དགོས་པ་རེད།

སློབ་སྦྱོང་གི་རིམ་པ་ངེས་ཅན་ཞིག་ལ་ཐོན་དུས། གྲྭ་བ་ཚོ་ཚོགས་ཆེན་འདུ་ཁང་དུ་གྲྭ་ཚང་དང་མཉམ་དུ་འདོན་རྟ་དབྱངས་ལ་ཞུགས་ཆོག དེའི་དུས་བློ་བཟང་ཉི་མ་ནི་ཁྱིམ་དཀྱུས་མ་ཞིག་གི་བུ་ཕྲུག་ནས་སྒར་དགོན་པ་ཞིག་གི་དགེ་ཕྲུག་ཏུ་གྱུར་ཡོད། དེ་ནི་ཁོ་ལ་མཚོན་ན་མིང་རྐྱང་བའི་འབོད་ཚུལ་ཞིག་གི་ཁྱད་པར་ཙམ་མིན་པར། ཤེས་པར་བྱ་བའི་ཆོས་ཐམས་ཅད་ཀྱི་ངོ་བོ་དང་གནས་ལུགས་ལ་ངེས་ཤེས་འཚོལ་བའི་སློབ་སྦྱོང་གི་བཤུལ་ལམ་རིང་མོའི་ཁྲོད་ཀྱི་ཐོག་མའི་སྐས་རིམ་དེ་ཡིན།

ཚོགས་ཆེན་འདུ་ཁང་དུ་ཚོགས་གྲོལ་བ་ན། ཉི་མས་རང་སེམས་ཀྱི་དགའ་བ་གནོན་མ་ཐུབ་པར་དགོན་པའི་ཕར་ངོས་ཀྱི་རི་འབུར་དེའི་མགོར་འཛེགས། དེ་ནི་ཨ་ཁུས་ཁོ་དགོན་པར་ཁྲིད་ཡོང་སྐབས་ཇ་སྐོལ་ནས་ངལ་གསོ་ས་དེ་རེད། ས་དེ་ནས་ཁོ་ལོ་ངོ་བཅུ་ཕྲག་ལ་ཉེ་བར་མི་ཚེའི་ཁ་ཕྱོགས་འཚོལ་བའི་དགོན་པའི་ལྕགས་རི་དེ་མཐོང་། ད་ལྟ། རང་ཉིད་ཡོང་སའི་ཀྱ་ཀྱུའི་བཤུལ་ལམ་རིང་མོར་ཡང་བསྐྱར་ཐེངས་ཤིག་བལྟས་ཚེ། ཕ་ཡུལ་དང་གཉེན་ཉེ་དྲན་བྱུང་། ཨ་མ་ལ་ཡང་བུ་ཞིག་སྐྱེས་པ་དང་། ཨ་མ་རང་གིས་བུ་མོ་ཞིག་ཡིན་ན་འདོད་དེ། དེ་ལྟ་ན་མོ་ལ་ལག་རོགས་ཤིག་མཆིས་ཀྱང་། ཡང་བུ་ཞིག་སྐྱེས་ཡོད་པའི་སྐད་ཕ་ཡུལ་ནས་འབྱོར། 

བློ་བཟང་ཉི་མའི་མིག་ཟུང་ལས་ཨ་མ་དྲན་པའི་མཆི་མ་འགོག་ཐབས་བྲལ། ཁོས“ཨ་མ་ཨ་མ”ཞེས་ཤབ་ཤུབ་ཀྱི་རེ་འབོད་བྱས་པའི་སྐད་གོ་བྱུང་། ཁོ་ནི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བ་ཞིག་ཡིན་པས་འདི་ལྟ་ན་ཡང་ཁྲིམས་དང་འགལ་མེད། 

བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་ཁྱད་པར་གཙོ་བོ་དེ་གྲྭ་བ་ཚོས་རང་གི་བཟའ་མི་གཉེན་ཉེ་ཚོའི་འབྲེལ་ཐག་དེ་བཙན་གྱིས་གཅོད་མི་གཅོད་པ་དེ་རེད། 

བོད་བརྒྱུད་ནང་བསྟན་གྱི་གྲྭ་བའི་ཁ་གྲངས་མང་ལ་མང་ཆེ་བའི་ཁ་རྒྱབ་ཁྱིམ་པ་ལ་བརྟེན་དགོས། གལ་ཏེ་གྲྭ་བ་ཞིག་ལ་དགོན་པ་དེ་ལས་ཤེས་ཡོན་དང་གོ་ཐོབ་ངེས་ཅན་ཞིག་ལྡན་ན་ཡོང་སྒོ་ཡང་མཐོན་པོ་ཡོད་པས་ཁྱིམ་པ་ལ་ཕར་རོགས་རམ་བྱེད་ཐུབ། དེའི་ཕྱིར་སྤྱི་ཚོགས་རྙིང་བར་བོད་ཀྱི་སྐྱེས་པ་ཚོ་དགོན་པའི་གྲྭ་བར་ཞུགས་པ་དེ་རིག་གནས་ཡོན་ཏན་དང་དད་པ་རྐྱང་བའི་དམིགས་ཡུལ་ཁོ་ནའང་མ་ཡིན། 

འདི་ལྟར་སྣེ་མི་མཐོང་བའི་ལམ་བུ་རིང་མོ་ཞིག་བློ་བཟང་ཉི་མའི་མིག་སྔར་བསྲིང་འདུག 

ཁོས་དགེ་ཕྲུག་སྐྱོང་བའི་དགེ་རྒན་རེ་རེས་ད་དུང་ཤེས་པར་བྱ་བའི་གནས་ཇི་བཞིན་རྟོགས་པའི་འདྲི་གཞི་གཅིག་ནས་གཅིག་འཁྲོལ་བའི་རྣམ་པ་དང་རང་རང་གི་སློབ་སྦྱོང་ལ་བརྩོན་པའི་གོམ་ཁ་ནམ་ཡང་ལྷོད་ཀྱིན་མེད་པ་མཐོང་། ཡིན་ན་ཡང་ཁོ་རང་ད་དུང་ཚད་དམའ་བའི་ཐོག་མའི་མགོ་རྩོམ་ས་ཞིག་ནས་ཡོད། གལ་ཏེ་ཁོ་རང་གྲུབ་མཐའ་འདིའི་རྒྱུགས་སྤྲོད་ལམ་ལུགས་ལ་ཞུགས་ནས་ཡོན་གནས་ཆེས་མཐོ་བའི་དགེ་བཤེས་སུ་འགྱུར་དགོས་ན་སློབ་སྦྱོང་གི་རིམ་པ་འདི་དག་བརྒྱུད་དགོས་ཏེ། 

༡. བསྡུས་གྲྭ་བ། དེ་ནི་གཏན་ཚིགས་རིག་པའི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་དང་མཚན་ཉིད་རིགས་ལམ་ཐོག་མར་སློབ་མཁན་དག་ལ་གོ། 

༢. རྡོ་རམས་པ། གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་མཚན་ཉིད་དམ་བཅའ་འཇོག་པའི་དགེ་བཤེས། 

༣. ཕར་ཕྱིན་པ། ཕར་ཕྱིན་སྦྱང་མཁན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པའི་གཞུང་ལ་སློབ་སྦྱོང་བྱེད་མཁན། 

༤. དབུ་མ་བ། མགོན་པོ་ཀླུ་སྒྲུབ་གྱིས་བརྩམས་པའི《དབུ་མ་ལ་འཇུག་པ》སོགས་ཆེད་དུ་དབུ་མ་སྦྱང་མཁན། 

༥. མཛོད་པ་བ། སློབ་དཔོན་དབྱུག་གཉེན་གྱིས་མཛད་པའི་མཛོད་སྦྱང་མཁན། 

༦. བཀའ་རམས་པ། ཆེད་དུ་འདུལ་ཁྲིམས་སྦྱང་མཁན་ནམ་དགོན་པ་སོ་སོས་རིམ་པ་ཆེས་མཐའ་མ་དེ་སློབ་མཁན། 

སྤྱིར་བཏང་དུ་གྲྭ་བ་ཞིག་གིས་སློབ་སྦྱོང་དང་རྒྱུགས་སྤྲོད་ལམ་ལུགས་འདི་དག་འགྲིམ་ན་ད་གཟོད་མི་གཞན་གྱིས་ཁས་ལེན་ཞིང་གཞན་ལ་སློབ་གསོ་བྱེད་པའི་ཐོབ་ཐང་ཡོད། དེའི་ཁྲོད་དུ་གྲྭ་བ་ལ་ལ་གང་སར་སོང་སྟེ་དགེ་རྒན་བསྟེན་ཞིང་སློབ་སྦྱོང་གི་གོ་སྐབས་འཚོལ་ཞིང་། ཡང་གྲྭ་བ་ལ་ལ་གོང་གསལ་གྱི་དུས་རིམ་ཞིག་ལས་ཐོགས་ཏེ་སློབ་སྦྱོང་གི་མཚམས་བཞག་ནས་དགོན་པའི་དོ་དམ་སོགས་བྱ་བ་གཞན་དུ་ཕྱོགས་པའང་ཡོད། དགོན་པ་ནི་རིག་གནས་ཀྱི་ལྟེ་བ་ཞིག་ཡིན་པ་མ་ཟད། ཡུལ་སྡེའི་སྲིད་འཛིན་གྱི་ལྟེ་བའང་ཡིན་པས་སློབ་མཚམས་བཞག་པའི་གྲྭ་བ་ཚོར་ཁྱིམ་པའི་ལས་ཀ་ལྟ་བུའང་ཤིན་ཏུ་མང་། 

དབྱར་ཟླ་བདུན་པའི་ཚེས་བརྒྱད་ནི་འཆམ་འཁྲབ་དུས་ཆེན་ཡིན་པས། ཕུ་བོས་ཨ་མའི་རྟ་ཁ་ཁྲིད་དེ་སླེབས་ཡོང་།

ཨ་མ་རྟ་གོང་ལས་བབས་མ་ཐག་མིག་ཀོང་མཆི་མས་གང་འདུག འདིའི་རྣམ་པ་མཐོང་བའི་བློ་བཟང་ཉི་མའི་མིག་ཟུང་ལས་ཀྱང་དགའ་སྐྱོ་འདྲེས་མའི་མཆི་མ་དབང་མེད་དུ་ཐོར། 

ཁོའི་ཨ་ཁུས་སྣང་ཚུལ་དེ་མཐོང་བ་ན། ཨ་མ་ལ་ཇ་ལྡུད་དུ་བཅུག་ཅིང་བློ་བཟང་ཉི་མ་ཁང་ཐོག་ཏུ་མངགས་ནས་སོ་མར་བསླབས་པའི་དཔེ་ཆ་ལེན་དུ་བཅུག ཉི་མས་དཔེ་ཆ་བཟུང་ནས་ཤོག་ལྷེ་རེ་རེ་བཞིན་བློར་བཟུང་བ་ན། ཨ་མས་དེའི་ནང་དོན་མ་གོ་རུང་དགའ་སྤྲོ་ཚད་མེད་སྐྱེས།

སྐབས་དེར་ཁོའི་ཕུ་བོ་དགོད་ཞོར“མ་འོངས་པར་ཁྱོད་ཆོས་བཏོན་ནས་དངུལ་མང་བོ་གསོག་ཐུབ་པའི་གྲྭ་བ་ཞིག་ཏུ་འགྱུར་ངེས་རེད”ཟེར། 

ཉི་མས་དེའི་ཐད་ལ་འདང་མ་བརྒྱབ་ཀྱང་། སྐབས་དེར།“རེད། ངས་དངུལ་མང་བོ་བསགས་ནས་ཨ་མར་སྟེར་ངེས།”ཞེས་ཁོ་ལ་ཐོག་དང་བོར་དྲིན་ལེན་འཇལ་བའི་རེ་འདོད་ཅིག་སྐྱེས་བྱུང་། སྟོན་པའི་སྐྱེ་རབས་ལས་ཀྱང་འདི་ལྟར་དྲིན་ལན་འཇལ་བའི་དཔེ་མང་ཡང་ཚང་མ་སྐྱེ་བར་ཕྱི་མར་དོན་དུ་སྨིན་པ་ཡིན་མོད། ཉི་མས་ཚེ་འདི་ནས་ཨ་མའི་དྲིན་ལན་འཇལ་ན་བསམ། 

ཨ་ཁུས་ཁོའི་ཨ་མ་ལ་ཉི་མའི་གནས་ཚུལ་བཤད་པའི་སྐབས་དང་བསྟུན་ནས་ཕུ་བོས་ཁོ་ཁྲིད་དེ་ཁྲོམ་རར་བུད་སོང་།

དེ་དུས་ལྷ་མོ་ཀིརྟི་དགོན་པའི་ཉེ་འདབས་ན་རིམ་བཞིན་མཛོད་དགེ་ས་ཆའི་ཚོང་ར་གཅིག་པུ་དེ་ཆགས་བཞིན་ཡོད་ལ། ཅུང་གཏན་འཇགས་ཡིན་པའི་ཚོང་ཁང་ཡང་ཉི་ཤུ་སུམ་ཅུ་ལྷག་ཡོད། དུས་དེར་བོད་པ་ཚོས་ཚོང་གཉེར་བྱེད་པར་ཐད་ཀར་ཚོང་ཁང་ཕྱེ་བའང་མིན། བཅིངས་འགྲོལ་སྔོན་གྱི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ་ཚོང་ལས་ཀྱང་འཕེལ་རྒྱས་ཅུང་ཙམ་སོང་ཡོད། དགོན་པའི་འཆམ་འཆམ་པ་སོགས་དུས་ཆེན་རེར་ཐུག་དུས་ཚོང་ར་ལ་མི་མང་འཛོམས་ཞིང་། ཤོག་ཁ་སོ་སོ་ནས་ཁྱེར་ཡོང་བའི་གླ་རྩི་དང་མར། ཀོ་རིགས། ནས་སོགས་ཀྱི་ཚོང་རྫས་དག་ཁབ་སྐུད་དང་། རས། ཇ། ཞིམ་རིགས། ཚྭ་སོགས་ཕན་ཚུན་བརྗེ་རེས་བྱས། དེ་ལྟར་མི་མང་ཞིང་ཐལ་རྡུལ་ལངས་པའི་ཚོང་ར་ན་ཕུ་བོའི་གྱོན་པ་དེ་བས་མཛེས་ཤིང་ལྟ་ན་སྡུག བློ་བཟང་ཉི་མའི་ཕུ་བོ་ལ་སྔོན་དེ་འདྲའི་གོན་པ་ཡག་པོ་ཡོད་པ་མ་ཤེས་པས་ཕུ་བོ་ལ་གོན་པ་དང་སྤུས་ལེགས་གློ་གྲི་འདི་དག་ཉོ་སྤྱད་ཀྱི་དངུལ་ཡོང་ཚུལ་དྲིས། 

ཕུ་བོས་འཛུམ་དམུལ་དམུལ་གྱིས་ཅི་ཡང་མ་སྨྲས། 

ཕུ་བོའི་ལུས་པོ་རིང་ལ་གོས་ཀྱང་མཛེས་པས། མི་ཚོགས་སུ་དམིགས་བསལ་དོད་པོ་ཞིག་ཡིན་པས། ཀུན་གྱིས་ཡིད་སྨོན་འཆོར་བའི་ཟུར་མིག་དང་འགྲོགས་པར་ང་རྒྱལ་དང་ཁེངས་དྲག་ཅིག་སྐྱེས། ཉི་མ་ཕུ་བོ་དང་འགྲོགས་ནས་ཡོང་བ་ན་ཁོས་ཀྱང་འདི་དག་ཚང་མར་དེར་བསྟུན་གྱི་རིན་ཐང་ཞིག་ལྡན་སྙམ། ཐོག་དང་པོར་དངུལ་སྒོར་ལ་ཡང་དགེ་བཤེས་ཚོའི་ཤེས་ཡོན་དང་། སྤྲུལ་སྐུ་ཚོའི་ལས་དབང་བཞིན་གཞན་གྱི་ཡིད་དབང་འཕྲོག་པའི་གཟི་འོད་འཕྲོ་ཐུབ་སྙམ།

ཉི་མ་ཁོ་རང་ལ་ཡང་འདི་ལྟར་འཕྲིན་ལས་ཀྱི་འོད་སྣང་ནམ་ཡང་སྤྲོས་ན་འདོད། 

ཕུ་བོས་ཚོང་ར་ནས་མི་ཁ་ཤས་ཀྱི་ཅ་ལག་གཅིག་ཏུ་སྒྲིག་ཏེ་གང་གང་ལ་བརྗེ་དགོས་པ་ཀ་ངོ་ཚེག་ངོ་ཟིན་པའི་ནུ་བོ་ལ་འབྲི་རུ་བཅུག ཕུ་བོས་ཅ་ལག་འདི་དག་ཚོང་ཁང་གཞན་ལ་ཁྱེར་ཏེ་གོང་གཏམ་ནས་མི་དེ་དག་ལ་དགའ་དགའ་སྤྲོ་སྤྲོའི་ངང་རང་ལ་མཁོ་བའི་ཅ་ལག་རེག་ཏུ་བཅུག དེའི་བར་ནས་ཁོ་རང་ལ་ཡང་དངུལ་སྒོར་འགའ་རེ་ཐོབ། འདིའི་བརྒྱུད་རིམ་དང་བཟོ་སྟངས་ཀྱང་མིག་འཕྲུལ་ཞིག་དང་མཚུངས། ཕུ་བོས་ཡང་མིག་འཕྲུལ་རྩེ་བ་བཞིན་དུ་དངུལ་སྒོར་ཞིག་བླངས་ནས་ནུ་བོའི་རྣ་སྒོར་སྤུར་བ་ན། ཡིད་སྤྲོ་བའི་སྒྲ་སྙན་ཞིག་རྣ་ལམ་དུ་གྲག་ཅིང་། དེ་ནི་དུས་ཚིགས་འདིའི་སྦྲང་མ་བཞིན་དུ་དར་དིར་གྱི་སྒྲ་དང་མཉམ་དུ་ནུ་བོའི་རུམ་དུ་ལྷུང་། 

“ཁྱོད་ལ་སྟེར།”ཞེས་ཕུ་བོས་ད་དུང“ཁྱོད་འདི་འདྲའི་རྣམ་དཔྱོད་ཅན་ཞིག་རྗེས་ནས་གཉེར་བ་བཟང་བོ་ཞིག་འཇོན་ངེས།”ཟེར། 

བློ་བཟང་ཉི་མས“ཀུན་གྱིས་ང་ལ་མ་འོངས་པར་དགེ་བཤེས་བཟང་བོ་ཞིག་ཡོང་ངེས་ཟེར”ཞེས་ཟེར། 

ཕུ་བོས་ཡང་ཁོ་ལ་དངུལ་སྒོར་གཅིག་བྱིན་ནས“དགེ་བཤེས་ལ་འགྱུར་རྒྱུ་དེ་ཤིན་ཏུ་དཀའ”ཟེར། 

“ང་མི་སྐྲག” 

དགོན་པར་ཐོན་དུས་འཆམ་འཁྲབ་འགོ་སྔ་མོ་ནས་བརྩམས་འདུག

ཉི་མས་ཨ་མ་ཡང་དགའ་སྤྲོའི་རྣམ་པས་ཁེངས་པའི་མི་ཚོགས་སུ་མཐོང་བྱུང་། ཕུ་བོས་ཉི་མ་ལ།“ཨ་མའི་གམ་དུ་ངེད་གཉིས་ཀྱིས་ཚོང་བརྒྱབ་ཚུལ་མ་བཤད་ཟེར།”

“ཅི་རེད། ཨ་མ་དངུལ་ལ་མི་དགའ་བ་རེད་དམ།”ཞེས་དྲིས།

“དེ་རིང་མི་དགའ། ཕུ་བོ་དགོད་ཞོར་མོས་ང་ཤི་རྗེས་དམྱལ་བར་སློང་བར་སེམས་ཁྲལ་བྱེད་ངེས་ཟེར།”

“དེ་ན་ངས་མི་བཤད། ཨ་ཁུ་ལ་ཡང་མི་བཤད།”ཟེར།

“ཕུ་བོ་ཡང་གད་མོ་ཤོར་ཞོར་ཨ་ཁུ་ད་དྲག་ནི་རེད།”ཟེར།

སྐབས་འདིར་སྒྲ་དབྱངས་དང་འགྲོགས་ཏེ་འཆམ་པ་བ་སྒོར་ཐོན་ཡོང་། ཕུ་ནུ་གཉིས་མང་ཚོགས་སུ་འཚང་སྟེ་འཆམ་ལ་བལྟས།

འདི་ནི་དོན་དཔེ་ལ་སྦྱར་ཏེ་བསམ་བློའི་སློབ་གསོ་བྱེད་པའི་གཏམ་རྒྱུད་ཅིག་རེད།

སྔོན་ལ་སྤྲ་མི་རུ་བརྫུས་པའི་མི་གསུམ་ཡོད་ལ། ཕར་ལྡིང་ཚུར་མཆོངས་རེ་བྱས་ནས་གར་སྟེགས་ལས་བུད་འགྲོ། དེ་ནས་སློག་རྩག་ཕྱིར་ལོག་ཏུ་གྱོན་ཞིང་ཕུང་སྨད་ལ་ལྕང་ལོས་གཡོགས་པའི་རྔོན་པ་ཕུང་རིང་གཉིས་ཀྱིས་མདའ་གཞུ་དང་གྲི་རིང་ཐོགས་ཏེ་བུད་ཡོང་། བྱིས་པ་གཉིས་ཀྱིས་བྲོ་ཁ་དང་ཐབ་ཆ་བསྡུས་པའི་ཁུག་མ་ཞིག་རྒྱབ་ལ་ཁུར་ནས་རྗེས་སུ་ཡོང་། ཤ་ཁྱི་གཉིས་ཀྱང་མི་ཡིས་འབག་གོན་ནས་འཁྲབ་སྟོན་བྱས་ཡོད་ལ་བྱིས་པ་གཉིས་ཀྱི་རྗེས་དེད། 

ཉི་མས།“ཁོ་ཚོས་རྔོན་བྱེད་ངེས།”ཟེར། 

ཕུ་བོས།“ཚུགས་ཀར་བལྟས་ན་ནས་འབྲེག་ཏུ་འགྲོ་བ་མ་རེད་དམ།”ཟེར། དེ་དུས་བྱིས་པ་གཉིས་ཀྱིས་འཁྲབ་པའི་ཤྭ་བ་གཉིས་སྒོར་བུད་ཡོང་། རྔོན་པ་དང་ཤྭ་ཁྱི་གཉིས་ཀྱིས་གང་སར་བདས་པ་ན་སྙིང་རྗེ་བའི་ཤྭ་བ་ལ་འབྲོ་སའི་ཁུང་བུ་མ་རྙེད། གློ་བུར་བྲག་མགོ་ན་བཞུགས་པའི་བླ་མ་ཞིག་གིས་མི་ཡིས་དགེ་བ་སྒྲུབ་དགོས་པ་ལས་སྲོག་གཅོད་པ་སོགས་སྡིག་པའི་ལས་མི་བགྱི་བར་གྱུར་ཞེས་ཆོས་བཏོན་པ་ན་ཤྭ་བ་དེར་སོང་སྟེ་བླ་མའི་གམ་དུ་བསྡད། 

ཤྭ་ཁྱིས་རྗེས་སྙེག་དེ་དེར་ཐོན་པ་ན་ཆོས་སྐད་གོ་བས་ཤྭ་བ་མི་འཛིན་པར་ཤྭ་བ་དང་མཉམ་དུ་བླ་མའི་ཐུ་འོག་ན་ཆོས་གསུངས་པར་ཉན་འདུག རྔོན་པས་དེ་མཐོང་བ་ན་མི་རངས་པའི་རྣམ་འགྱུར་གྱིས་གཞུ་བཀུག་སྟེ་མདའ་འཕེན་གྲབས་བྱས་ཚེ་བྱིས་པ་གཉིས་ཀྱིས་ཁྲིད་དེ་ཆོས་ལ་ཉན་པས་མཐར་མི་བཞི་བོའི་སེམས་ལ་ངེས་འབྱུང་ཆེན་པོ་སྐྱེས། དེ་ནས་བཟུང་རྔོན་བདའ་མ་བྱས་པར་ཕྱུགས་ལས་གཉེར། 

འཁྲབ་སྟོན་ཚར་བ་ན་ལམ་སང་འཆམ་རར་དིར་དིར་གྱི་མ་ཎི་འདོན་པའི་ཆོས་སྒྲས་ཁེངས་འདུག 

ཉི་མས་བལྟས་ན་གཏམ་བརྒྱུད་འདིའང་རྟོག་བཟོ་ཁུང་མེད་ཅིག་རེད་སྙམ་པ་མ་ཟད། དགོན་པའི་ནང་ཡང་སྟོན་པའི་ན་བཟའ་རྒྱབ་ཏུ་མནབས་ཀྱང་རྣམ་དཀར་ལས་ལ་མི་ཞུགས་མཁན་གྱི་གྲྭ་བ་ཡང་ཁ་ཤས་ཡོད་སྙམ། ཡིན་ཡང་ཁོས་མྱོང་བའི་སློབ་གསོ་དང་བསླབ་བྱ་ཡོད་ཚད་ཀྱིས་ཁོ་ལ་འདི་འདྲའི་བློ་སྐྱེས་པ་ནི་མ་གུས་པ་དང་ལོག་ལྟ་རེད་སྙམ་ཏེ་གློ་བུར་འགྱོད་བཤགས་སུ་ལྕེ་ནར་བྱས་ཏེ། རང་སེམས་སྲུང་ཞིང་ངག་ནས་བསྐྱར་བའི་མ་ཎི་འདོན་རྟ་དབྱངས་དེ་གྲྭ་ཚང་གི་ཆོས་སྒྲའི་ཀློང་དུ་འཁྱིལ་སོང་། 

འདིས་མི་རྣམས་ལ་སེམས་གསོའམ་ཞི་བདེའི་ཚོར་སྣང་ཞིག་བྱིན། 

ཡིན་ཡང་མི་སོ་སོས་རང་སེམས་བདེ་ལྷོད་ཀྱི་ཚོར་སྣང་ཞིག་ལ་སྙེགས་ན། མི་རིགས་དང་ལོ་རྒྱུས། ཡང་ན་རང་གི་རིན་ཐང་མངོན་པའི་བསམ་བློ་བ་ཞིག་འབྱུང་དཀའ་ལ། བསམ་བློ་བ་དཀོན་པའི་མི་རིགས་ཤིག་བལྟས་ཚོད་ལ་དྲང་བདེན་ཡང་དག་གི་ལམ་དུ་གོ་མེད་ཚོར་མེད་ངང་འཇིག་འགྲོ་བ་མིན་ནམ། 

ཡིན་ཡང་བསམ་བློ་བ་ཞིག་གམ་འཚོལ་སྙེགས་བྱེད་ཕོད་པ་ཞིག་ཀྱང་ཐོག་མ་ནས་རྣམ་དཔྱོད་ཀྱི་རྩལ་རྫོགས་པའི་ཕྱོགས་ཡོངས་ནས་རང་རྐྱ་འཕེར་བ་ཞིག་ཀྱང་མིན། 

འདུ་འཛི་ཆེ་བའི་དགོན་པའི་འཆམ་དང་གཉེན་ཉེ་ཚོའི་འདུ་འཛོམས་ཀྱི་མཇུག་ཀྱང་རྫོགས་སོང་། 

དགོན་པ་ཡང་སྔར་ལྟར་ལྷིང་འཇགས་དང་བརྗིད་ཉམས་ལྡན་པར་གྱུར། དེ་ལས་བྱུང་བའི་དོན་དག་ལ་ལ་དེའི་ཕྱི་ཚུལ་དང་དེ་འདྲ་མི་མཚུངས་མོད། བསླབ་པ་སློབ་གཉེར་ལ་བརྩོན་མཁན་དག་སྔར་བཞིན་རང་རང་གི་ལམ་དུ་གང་ནུས་ཅི་ལྕོགས་ཀྱིས་མདུན་དུ་སྐྱོད་བཞིན་ཡོད། 

དུས་ཚོད་ཀྱི་དབང་གིས་བློ་བཟང་ཉི་མ་དུས་འཁོར་ལ་མོས་པ་སྐྱེས། རྒྱུ་མཚན་དུས་འཁོར་གྲྭ་ཚང་གི་མཆོད་ཡུལ་དུ་གྱུར་བའི་དུས་འཁོར་གྱི་ལྷ་ནི་སྟོན་པ་ཤཱཀྱ་ཐུབ་པ་ལྟར་ཞི་བའི་ཉམས་དང་ལྡན་པ་ཞིག་མ་ཡིན་པར་སྐུ་ལུས་སྔོ་ལ་དཀར་དམར་སྔོན་གསུམ་གྱི་དབུ་ཐོད་གསུམ་ཡོད་པ་མ་ཟད། སྐུ་ལུས་ཀྱང་རྒྱན་ཆ་སྣ་ཚོགས་ཀྱིས་སྤྲོས་ཡོད་པ་ཞིག་རེད། འདིས་ཀྱང་ཐུན་མིན་གྱི་མཛེས་པ་གཞན་ཞིག་བསྟན་ཡོད་མོད་མི་སྤྱིར་བཏང་བ་ཞིག་གིས་དེའི་མཚོན་དོན་དང་མཛེས་པ་རྟོགས་དཀའ། 

ཡང་ལོ་ཟླ་ཡི་དབང་གིས་རྗེས་མི་ཟིན་པའི་འདས་སོང་གང་མང་ཞིག་གིས་མི་ལ་སྒུལ་ཤུགས་ཀྱང་སྟེར་བས། བློ་བཟང་ཉི་མ་དུས་དེ་ནས་བཟུང་སྙན་ངག་དང་སྒྲ་ཚད་བཟོ་གསོ་སོགས་གནས་ལྔ་རིག་པའི་ཕོ་བྲང་དུ་བཞུད། 

འདི་དག་ཡང་ན་ང་ཚོས་རྒྱུན་པར་བཤད་པའི་ཆོས་ལུགས་སུ་འདྲེས་པའི་རིག་གནས་ལ། ཐང་སིན་བླ་མའི་རྣམ་ཐར་དུ་གསུངས་པའི་རྒྱ་གར་གྱི་ནང་ཆོས་པ་ཞིག་ལོ་བདུན་གྱི་རྗེས་ནས་རིམ་བཞིན་རིག་གནས་ཆེ་བ་ལྔ་སྦྱང་དགོས། དེ་དག་ནི་སྒྲ་རིག་པ་དང་། བཟོ་རིག་པ། གསོ་བ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་སོགས་ཡིན། 

བློ་བཟང་ཉི་མས་ཤེས་རིག་གི་སྒོ་མོ་རེ་རེ་བཞིན་འབྱེད་བཞིན་པ་མཐོང་ཞིང་། གངས་ལྗོངས་ནས་འཕྲོས་པའི་རབ་དཀར་འོད་ཟེར་སྟོང་གིས་སྨག་རིམ་མཐའ་དག་བཅོམ་ཏེ་མིག་སྔའི་ཡོད་ཚད་གསལ་ལྷང་ངེར་གྱུར། 

ཁོང་གིས་དུས་འཁོར་གྱི་དཔེ་ཆ་ཞིག་ཏུ་རྩོམ་པ་བོས་རྩོམ་འགོ་རུ་རྩོམ་ཡུལ་གང་དེར་ཁྱད་པར་བརྗོད་པའི་སྙན་ངག་ཅིག་བཤུ་འབྲི་བྱས།

སྔོན་ཆད་མ་བྱུང་བ་ནི་འདིར་མེད་ཀྱང་།།

བརྒྱུད་ལྡན་གསོ་བྱེད་རིག་པའི་ཉིང་ཁུ་དང་།།

གང་གི་མཁྱེན་དཔྱོད་ནམ་མཁའི་སྐྱེད་མོས་ཚལ།།

ལྔ་རིག་རྒྱུ་སྐར་མེ་ཏོག་འཛུམ་ལྡན་པའི།།

ལེགས་བཤད་འོད་སྣང་སྦྲང་རྩིའི་ཟིལ་མངར་ལས།།

ཅུང་ཙམ་ཐོབ་པའི་ཚུལ་འདི་བདག་གིས་གླེང་།།

འདི་ནི་ཁོང་གིས་བཤུས་པའི་བྱ་བར་འཇུག་པའི་དམ་བཅའ་བའམ་རང་ལ་སྐུལ་མ་གཏོང་བའི་ཤོ་ལོ་ཀ་རེ་ཡིན་ལ་གཤམ་གྱི་དེ་དག་གཙོ་བོ་ཚིག་གི་སྡེབ་སྦྱོར་དང་སྙན་འཇེབས་ཡིད་འོང་གི་མངོན་བརྗོད་སོགས་སློབ་བྱ་གཙོ་བོ་བྱས་ཡོད། 

ཐུགས་བསྐྱེད་གཙང་མའི་ཀུན་གསལ་དབྱིངས་ལས་ཕན་བདེའི་འོད་སྣང་འབུམ་དུ་བཞད་པའི་ཉིན་བྱེད་དབང་།།

གངས་རིའི་ལྗོངས་འདིར་གསོ་བྱེད་རིག་པའི་པདྨ་གཞོན་ནུའི་འཛུམ་མདངས་ལྷུག་པར་གྲོལ་བའི་གཉེན།།

བེཊུརྱ་འོད་ཀྱི་བརྩེ་དགས་འཁྱུད་པའི་བདུད་རྩིའི་དབང་བོའི་གོ་འཕང་མཆོག་ལ་མངའ་བརྙེས་པའི།།

དཔག་ཡས་ཡོན་ཏན་བྱེ་བའི་འབྱུང་གནས་བཤེས་གཉེན་ཚོགས་རྣམས་བདེ་ཆེན་འཁོར་ལོའི་རྒྱན་དུ་རོལ།།

ལུང་རིག་ཡོན་ཏན་དཀྱིལ་འཁོར་རབ་རྫོགས་ཤིང་།།

སྐྱེ་དགུའི་ཚ་གདུངས་སེལ་བའི་དཔལ་ཡོན་ཅན།།

གངས་ལྗོངས་གསོ་རིག་ཀུ་མུད་བཞད་པའི་གཉེན།།

སྨན་རྒྱལ་ཡོན་ཏན་མགོན་པོར་སྙིང་ནས་འདུད།།

འཆི་མེད་ཚེ་ཡི་རིག་བྱེད་ནོར་བུའི་མཛོད།།

སྒོ་འཕར་ལྷུག་པར་གྲོལ་བའི་ལྡེ་མིག་མཆོག།

ཅི་དགར་ལག་ཏུ་གཏོད་མཛད་བྱ་ཟུར་གཉིས།།

སྲིད་མཐའི་བར་དུ་ཞབས་རྡུལ་སྤྱི་བོས་མཆོད།།

འཚོ་བྱེད་རིག་པའི་བསྟན་པ་དུས་ཀྱི་ཆར།།

འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རླབས་ཕྲེང་ཅན།།

ཕུན་ཚོགས་བདུད་རྩི་སྨན་གྱི་ཆུ་གཏེར་ཆེ།།

ཀུན་ནས་འཕེལ་མཛད་ལྷ་རྗེའི་ཚོགས་རྣམས་བསྔགས།།

ཁ་བའི་ལྗོངས་འདིར་གསོ་བྱེད་རིག་པའི་གཞུང་།།

མཐའ་ཡས་ཕྱིར་ན་རྒྱུ་སྐར་གྲངས་ལས་འདས།།

འོན་ཀྱང་གསོ་ཡུལ་ཕྱུགས་གཡང་ཅང་ཤེས་རིགས།།

འཚོ་མཛད་གཙུག་ལག་འགའ་ཡང་མ་མཆིས་པས།།

འདི་འདྲའི་གཞུང་ལུགས་དགོས་པའི་ཉིང་དགོས་སུ།།

རབ་ཏུ་མཐོང་ནས་ཡང་ཡང་བསྐུལ་བའི་མོད།།

རྟེན་འབྱུང་རྫ་རྔ་དབྱུ་གུས་བསྣུན་པ་བཞིན།།

རང་དབང་མེད་པར་རྒན་པོའི་ངག་ལས་ཐལ།།

འདི་ལྟར་བློ་བཟང་ཉི་མ་སྐབས་དེའི་སྤྱི་ཚོགས་ཀྱིས་འདོན་སྤྲོད་བྱེད་ཐུབ་པའི་ཆ་རྐྱེན་འོག་ཏུ། རིག་པའི་མཚོ་མོའི་ཀློང་དུ་ནམ་ཡང་ངོམས་པ་མེད་པར་རིང་དུ་རྐྱལ། དུས་དེ་ནས་བཟུང། ལྕང་ལོ་རེ་རེའམ་མེ་ཏོག་རྐང་གཅིག ཡང་ན་སྒོ་ཁའི་རྩྭ་ར་ཆུང་ཆུང་བཅས་ཀྱི་དུས་བཞིའི་འགྱུར་ལྡོག་ཚང་མ་ཇི་འདྲའི་གླེང་རིན་ཡོད་པ་ཞིག་རེད་ཨང་། མི་མི་ཉུང་བ་ཞིག་གིས་ཁོང་གི་མ་འོངས་ལ་ཚོད་དཔག་བྱས། ལ་ལས་ཁོ་ནི་མ་འོངས་པར་མི་དཀྱུས་མ་ཞིག་མིན་ཚུལ་གླེང་གིན་འདུག 

འོ་ན་མ་འོངས་པར་དངོས་གནས་ཇི་འདྲ་ཞིག་ཡིན་ནམ། 

མདོ་དབུས་མཐོ་སྒང་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་གངས་རི་ར་བས་ཡོངས་སུ་བསྐོར་ནས་དམ་པོར་བཀག་ཡོད། མི་རྣམས་ཀྱི་བསམ་གཞིག་བྱེད་སྟངས་ཡང་སྔོན་དང་ཁྱད་པར་ཅི་ཡང་མེད། འདི་འདྲའི་བསམ་བློའི་འོག་ཏུ། གྲྭ་བ་ཞིག་གིས་རང་གི་དཀའ་སྤྱད་ལ་བརྟེན་ནས་རིག་པའི་མཚོ་མོའི་ཕ་རོལ་བརྒལ་ཏེ་སྤྱོད་པ་གཙང་མའི་རྟུལ་ཞུགས་བཟུང་ན། ཡང་སྤྲུལ་བླུ་ཆོག་པའི་སྤྲུལ་སྐུ་ཞིག་ཏུ་འགྱུར་རྒྱུའི་ཚད་དུ་སླེབས་ཐུབ། ངས་ཀིརྟི་དགོན་ནས་བཅར་འདྲི་བྱེད་སྐབས། ང་ལ་གྲྭ་བ་ཞིག་གིས་སྲིད་གཞུང་ལ་ཁོང་གི་ཡང་སྤྲུལ་བླུ་དགོས་པ་ཡར་ཞུ་བྱེད་དགོས་ཚུལ་གྱི་རེ་བ་བཏོན། 

སྐབས་དེར་ང་དགོན་པའི་ཕར་ངོས་ཀྱི་དེའུ་འབུར་དེ་ན་ཡོད། མིག་གཉིས་གྱིས་ཕར་ངོས་དགོན་པ་ལ་ཅེར་ནས་འདུག་སྐབས། གྲྭ་བ་དེས་ང་ལ་བློ་བཟང་ཉི་མའི་གྲྭ་ཤག་ལ་ལྟོས་དང་ཟེར། 

གྲྭ་ཤག་གཤོང་སའི་རི་དེའུ་ཞིག་གི་མདུན་ངོས་ན་ཡོད་པ་མཐོང་། རི་དེའུ་ངོས་སུ་ཐང་ཤིང་སྟུག་པོ་ཚར་དུ་དངར་ཡོད་ལ། དེ་ནི་དགོན་པའི་ཆེས་མཛེས་པའི་ནགས་ཚལ་དེ་རེད། ངས་ནགས་ཚལ་ཧ་ཅང་མཛེས་ཟེར་བ་ལས་ཅི་ཡང་མ་བཤད། ངས་ཀྱང་དེ་ལས་རྟགས་དང་མཚན་མ་རེ་བཙལ་ན་ཆོག་མོད་མ་བཙལ། 

གྲྭ་བས་ངས་ཅི་ཡང་མི་ཤེས་སྙམ་ཡོད་ཤས་ཆེ། ཁོས“ཁྱོད་ཀྱིས་ལོས་ཤེས། རི་དེའུ་དེ་ཆོས་དུང་ཞིག་རེད་གན”ཞེས་ཟེར། 

ངས་ཀྱང་དུང་ནི་ཆོས་ལུགས་ཆོ་གར་མཁོ་བ་ཞིག་དང་སྐབས་འགར་བཀྲ་ཤིས་པའི་རྟགས་མཚན་ཞིག་ཀྱང་ཡིན་པ་ཤེས།

“ཉི་མའི་གྲྭ་ཤག་ནི་དུང་གི་ཁ་ན་ཡོད། དེའི་ཕྱིར་ཁོང་དེ་འདྲའི་མིང་གྲགས་ཅན་ཞིག་ཏུ་གྱུར།”

དངོས་གནས་རི་འབུར་དེ་དུང་ཞིག་གི་ཚུགས་ཀར་གྱུར་སོང་། དེ་ནི་དགོན་པའི་ཕར་ངོས་ན་ལྕགས་དབྱང་འགྱུར་གྱི་དངོས་པོའི་གཤིས་ལུགས་ལྟར་དམར་པོར་གྱུར་བའི་བྲག་དམར་དང་མཚུངས་པར་ཁྱོད་ཀྱིས་གང་ལ་འདྲ་ཟེར་ན་སྐབས་དེར་དེ་དང་འདྲ་བར་འགྱུར་འགྲོ་བར་སྣང་། 

དུས་དེར་སྐྱེས་པ་ཕལ་ཆེར་གྲྭ་བ་བྱེད་ལ། ཐེ་བོ་དང་ཅོ་ནེ་སོགས་སུ་སྟོན་བསྡུ་བྱེད་སྐབས་ངལ་རྩོལ་བ་ཉུང་། ཀིརྟི་དགོན་པའི་གྲྭ་བ་མང་ཆེ་བ་ས་ཆ་འདི་གཉིས་ནས་ཡོང་བས། ལོ་ལྟར་སྟོན་བསྡུ་ལ་ཐོན་དུས་དགོན་པས་ཟླ་བ་གཅིག་ལ་ངལ་གསོ་ངེས། ལས་ཀ་ལས་ཐུབ་མཁན་ཚོ་ཕྱིར་སོང་ནས་ཁྱིམ་མི་ལ་ལས་རོགས་བྱ། དགོན་པར་ཞུགས་ནས་ལོ་ངོ་ཁ་ཤས་སོང་བའི་ཉི་མར་ཤེས་རིག་ཡོན་ཏན་གྱི་སྦྱངས་འབྲས་ཐོབ་པ་མ་ཟད། ཁོའི་གཟུགས་སྟོབས་ཀྱང་ཆེ་རུ་གྱུར་བས་ཕྱིར་སོང་ནས་ཨ་མར་རོགས་རམ་བྱེད་ཐུབ། 

ཁོ་ཨ་ནུ་ཐང་ལ་ཕྱིར་ཐོན་པ་ན།

སྟོན་ཁའི་ས་ཞིང་ནང་དུ་ལོ་ལེགས་བྱུང་བའི་འབྲུ་ཡི་སྙེ་མའི་དྲི་བསུང་འཐུལ་ཞིང་། སྡེ་བ་ཡོངས་ཀྱི་མི་རྣམས་དེ་རུ་འཛོམས་ཏེ་ཁྱིམ་ཚང་གཅིག་གི་བརྔ་བསྡུ་ཚར་བ་ན། ཡང་ཁྱིམ་ཚང་གཞན་ཞིག་གི་བརྔ་བསྡུ་ལ་བྲེལ། ངལ་གསོའི་སྐབས་སུ་སོག་མའི་ཕུང་བོ་རུ་ཚང་མ་ཕན་ཚུན་རྩེད་མོའི་འཇུ་རེས་འཐམ་རེས་བྱེད་ཅིང་། གྲྭ་བ་ཚོས་གམ་ནས་ཁྱིམ་པ་ཚོའི་དགའ་སྤྲོའི་རྩེད་ཚུལ་ལ་བལྟས་འདུག་པ་ལས་ཐབས་མེད། ཉི་མས་ད་དུང་རང་གི་སྲིང་ཆུང་མར་མི་གཞན་གྱིས་འཇུ་རེས་འཐེན་རེས་ཀྱི་འུར་ཟིང་དང་བསྟུན་ནས་འོ་བྱས་པའང་མཐོང་། 

གནས་ཚུལ་འདི་འདྲའི་འོག་ཏུ་ལོ་ན་གཞོན་པའི་གྲྭ་བ་ཚོར་མཚོན་ན་ཚོད་ཚོད་ལ་བཟོ་ལྟ་ཤོར་བའི་གནས་ཚུལ་འབྱུང་བའང་ཧ་ལས་དགོས་པ་ཞིག་ཅི་ཡང་མིན། འོན་ཀྱང་ཉི་མས་དགེ་འདུན་པ་ཞིག་ལ་ལྡན་དགོས་པའི་ཉམས་ཅི་ཡང་མི་ཤོར་བར་དེ་དག་མཐོང་བར་ཁུང་དགོད་ཅིག་གམ་ཡང་ན་ཅི་ཡང་མ་མཐོང་བ་བཞིན་དུ་གནས། འདི་ཡང་ཁོ་མཚན་སྙན་ཇེ་རྒྱས་སུ་འགྲོ་བའི་རྒྱུ་རུ་གྱུར་བ་མིན་ནམ། 

ངལ་གསོའི་དུས་ཚོད་རྫོགས་ལ་ཉེ་དུས། ད་གཟོད་ཚོང་བ་ཕུ་བོ་ཕྱིར་ཐོན་བྱུང་། ཁོས་སྤུས་ལེགས་གྲ་དག་གི་གོན་པ་དང་འོད་འཁྱིལ་བའི་ཀོ་ལྷམ་ཡུ་རིང་ཞིག་གོན་ཡོད། 

ཁོས་ནུ་བོ་ལ་ལྷ་མོ་ནས་ཁ་ཆེ་ཚོང་བ་ཞིག་དང་ཚོང་དོན་ཞིག་སྒྲུབ་ཏུ་བཅུག ནུ་བོ་དགོན་པར་ཐོན་པ་ནས་ཉིན་ཁ་ཤས་འགོར་རྗེས་ད་གཟོད་ཕུ་བོས་ཁོ་ལ་བཅོལ་བའི་དོན་དེ་དྲན་བྱུང་བས་རི་འདབས་ཀྱི་ཚོང་རར་སོང་། ཁོས་ཕུ་བོས་ཟེར་བ་ལས་ཀྱང་མང་བའི་དངུལ་ཐོབ། ཉི་མ་དེར་ཀན་སུའུ་དཔའ་རིས་ནས་ཟུང་ཆུ་ལ་འགྲོ་དགོས་པའི་ཚོང་བ་ཞིག་ལྷ་མོ་བརྒྱུད་དེ་འགྲོ་སྐབས། ཁོས་ཚོང་རྒྱག་པའི་ཚོང་ཁང་མདུན་དུ་ངལ་གསོས་ཤིང་། དེ་ཚོས་ཟངས་ཆས་གང་མང་ཁལ་བཀལ་ཡོད་པ་མཐོང་། 

དེ་ཚོས་ཁལ་འོར་བཀལ་བྱེད་དུས་བཟོ་རྩལ་སྤུས་ལེགས་ཀྱི་ཟངས་ཀྱི་ཀོང་བུ་ཞིག་སར་ལྷུང་།

ཁོས་ཨ་ཁུའི་མཆོད་ཁང་དུ་ཀོང་བུ་འདི་འདྲ་རེ་ཉོས་ན་འགྲིག་སྙམ། ཟངས་ཆས་ཀྱི་ཅ་ལག་དེ་དག་གསེར་ནག་བཞིན་དུ་གསེར་འོད་འཚེར་གྱིན་འདུག གློ་བུར་ཁོས་སེམས་ཐག་བཅད་དེ་ཕུ་བོའི་དངུལ་ཡོངས་རྫོགས་ཀྱིས་ཟངས་ཆས་ཀྱི་ཅ་ལག་ཉོས། དེ་དག་དགོན་པར་ཁྱེར་ཏེ་ལྐོག་ཏུ་གཞན་ལ་བཙོང་། ཅང་མ་འགོར་བར་ཅ་ལག་དེ་དག་ཡང་དངུལ་དུ་གྱུར་ཏེ་ཕུ་བོའི་དངུལ་ཕྱིར་སྤྲད་པ་ན། ད་དུང་ལྷག་དངུལ་རེ་ཡོད། དེའི་ཕྱིར་ཁོས་ཨ་ཁུ་ལ་རི་མོ་མཛེས་ལ་བཟོ་རྩལ་ལེགས་པའི་ས་གདན་གྲུ་བཞི་ཞིག་ཉོས། 

བློ་བཟང་ཉི་མས་འདི་ལྟར་ཚོང་གི་མགོ་བཟུང་། 

དེ་ལ་ཐབས་ཤེས་ཅི་ཞིག་ཡོད་ཟེར་ནའང་ཤིན་ཏུ་ནས་སླ་མོ་སྟེ། དེ་དུས་ཚོང་བྱེད་པ་དེའང་དམངས་ཁྲོད་དུ་ཕལ་ཆེར་དངོས་པོ་ཕན་ཚུན་བརྗེ་རེས་བྱེད་པ་དེ་ཡིན། ཁོས་སྔོན་ལ་ཅ་ལག་ཅིག་དངུལ་དུ་བསྒྱུར་ནས་ཡང་དངུལ་ཅ་ལག་ཏུ་བསྒྱུར། འདི་ལྟ་བུའི་ཚོང་ཟོག་བརྗེ་རེའི་ཁྲོད་དུ་ཁ་སྟོང་ལག་སྟོང་ཡིན་པའི་ཁོ་ལ་དངུལ་མང་ཙམ་རེག་རྒྱུ་བྱུང་།

ལོ་གཅིག་མ་འགོར་བར་ཁོ་དང་ཨ་ཁུའི་སྡོད་གནས་ཀྱི་ཆ་རྐྱེན་ལ་འགྱུར་བ་བྱུང་། གྲྭ་ཤག་ཏུ་ས་གདན་མང་བོ་དང་ཟངས་ཆས་ངེས་ཅན་ཡོད་པ་མ་ཟད་དངུལ་གྱི་ཅ་ལག་ཀྱང་ཡོད། དུས་ཡུན་ངེས་ཅན་ཞིག་ལ་ཁོ་རང་འདི་ལྟ་བུའི་ཡོང་སྒོ་འཕར་སྣོན་གྱི་རོལ་རྩེའི་སྤྲོ་བ་ལ་གཡེང་སྟེ་སྦྱང་གཞི་ལ་སེམས་ཕྱིར་འཁོར་ཡང་དཀའ་བར་གྱུར། 

ཁོ་རང་ཉིད་ཀྱིས་ཀྱང་འདི་ལྟར་སོང་ན་མི་འགྲིག་པ་ཤེས་མོད་དངོས་གནས་མཚམས་འཇོག་དཀའ། 

ཁོའི་རེ་བའང་མི་གཞན་ཞིག་གིས་འདིའི་མཚམས་གཅོད་ན་འདོད། དངོས་གནས་དགོན་པས་དེ་ལ་ཐེ་གཏོགས་བྱས་བྱུང་། ཁོའི་ཨ་ཁུས་ཀྱང“བུ་ཚ། ད་ཆོག་གི ད་ནས་བཟུང་གྲྭ་བ་ཕྱུག་པོ་ཚོས་ངེད་གཉིས་ལ་སྡོད་གནས་ཀྱི་ཆ་རྐྱེན་ངན་པར་ངན་མཚང་འབྲུ་མི་སྲིད།“ཟེར། 

དོན་དག་ཅིག་འདི་ལྟར་མཚམས་བཞག 

རྗེས་སུ་ཚང་མ་ཚོང་ལ་ཞུགས་པའི་ཚ་རླབས་ཀྲུང་གོ་ཡོངས་ལ་འཕྱུར་ཡང་། ཁོ་རང་གིས་ད་དུང་སློབ་གསོའི་ལས་དོན་ཆེད་གང་སར་རྒྱུག་འདུར་དང་འབོད་སྐུལ་གཏོང་སྐབས། མཚམས་རེར་བློར་མི་འགྲོ་བའི་དོན་རེར་ཐུག་དུས། ཁོས་སྔོན་གྱི་ཚོང་ལས་བྱེད་ཚུལ་གླེང་སྲིད་དེ“དངུལ་བཙལ་རྒྱུ་དེ་ངས་མ་ཤེས་ནི་མ་རེད”ཟེར། 

འདི་ལྟར་བཤད་མོད། གལ་ཏེ་ཁོང་གི་ཚེ་སྨད་དུ་ཤེས་རིག་ཁྱབ་སྤེལ་གྱི་ལས་ཀས་དམ་པ་ཁོང་ལ་རྟག་བརྟན་གྱི་དགའ་བདེ་ཞིག་གནང་ཡོད་ན། ཚེ་སྟོད་ཁོང་གིས་རིག་པའི་གནས་ལྔར་བརྩོན་པ་ལྷུར་ལེན་བྱེད་པ་དེས་ཀྱང་ཁོང་ལ་དལ་འབྱོར་མི་ལུས་འདི་ཉིད་སྟོང་བར་མ་ཟད་སྙམ་པའི་གདེང་ཚོད་ཅིག་སྐྱེ་རུ་ལོས་བཅུག 

ཁོང་སྔར་བཞིན་རིག་པའི་མཚོ་མོའི་མཇིང་དུ་བགྲོད། 

ཁོང་ཀིརྟི་དགོན་པར་བཞུགས་པའི་ལོ་ཟླ་ནི་ཁོའི་ཡོད་ཚད་མགོ་བརྩམས་པའི་དུས་རིམ་ཡིན། ༡༩༣༣ལོ་ནས ༡༩༤༢ལོའི་བར་ཤེས་རྨོངས་མགོ་འཐོམ་གྱི་བྱིས་པ་ཞིག་མི་རིགས་ཤིག་གི་རྒྱང་རིང་བའི་ཕུགས་བསམ་དོན་དུ་གཉེར་བའི་ན་གཞོན་ཞིག་ཏུ་འཚར་ལོངས་བྱུང་། 

སྔོན་ལ་བཤད་པ་བཞིན་དུ་ཀིརྟི་དགོན་པར་གྲྭ་ཚང་གསུམ་ཡོད་པ་དང་། མཚན་ཉིད་གྲྭ་ཚང་གིས་གཙོ་བོ་ནང་ཆོས་ཀྱི་གཞུང་བཀའ་པོད་ལྔ་ལ་སོགས་པ་གཙོ་བྱ་དགོས་ལ། དུས་འཁོར་གྲྭ་ཚང་གིས་གཙོ་བོ་བོད་ཀྱི་རྩིས་སྦྱོང་དགོས། རྒྱུད་པ་གྲྭ་ཚང་ནི་སྔགས་ཕྱོགས་ཀྱི་སློབ་གླིང་ཡིན་ཞིང་། གཙོ་བོ་དགེ་སློབ་བར་འདོན་པ་བརྒྱུད་སྤྲོད་དང་སྒྲུབ་སྦྱོང་བྱེད་ཚུལ་སློབ་དགོས་ལ། ཡང་སྙིང་རྣལ་འབྱོར་གྱི་རིགས་སྦྱོང་དགོས། དེ་ཡང་བོད་ཀྱི་སྲོལ་རྒྱུན་སློབ་གསོ་མྱོང་ཚུལ་དེ་ཡང་གནའ་བོའི་ཀྲུང་གོ་བའི་སློབ་གསོ་དང་འདྲ་བར་སྔོན་ལ་རིག་ཚན་སོ་སོར་སྔོག་བཤེར་ལེགས་པོ་བྱས་པའི་རྨང་གཞིའི་ཐོག་རིག་ཚན་སྣ་གཅིག་གམ་ཆ་རེ་ལ་ཆེད་དུ་སྦྱོང་དགོས། 

བློ་བཟང་ཉི་མ་ཉིན་ལྟར་གྲྭ་ཚང་ལས་སྒོར་འབུད་དུས། མགོ་བོ་བཀྱགས་ནས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་རྒྱང་ལྟ་རེ་བྱེད། ཁོང་གིས་དེ་ལས་ཡངས་པའི་འཇིག་རྟེན་ཞིག་དང་། དེ་ལས་བཀྲག་མདངས་འཚེར་བའི་མི་ཚེའི་མཚར་སྡུག་ཅིག་ལ་རེ་ཞིང་སྒུག

དུས་དེ་ནས་བཟུང་ཁོ་རང་ཨ་ནུ་ཐང་གི་བྱིས་པ་དེ་མ་ཡིན། ཨ་སྔོན་དགུང་དུ་མིག་ཟུང་གིས་རྒྱང་ལྟ་དང་མཉམ་དུ་ཕྱི་རོལ་གྱི་འཇིག་རྟེན་ལ་ཚོད་དཔག་བྱས། 

རྒྱང་རིང་གི་གནམ་མཐའི་འོག་ན་ཅི་ཞིག་གིས་ཁོ་རང་སྒུག་ཡོད་པ་ད་ལྟ་ཤེས་ཤིང་། ཁོང་གིས་ཤེས་ཡོན་གྱི་མངར་ཁ་གཞིབ་པར་དགོན་ཆེན་སོ་སོའི་ཐོས་བསམ་སྒོམ་གསུམ་ལ་དངོས་སུ་ཞུགས་དགོས་སྙམ། ཁོང་གིས་རང་དབང་མེད་པར་གཤམ་གྱི་སྙན་ངག་འདི་ངག་ནས་གྱེར། 

བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན།།

ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར།།

ལམ་མི་ཤེས་ན་ཐར་བའི་གྲོང་མཆོག་ཏུ།།

འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས།།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།།

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།

ཞེས་ཁོང་གི་ངག་ནས་རྗེ་ཙོང་ཁ་བས་བརྩམས་པའི《རྟོགས་བརྗོད་འདུན་ལེགས་མའི》ནང་གི་རང་ལ་སྐུལ་འདེད་ཀྱི་ཤོ་ལོ་ཀ་ཞིག་སྐད་གསེང་མཐོན་པོས་བཀླགས་པས། སེམས་ཀྱི་འདུན་མ་སྔར་བཞིན་བརྟན་པོར་གནས། 

“ང་ད་འགྲོ་དགོས།”ཞེས་ཤུགས་དྲག་པོའི་ཚོར་བས་ཀུན་ནས་བསླངས་ཏེ་ཡིད་ལ་ཤར་བ་དེ་ཁ་ནས་ཤོར། ང་ད་ལྟ་ནས་གནས་འདི་དང་གྱེས་དགོས།“ཞེས་སྐད་གསེང་མཐོན་པོས་བསྒྲགས་པ་ན་སྟབས་ལེགས་པ་ཞིག་ལ་ཁོའི་གམ་དུ་མི་སུ་ཡང་མི་འདུག”(མུ་འགོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1