གེ་སར་སྒྲུང་ལས་མེ་གླིང་གསེར་རྫོང་གི་པར་གཞི་དང་ནང་དོན།

སྨན་ཤུལ་རིན་ཆེན་རྡོ་རྗེ། ( ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་ལྟེ་བ ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


སྲོལ་རྒྱུན་གྱི་གེ་སར་སྒྲུང་གི་དཔེ་རྙིང་ལས་མེ་གླིང་གསེར་རྫོང་གི་པར་གཞི་དང་ནང་དོན་ཞུ་བར་གཉིས་ཡོད་དེ། དང་པོ་པར་གཞིའི་མཐའ་དཔྱད་དང་། གཉིས་པ་སྤྱི་ཁོག་གི་ནང་དོན་ཡིན་ནོ།།

དང་པོ། པར་གཞིའི་མཐའ་དཔྱད།
མེ་གླིང་གསེར་རྫོང་གི་སྒྲུང་དཔེ་འདི་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས་པ་དང་། ཀླུ་འབུམ་རྒྱ་མཚོས་དག་བསྒྲིགས་གནང་བ་ཡིན་སྐད། ༡༩༨༣ལོར་ཐེངས་དང་པོར་དཔར་བ་དང་ཤོག་ངོས༢༢༣ ཡོད། རྩད་བཅད་པ་ལྟར་ན། སྤྱི་ལོ༡༩༨༠ལོར་མཚོ་སྔོན་ཡུལ་ཤུལ་ཁུལ་རིག་གནས་ཁང་གི་མགོ་བ་གཞོན་པ་སྟེ། སྐུ་ཞབས་ལིན་ཁྲིན་ཚེ(蔺成才)ཞེས་པ་བརྒྱུད་ནས་ལག་བྲིས་མ་ཞིག་བླུས་པ་ཡིན་སྐད། གཞུང་ལ་ལེའུ་དྲུག་ཡོད་དེ། ལེའུ་དང་པོ། གོང་མ་ལྷ་ཡི་རྫུ་འཕྲུལ་གྱིས།། བྲག་ལྷ་རྒྱལ་པོའི་བློ་ཁ་བསྒྱུར།། ཕུ་བོ་རྒྱ་ཚ་ཞལ་དཀར་ཉིད།། དག་པ་ལྷ་ནས་གླིང་ལ་བྱོན།། ལེའུ་གཉིས་པ། བླ་བྱ་གོ་བོ་གླིང་ལ་མྱུལ།། ཁྲོ་ལུས་འཕྲུལ་གྱི་ཞགས་པས་བཟུང་།། རྒྱ་ཚ་ཞལ་ལུའི་བཀའ་བཀོད་ལྟར།། གླིང་དམག་མེ་གླིང་ཡུལ་དུ་ཆས།། ལེའུ་གསུམ་པ། རྒྱ་ཚ་དང་ནི་འདན་མ་ཡིས།། ཁྲུང་ཁྲུང་རྒོད་དང་ཆུ་བཙན་བསད།། བྲག་ལྷ་རྒྱལ་གྱིས་ནུ་བོ་དང་།། བློན་རྒན་ད་མཁྱེན་བཙོན་དུ་བཅུག། ལེའུ་བཞི་བ། རྒོད་འབྲོང་གླིང་དཀར་སྒར་ལ་བརྒྱུགས།། གླིང་གི་ལས་དམག་མང་པོ་བསད།། གླིང་དཀར་དཔའ་ཐུལ་མཉམ་ཆས་ཀྱིས།། མེ་སྒར་དམར་པོ་ཁྲག་བཞིན་དཀྲུགས།། ལེའུ་ལྔ་བ། ནེ་ནེ་གོང་སྨན་ལུང་བསྟན་ལྟར།། གླིང་སྒར་འབུམ་རྩེ་ཐང་ལ་བརྒྱབ།། བྲག་ལྷ་རྒྱལ་དང་དཔོན་བློན་ཚོས།། གླིང་སྒར་ཁྲ་མོ་ཁག་བཞིར་གཏོར།། ལེའུ་དྲུག་པ། མེ་ཡུལ་གླིང་དཀར་དབང་དུ་བསྡུས།། ཟླ་ཁྲི་དུང་སྐྱིད་དཔོན་དུ་བསྐོས།། གསེར་རྫོང་ཕྱུག་མོ་ཕབ་པའི་རྗེས།། རྒྱ་ཚ་དག་པ་ལྷ་རུ་གཤེགས།། ཞེས་པ་ལྟར་བཀོད་ཡོད། 

སྒྲུང་དཔེ་འདིའི་གོ་རིམ་བསྒྲིགས་སྟངས་ནི། གྲུ་གུ་གོ་རྫོང་གི་གཞུག་ཡིན་པ་ཁ་གསལ་ཞིང་། གླིང་གིས་རྒྱལ་ཁག་བཅུ་གསུམ་མམ་རྫོང་ཁག་བཅུ་གསུམ་དབང་དུ་བསྡུས་ཞེ་ནའང་། དེ་ནི་བདུད་ཧོར་འཇང་མོན་བཞི་དང་རྫོང་ཆེན་རྣམས་བསྲེས་ཏེ་བརྗོད་པ་འདྲ། ད་དུང་རྒྱ་ཚ་ཞལ་དཀར་དེ་ལྷ་ཡུལ་ནས་བབས་པས། གླིང་དམག་གི་གྲས་སུ་རྒྱལ་ཁབ་གཞན་པ་མང་པོ་མེད་དེ། བདུད་ཨ་སྟག་ལྷ་མོ་དང་། མོན་དུང་སྐྱོང་། བྱེ་རི་ཆོས་འགྲུབ་གསུམ་པོ་ལས་འབོད་མི་དགོས་ཟེར། སྐབས་འདིར་མོན་དུང་སྐྱོང་ཡོད་པ་ལ་བལྟས་ན་མེ་གླིང་གསེར་རྫོང་འདི་སུམ་པ་མཛོ་རྫོང་གི་སྔུན་ལ་བཞག་ན་འགྲིག་གོ། 

སྒྲུང་དཔེ་འདིར་ཨ་རིའི་རྒྱལ་པོ་བདས་ནས་རྒྱ་དཀར་ནག་ལ་སོང་བ་དང་། མཐར་བལ་བོ་ནས་ཟིན་པ་ནི་དེང་སང་ཚན་རིག་གི་གནམ་གྲུ་ལ་བསྡད་ན་ཐོད་ཐུག་སྟེ། ཐོག་མར་གླིང་དམག་དེ་ཨ་མྱེས་རྨ་ཆེན་ནས་བྱང་ཕྱོགས་སུ་སོང་སོང་སྟེ། གྲུ་གུ་བས་ཀྱང་བྱང་ཕྱོགས་སུ་སོང་མཐར། རྒྱ་མཚོ་ཆེན་པོའི་འགྲམ་གྱི་ལྷོ་མེ་གླིང་གི་ཨ་མེ་རི་ཀ་དང་དམག་འཁྲུག་བྱས། ཨ་རིའི་རྒྱལ་པོ་དེ་གནམ་གྲུར་བསྡད་ནས་ཐོག་མར་རྒྱ་ནག་ལ་བྲོས་པ་དང་། དེ་ནས་རྒྱ་གར་ལ་བྲོས་པ། མཐའ་མར་བལ་བོ་ནས་ཟིན་ཞེ་ན་འགལ་བ་མེད་པ་འདྲ་མོད། འོན་ཀྱང་ཁྲབ་རྨོག་འཁོར་གསུམ་ལ་བརྟེན་ནས་རྫོང་གི་བདག་མོ་འཕྲོག་རེས་བྱེད་པའི་གེ་སར་གྱི་དུས་རབས་སུ་ཚན་རིག་གི་ལྟ་བ་འདི་སྟེས་དབང་ཡིན་ན་མ་གཏོགས། དམངས་ཁྲོད་ལ་ཁྱབ་གདལ་དུ་སོང་མེད་པས་ཡིད་ཆེས་དཀའ་མོད། འདིའང་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་ཏེ། ལོ་རྒྱུས་དང་གནའ་གཏམ་སོགས་ལས་སླ་མོའམ། སྣང་བ་སྐྱིད་པོར་འཆད་མཁས་པ་ཡིན་ནོ།།

སྒྲུང་དཔེ་འདིར་མེ་གླིང་རྒྱལ་པོ་དང་སྐུ་ཚ། ནུ་བོ། རྒྱལ་སྲས་བཅས་པ་གླིང་གིས་བསད་ཚར་བ་དང་། ཐོག་མར་གླིང་ལ་ངོ་ཡ་མི་ཡོང་ཟེར་ནས་བཙོན་ལ་བཅུག་པའི་བློན་རྒན་མ་འོངས་ད་མཁྱེན་དེ་བཙོན་གྲོལ་བྱས་ཤིང་། ལོ་ངོ་བཅུ་གཅིག་སོན་པའི་སྲས་ཆུང་ཟླ་ཁྲི་དུང་སྐྱིད་ཟེར་བ་དེ་མེ་གླིང་དཔོན་ལ་བསྐོ་བཞག་མཛད་པ་ཡིན་ཞིང་། རྒྱ་ཚ་ཕྱིར་ལྷ་ཡུལ་དུ་ལོག་དུས། འདན་མ་སོགས་ལ་ཞལ་ཆེམས་མཛད་དེ། བདུད་སྡེ་འཇའ་ཡུལ་ཆོས་ལ་འགོད་དུས་ང་རྒྱ་ཚ་འོང་དགོས་པས། དེ་དུས་དྲི་མ་ཀུན་དག་གི་རིལ་བུ་དེ་ཁྱེར་ཡོང་སྟེ་དག་པའི་ཞིང་ལ་ཁྲིད་ཆོག་ཟེར་བ་སོགས་ལ་བལྟས་ན། འཇའ་ཡུལ་དེ་མེ་གླིང་ལས་ཀྱང་ཕ་རོལ་ཏུ་ཡོད་པའི་མི་ཚད། སྒྲུང་དཔེ་གཞུག་མ་ཞིག་ན་འཇའ་ཡུལ་ཕབ་པའི་ལོ་རྒྱུས་ཞིག་ཀྱང་ཡོད་ཡོད་འདྲའོ།།

དུས་ཕྱིས༡༩༩༧ལོར་སྒྲུང་དཔེ་འདིའི་རྒྱབ་ཤོག་བརྗེས་ནས་དཔར་རུང་ནང་དོན་དང་ལེའུ། ཤོག་ངོས་སོགས་ཨ་ན་མ་ན་རེད། སྒྲུང་དཔེ་འདིའི་ནང་གི་མེ་གླིང་ནི་གྲུ་གུ་བས་ཀྱང་བྱང་ཕྱོགས་ན་ཡོད་པ་དང་། གཞུག་གི་ལུང་ཚིག་ལ་བལྟས་ན་ཨ་མེ་རི་ཀ་ལ་ཟེར་བས། སྔོན་ཆད་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། གེ་སར་སྒྲུང་དཔེ་ནི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བསམ་བློའི་དགོངས་པ་དང་ལྡན་ཞེས་བརྗོད་མྱོང་། རྒྱུ་མཚན་ནི་མེ་གླིང་ས་ཆའི་མཉམ་འབྲེལ་རྒྱལ་ཁབ(United States of America美利坚合众国)དེ་ལ་རྒྱ་ནག་སྐད་དུ་མེ་གོ(美国)ཞེས་ཚིག་སྡུད་བརྒྱབ་པ་དང་། བོད་སྐད་དུ“ཨ་མེ་རི་ཀ”ཞེས་ཚིག་སྡུད་བརྒྱབ། སྐབས་འགར“ཨ་རི”ཞེས་ཀྱང་འབྱུང་མོད་དེ་ནི“ཨ་མེ་རི་ཀ”ལ་ཡང་ཚིག་སྡུད་བརྒྱབ་པ་རེད། 

གཞན་པའི་མེ་གླིང་གཡུལ་འཁྲུག་ཅེས་པའི་སྒྲུང་དཔེ་ཞིག་ཀྱང་ཡོད་དེ། ཁ་བྱང་ལ། གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་བྱང་མེ་གླིང་ཤ་བ་གཡུ་ལུང་གི་གཟི་རྫོང་ཕབ་པའི་དཔའ་བོའི་གཡུལ་འཁྲུག་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། ཟེར། ཤོག་ངོས༣༢༨ ཡོད། རྩོམ་སྒྲིག་འགན་འཁུར་བ་ཐང་དཔོན་ ཚེ་སྟོབས་ཀྱིས་བྲིས་མ་གཞིར་བཟུང་སྟེ་བསྒྲིགས་སྐད། ལེའུ་བཞི་ཡོད་དེ། ལེའུ་དང་པོ། བྱེས་སྟོན་གྱི་སྐོར། ལེའུ་གཉིས་པ། དཔའ་བོ་གཡུལ་འཁྲུག་གི་སྐོར། ལེའུ་གསུམ་པ། བྱང་མེ་གླིང་ཆམ་ལ་ཕབ་པའི་སྐོར། ལེའུ་བཞི་བ། གཟི་གཡང་ཕབ་པའི་སྐོར། ཞེས་པ་ལྟར་བཀོད་ཡོད། འོན་ཀྱང་། འདིའི་མེ་གླིང་ནི་རོང་བཙན་ཁ་བ་དཀར་པོ་དང་ཐག་མི་རིང་བར་མཆིས་པས། ཨ་གྲགས་གཟི་རྫོང་གི་སྒྲུང་དཔེ་དེའི་རྣམ་པ་འགྱུར་བ་ཞིག་ཡིན་སྙམ་མོ།། མེ་གླིང་གཡུལ་འཁྲུག་འདི་ལ་མིང་གཞན་དུ་བྱང་མེ་གླིང་ཤ་བ་དགུ་སྐོར་ཀྱང་ཟེར་བར་གྲགས། 

དེས་ན་གེ་སར་སྒྲུང་གི་དཔེ་རྙིང་ལས་མེ་གླིང་གསེར་རྫོང་གི་སྒྲུང་དཔེ་ནི་སྔ་མ་མཚོ་སྔོན་པར་ལ་གཞི་འཛིན་པར་བྱའོ།།

གཉིས་པ། སྤྱི་ཁོག་གི་ནང་དོན།

འཛམ་གླིང་གེ་སར་རྒྱལ་པོས་རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ་མི་འདྲ་བ་དུ་མ་འདུག་རུང་། གྲུ་གུའི་ཐོག་རྒོད་རྒྱལ་པོ་ཆམ་ལ་ཕབ་ནས་ལོ་ངོ་གཉིས་གསུམ་ཙམ་སོང་མཚམས། སྔོན་ཆད་ཁ་ཆེ་དབང་དུ་བསྡུ་དུས་གྲུ་གུའི་ཡུལ་ལ་ཤོར་བ་དང་། གྲུ་གུ་གོ་རྫོང་འབེབས་དུས་མེ་གླིང་ཡུལ་ལ་ཤོར་བའི་སྔགས་ནག་ཆོས་འབར་ཀ་ར་དེས་མེ་གླིང་བྲག་ལྷ་རྒྱལ་པོ་ལ་ལོ་རྒྱུས་ཞུས་པས། བུ་སྡུག་ཇོ་རུ་ལ་དགྲ་ལན་ང་ཡིས་སྤྲོད་ཟེར་ནས་མེ་གླིང་སྟག་འཕེན་ཉེར་ལྔ་མདའ་ར་ཐང་ལ་བསྡུས་ཏེ་སྒར་བརྒྱབ་ཅིང་། ཆོས་དར་ནས་གོང་བ་ལེན་མི་དེ།། རྒྱ་གར་ཆོས་ཀྱི་རྒྱལ་པོ་རེད།། ཁྲིམས་དྲང་པོའི་སྲོག་མདའ་འཕེན་མི་དེ།། རྒྱ་ནག་ཙོང་ཁ་རྒྱལ་པོ་རེད།། དཔའ་རྒོད་དཔུང་ཆེན་གཅོད་མི་དེ།། ང་མེ་གླིང་བྲག་ལྷ་རྒྱལ་པོ་ཡིན།། ཞེས་བརྗོད་ཀྱང་། བློན་རྒན་མ་འོངས་ད་མཁྱེན་གྱིས། གླིང་གེ་སར་རྒྱལ་པོས་འཛམ་གླིང་རྒྱལ་ཁབ་བཅུ་གསུམ་དབང་དུ་བསྡུས་ཟིན། ད་མེ་གླིང་གིས་ཀྱང་འགྲན་མི་ནུས་སྙམ་སྟེ། རྒྱལ་པོའི་ནུ་བོ་དུག་རི་མེ་འབར་གྱི་དྲུང་དུ་སོང་ནས། གྲུ་གུའི་རྒྱལ་སྲིད་གླིང་ལ་ཤོར་མ་ཤོར་གྱི་ཉུལ་མར་བླ་བྱ་གོ་བོ་ཀླད་དཀར་དེ་བཏང་ན་ཟེར། དུག་རི་དེ་རྒྱལ་པོའི་མདུན་དུ་སོང་ནས་ཞུས། རྒྱལ་པོ་ཉིད་ཀྱི་ཐུགས་ལ་མ་བབས་ཀྱང་ནུ་བོས་ཞུས་པའི་གཏམ་དེ་ཕུ་བོས་མ་ཉན་ན་མི་སྡེ་ལ་མི་ཁ་ཆེ་བས་ཉན་དགོས་མ་གཏོགས། ཕུང་འདྲེ་ཇོ་རུའི་ངོ་ཡ་འོང་ངེས་ཡིན་བསམ་སྟེ། མཐོ་བྲག་ནག་འགྱིང་རྫོང་གི་བྱ་ཚང་ནང་ལ་བླ་བྱ་ཤོག་ཟེར་བའི་ཡི་གེ་ཞིག་ཁྲུང་ཁྲུང་རྒོད་པོའི་མདའ་སྟེང་དུ་བཏགས་ནས་འཕངས། གོ་བོ་ཐོན་པ་ན་གདོང་གྲུ་གུ་དང་གླིང་ལ་གཏད་པར་མངགས། 

མ་ནེ་ནེ་གནམ་སྨན་དཀར་མོ་དེས་ཕོ་བྲང་ཇ་མཁར་སྨུག་པོ་ནང་གི་སྐུ་རྗེར་ལུང་བསྟན་ཏེ། གསེར་རི་རོལ་མཚོའི་ཚུར་ནང་ནས། མེ་གླིང་བླ་བྱ་གོ་བོ་ཀླད་དཀར་དེ་གླིང་ལ་ཉུལ་མར་ཡོང་བ་དང་། མེ་གླིང་གསེར་རྫོང་རིང་མོ་འབེབས་པ་ལ། ཕུ་བོ་རྒྱ་ཚ་མེད་ན་མི་ཐུབ། ཅེས་གསུངས། དེ་ནས་གླིང་གི་ཁྲིམས་རྔ་རྡུང་། ཁྲིམས་དུང་བུས། ཁྲིམས་མདུང་དར་ཁྲ་ཕྱུག་མོ་དེ་ཕྱར་ནས། གླིང་དཀར་སྡེ་བའི་མཐོ་དམའ་རྣམས་འཛོམས་པར་བྱས། རྔ་ཡབ་ཟངས་མདོག་དཔལ་རིའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མངོན་པར་མཁྱེན་ནས། ཕུ་བོ་རྒྱ་ཚ་ཞལ་དཀར་དེ་ཉིད་ཆོས་སྐུའི་ཞིང་ཁམས་ན་གླིང་དཀར་པོའི་དཔའ་ཐུལ་ཞིང་གཤེགས་རྣམས་དང་ལྷན་དུ་བཞུགས་ཡོད་པར་འཁོར་གྱི་རིག་མ་རྣམས་ཀྱིས་རྒྱ་ཚ་ཤོག་གསུངས་པས། རྒྱ་ཚ་ཨོ་རྒྱན་པདྨའི་མདུན་དུ་ཕྱིན། ལོ་རྒྱུས་རྣམས་གསུངས་ཏེ་འཆི་མེད་ལྕགས་སྲོག་རིལ་བུ་ཤེལ་གྱི་ཚེ་བུམ་གང་བསྩལ། ལྷ་ཀླུ་གཉན་གསུམ་གྱིས་སྐྱེལ་མ་དཔག་མེད་བྱས་ཏེ་པདྨ་འོད་ཀྱི་གཞལ་ཡས་ནས་འཇའ་འོད་སྣ་ལྔ་སྣམ་བུ་བརྐྱངས་པ་བཞིན་དུ་གླིང་གི་སྒར་ལ་ཟུག་པའི་སྣེ་རུ་རྒྱ་ཚ་ཞལ་དཀར་དེ་ཉིད་འོད་ལམས་སེ་བྱོན། གླིང་བླ་མ་རྣམས་ཀྱིས་ལྷ་བསང་དཀར་པོ་དྲངས་ཤིང་། དར་ཕྱར་དུང་བུས་ནས་བསུ་བ་དཔག་མེད་བྱས་པས་སྒར་དཀྱིལ་གྱི་ལྷ་གུར་སྒོ་ལ་འཇའ་འོད་ལམས་སེ་བབས་ནས་གླིང་པ་རྣམས་ཀྱིས་ཆིབས་ཁ་བླངས་ཏེ་ལྷ་གུར་དུ་གདན་དྲངས། ཨ་ཁུ་ག་ནེ་གོམ་པས། སྔོན་ཤན་འདན་འཁྲུག་ནས་ད་བར་ལ།། མ་མཇལ་ལོ་ངོ་ཉེར་གཅིག་སོང་།། ཞེས་གསུངས། རྒྱ་ཚ་ན་རེ། མེ་གླིང་བྲག་ལྷ་རྒྱལ་པོ་དེ།། ཕོ་ལོ་ལྔ་བཅུ་ང་བདུན་རེད།། ས་རྒྱུས་གྲུ་གུའི་དམག་གིས་ཤེས།། ཞེས་གསུངས། 

བླ་བྱ་གོ་བོ་དེ་གྲུ་གུའི་ཕུ་མདའ་བར་གསུམ་ཐམས་ཅད་མྱུལ་ནས་ཁྲ་མོ་གླིང་དཀར་སྟོད་ལ་སླེབས་ཤིང་། ཁྲོ་ཐུང་གིས་ངན་སྔགས་བྱ་རྒོད་སྒྲོག་འཆིང་བརྒྱབ་ནས་འཐེན་པས་སར་ལྷུང་། དགའ་བདེས་བླ་བྱ་དེ་པང་དུ་བླངས་ནས། ལྕགས་ཀྱི་ཕུར་བ་བུ་ཆུང་ལོ་བརྒྱད་ཙམ་ཞིག་ལ་བཏགས། གཏམ་དྲིས་ཀྱང་ཅང་མི་བཤད་པས་དེལ་ཡག་ཐང་གཤམ་དུ་དོང་ནག་རིམ་པ་དགུ་བྲུས་ཏེ་དོང་ཞབས་སུ་སྦས། སྟེང་དུ་མེ་ཆུ་ས་སོགས་ཀྱི་དཀྱིལ་འཁོར་བཀོད་ཅིང་། ཕ་བོང་འབྲོང་གཡག་ཙམ་ཞིག་གིས་བསྣན་ནས་གེ་སར་གྱི་ཞབས་རྗེས་བཞག གེ་སར་རྒྱལ་པོས་ཕྱོགས་བཞིའི་དཔུང་དམག་འགུག་རྒྱུར་བདུད་ཨ་སྟག་ཀླུ་མོ་དང་། མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར། བྱེ་རི་ཆོས་འགྲུབ་གསུམ་ལ་འཕྲིན་ཆ་བརྫངས། 

རྒྱ་ཚ་ཁོང་ཕ་མཁར་དངུལ་ཆུ་ཁྲོ་རྫོང་ལ་བྱོན། གླིང་པ་ཚོ་ནི་སྔོན་ཆད་ལས་བཙན་དར་འཕེལ་ཕྱུག་འགྲན་ཟླ་དང་བྲལ་བས་ཐུགས་ཤིན་ཏུ་དགྱེས། རག་བཟའ་དང་དགྲ་ལྷ་ལ་ཐུགས་རྗེ་ཆེན་པོ་སྒྲུབ་པའི་དབང་ལུང་གནང་། གཞན་དར་བཟའ་དང་རྒྱ་བཟའ་སོགས་ལ་སྒྲོལ་མ་སྔོན་མོའི་དབང་ལུང་གནང་། ཞག་གཉིས་ཙམ་སོང་བར་ཨ་སྟག་ཀླུ་མོ་དང་དུང་སྐྱོང་། ཆོས་འགྲུབ་བཅས་པ་ཐོན། རྒྱ་ཚ་ནས་དུང་སྐྱོང་དང་ཨ་སྟག་ཆོས་འགྲུབ་སོགས་དཔོན་རྒྱུད་རྣམས་ལ་འཆི་མེད་ལྕགས་སྲོག་རིལ་བུ་བདུན་ཆ་རེ་གནང་སྟེ་སྐུ་ལྷ་གེ་འཛོ་བོས་ནས་དམག་འགྲོ་སྡོད་ཀྱི་བཀོད་པ་འཐེན། ཕོ་བྲང་སེང་འབྲུག་སྟག་རྩེའི་ནང་ནས་སྐུ་རྗེ་གེ་སར་རྒྱལ་པོ་དེ་འདོ་བ་རྐྱང་རྒོད་གོང་ལ་ཤར་རྨ་རྒྱལ་སྦོམ་ར་ལས་ལ་ཆས་འདྲ་ཞིག་བྱས་ནས་སླེབས། རྒྱ་ཚ་དང་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་བཅས་རིམ་གྱིས་བཤར་བ་ན། འབྲུག་མོ་ལ་སོགས་པས་རྨ་སྟོད་གཡུ་ལུང་ལ་ཁ་བར་དུ་སྐྱེལ་མ་བྱས། དེ་ནས་ཞག་མ་སོ་གསུམ་སོང་བ་ན་གྲུ་གུའི་ཡུལ་ལ་སླེབས་ནས་དེའི་ནུབ་ཟི་ར་ཐང་དུ་བསྡད། གྲུ་བློན་རྣམས་འཛོམས་ནས་མཇལ་ཁ་ཡང་ཡང་ཞུས། ས་རྒྱུས་དང་ལམ་མཁན་བརྟེན་པ་གྲུ་གུའི་དམག་ཁྲི་གཅིག་དང་། གུང་བློན་སྟག་རྒོད་འགྱུར་མེད་སེང་རང་རྡོ་རྗེ་ཁྲབ་བཙན་སོགས་རིམ་གྱིས་བཤར། ཞག་པོ་ལྔ་བཅུ་ང་དྲུག་གི་དུས་སུ་མེ་གླིང་ཡུལ་གྱི་དངུལ་རི་ཐང་ལ་སླེབས་ནས་སྒར་བརྒྱབ། མ་ནེ་ནེའི་ལུང་བསྟན་བབས་ཏེ། འདི་ནས་རི་བོ་དམར་པོའི་འོག། མི་གཅིག་ཀྱང་ལར་ནས་འགྲོ་མི་ཉན།། ཁབ་ལེན་རྡོ་ཡི་རི་བོ་ཡིན།། ཞེས་གསུངས། 

རྒྱ་ཚ་དང་དཔའ་ཐུལ་དྲུག་དངུལ་རིའི་ལ་བརྒལ་ནས་བལྟས་ཚེ། མིག་གིས་ཟིན་མི་ཟིན་གྱི་ས་ན་མེ་གླིང་ཡུལ་གྱི་རི་ཐམས་ཅད་དཀར་པོ་གངས་དང་འདྲ་ཞིང་། ཞིབ་ལྟ་བྱས་ཚེ་ཡང་དམར་པོ་མཚལ་དང་འདྲ་བ་ཞིག་འདུག་པས། རྒྱ་ཚ་མ་གཏོགས་དཔའ་ཐུལ་དྲུག་པོའི་ཡིད་སྐྱོ་སློང་སློང་དུ་གྱུར། བྲག་སྒོ་གསུམ་འདུག་པ་ལས་འཕྲང་ལམ་བར་མར་འཛུལ་བ་ལྟར་བྱོན་པས། རི་བོ་ཐམས་ཅད་རུས་པ་དང་། འབབ་ཆུ་ཐམས་ཅད་ཁྲག་རྣག་ཡིན་པ། འོད་དཀར་པོ་དང་དམར་པོ་ལྷབ་ལྷུབ་གཡོ་བ། ཆུ་འགྲམ་དང་མཚོ་ཁ་སོགས་ཀྱི་རྡོ་ཐམས་ཅད་གཟི་དང་བྱུ་རུ་སོགས་ཡིན་པ། བྱེ་མ་ཐམས་ཅད་གསེར་དང་དངུལ་ལ་གྲུབ་པ། རྒྱ་ཚ་མ་གཏོགས་དཔའ་ཐུལ་དྲུག་པོ་ལུས་པོ་འགུལ་མི་ནུས་པར་གྱུར། རྒྱ་ཚས་གའུ་ནང་ནས་ལྷ་ཡི་བདུད་རྩི་བུམ་པ་གང་བླངས་ཏེ་ཁོང་དྲུག་པོ་ལ་ཁྲུས་བྱས་པས་བརྒྱལ་བ་སོས། རྒྱ་ཚས་ཁྱེད་རྣམས་ལྷ་ལ་གསོལ་བ་འདེབས་པ་གལ་ཆེ་གསུངས་པས། འོ་ལེགས་སོ་ཞུས། དེ་ནས་ཡུད་ཙམ་སོང་བ་ན། རི་ཐམས་ཅད་དང་ཆུ་བོ་ཡ་ང་ཞིང་བག་ཚ་བ། ནགས་ཚལ་ཐམས་ཅད་ནས་གོ་མཚོན་ཐམས་ཅད་རླུང་གིས་སྐྱོད་པ། དངོས་ཅན་གྱི་མི་ཕར་ཞོག་དངོས་མེད་ལྷ་འདྲེ་ཐམས་ཅད་ཀྱང་འགྲོ་མ་ནུས་པར་ཐང་ཆེན་དེར་ལྷ་སྒར་དང་འདྲེ་སྒར་བརྒྱབ་སྟེ་གནས་པ། ཆུ་ཐམས་ཅད་ཀྱིས་དགའ་རབ་དབང་ཕྱུག་མཁྱེན་ཞེས་པའི་སྒྲ་སྒྲོག་པ། སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་ཐམས་ཅད་འབྲོག་པའི་ནོར་ལུག་ལྷས་ར་ལ་བཀོད་པ་ལྟར་གནས་པས། དཔོན་བློན་དྲུག་པོ་ལྷ་ཡི་བདུད་རྩིའི་བྱིན་རླབས་ཀྱི་མཐུས་དྲན་མེད་དུ་མ་བརྒྱལ་ཀྱང་། དེ་དག་ལ་སྐྲག་ནས་གཅིག་ཀྱང་འགྲོ་མི་ནུས་པར་རྟ་ལས་བབས། རྒྱ་ཚ་ཁོང་ཅུང་ཟད་ཐུགས་རྒྱལ་བཞེངས་ནས་གཅིག་པུར་སྔོན་དུ་སོང་། འདན་མ་སྐྲག་ཅིང་འདར་ཡང་རྒྱ་ཚའི་རྗེས་སུ་འབྲང་བས་ཆིབས་ཐོག་ཏུ་བུད་དེ་ཤི་ཡང་བཟོད་ཟེར་ནས་ཐེ་ཚོམ་མེད་པར་ཤོར། དཔའ་ཐུལ་གཞན་ལྔ་བོའང་དར་རྗེས་མགོ་ཁྲིད་དེ་འདན་མའི་རྗེས་ལ་གཅིག་རྒྱབ་གཉིས་སྣོན་གྱིས་སོང་། ས་ཁུག་གཅིག་བརྒལ་བ་དང་ལ་ཁ་ཞིག་ལ་ཤར་གྱིས་བུད་པ་ན། མེ་གླིང་མེ་འོད་སྟག་རྫོང་དེ་ལྕགས་རི་མདུང་རྩེ་ལས་གྲུབ་པ་ཞིག་གློ་བུར་དུ་མིག་སྔར་འདུག ཡུད་ཙམ་ལྟད་མོར་གཡེང་བ་དང་། དེ་ནས་ལྕགས་རི་ཕྱི་མའི་སྒོ་དེར་རྒྱ་ཚས་རྡོ་བརྒྱབ་ནས་གཏོར། བར་མའི་ལྕགས་སྒོ་ལའང་རྡོས་བརྒྱབ་སྟེ་གཏོར། ནང་མའི་ལྕགས་སྒོར་གནམ་ལྕགས་ཆུ་གྲི་རྦད་གཅོད་དེས་ལན་གཅིག་བརྒྱབ་པས་གཏོར་ནས་ཕོ་བྲང་གི་རྒྱ་སྒོར་སླེབས། ཕོ་བྲང་དེ་རྡོ་ཁབ་ལེན་ཡིན་པས་དཔའ་ཐུལ་དྲུག་པོ་ཕྱི་གྱེད་བྱས། རྒྱ་སྒོའི་ཁྲོ་ཡི་འདན་བུ་གསུམ་ལ་མདུང་མོ་སྟོང་ཉིད་འབིགས་བྱེད་དེས་ལན་གསུམ་བརྒྱབ་ནའང་སྒོ་དེ་ལ་ཁུང་མེ་ལོང་འདྲ་བ་གསུམ་ལས་བཏོད་མ་ཐུབ་པས། རྒྱ་ཚས་སྡིགས་མོ་བྱས་ཏེ། ཁོ་བོ་རྒྱ་གར་རྒྱལ་པོའི་བློན་པོ་ཡིན་ཞིང་། མེ་གླིང་གི་སྲས་མོ་སློང་བར་ཡོང་བ་ཡིན་པས། སྒོ་མི་ཕྱེ་ན་བུ་མོ་འཕྲོག་རྒྱུ་ཡིན་ཞེས་གསུངས། མེ་གླིང་རྒྱལ་པོ་ནས་རྒྱ་གར་ལར་ནས་མི་འདྲ། རྒྱ་གར་རྒྱལ་པོ་ལ་སྔར་བོད་བཟའ་གངས་བཙུན་ཆུང་མར་བཞག་ཡོད་པས་ཤི་སོང་བ་ཨེ་ཡིན་སྙམ། སྲས་མོ་གངས་རྫ་ཉི་མཛེས་ན་རེ། སྡེ་ཕན་ཚུན་མི་འཁྲུག་པར་ཕན་ན་ང་སོང་ཆོག་ཅེས་ཞུས། རྒྱ་ཚས་ཁྱོད་ལ་དལ་ལོང་ཡོད་ན་ང་ལ་སྒུག་ལོང་མེད་ཅེས་ཡང་ཐོག་ཤེལ་གྱི་རབ་གསལ་ལ་རྡོ་ཕོར་བ་ཙམ་བརྒྱབ་པས། མེ་གླིང་རྒྱལ་པོའི་སྐུ་ཚ་ཁྲུང་ཁྲུང་རྒོད་པོ་དེས་འཁོར་གསུམ་བསྐོར་ཅིང་སྐས་ཐོག་བགྲོད་ལོང་མེད་པར་ཐོག་རྩེག་ཉེར་གཅིག་གོང་ནས་ཐེ་ཚོམ་མེད་པར་འཕུར་ཏེ་རྒྱ་ཚའི་གདོང་དུ་བུད། གནམ་ལྕགས་ཀྱི་གསལ་ཤིང་དེ་རྒྱ་ཚ་ལ་ལན་གསུམ་གཡུགས་ཀྱང་གནོད་མ་བྱུང་། རྒྱ་ཚས་རལ་གྲི་ལན་གཅིག་གཡུགས་པས་མགོ་རྨོག་དང་བཅས་པ་ས་ལ་ལྷུང་། ཡང་ལན་གཅིག་གཡུགས་པས་ལུས་པོ་དེ་ཁག་གཉིས་སུ་བགོས། ཡང་ལན་གཅིག་གཡུགས་པས་ལུས་པོ་དེ་ཁག་བཞིར་བཏང་སྟེ་མགོ་ལག་ལེན་སྐབས། མེ་བློན་དམག་དཔོན་ཆུ་བཙན་གློག་འོད་དེས་སྐུ་ཚ་ཤོར་བ་མཐོང་བས་ལ་མོར་གོ་ཁྲབ་མི་དགོས་པར་རྟ་ཐོག་ཏུ་བུད་ཅིང་རྒྱ་ཚའི་གདོང་དུ་ཀྲོང་ངེར་འོང་། རྒྱ་ཚ་ཐུགས་ཤིན་ཏུ་འཁྲུགས་ནས་ཡུད་ཙམ་ལ་རལ་གྲི་གཡུག་རེས་བྱས་ཀྱང་ཕམ་རྒྱལ་མ་བྱུང་བས། རྒྱ་ཚས་རལ་གྲི་ཤུབས་ལ་བཅུག་ཅིང་ཁྲབ་ཀྱི་ཐོང་རྩར་བཟུང་ནས་སྤར་འཛིན་བྱས་པས་ཆུ་བཙན་ལ་དགའ་རབ་དབང་ཕྱུག་གིས་སྡོངས་གྲོགས་མཛད་དེ་ཤོར་སོང་། ཚ་ཞང་འདན་མ་བྱང་ཁྲས། གོ་བོ་ཀླད་དཀར་མྱུལ་མར་བཏང་། ངེད་གླིང་དཀར་མི་ཁྲོ་ཀ་མེད་རེད། ཅེས་ཕྱག་མདའ་འཕངས་པ་འདུལ་བའི་དུས་ལ་བབ་པས་སྙིང་ཁར་ཐེབས་ཀྱང་། ཁོང་བདུན་པོ་ཕོ་བྲང་གི་ཐོག་ལ་མ་ཐར་བས། མདའ་རྟགས་རེ་བཞག་ནས་གླིང་སྒར་ལ་ལོག 

མེ་གླིང་རྒྱལ་པོས་ནུ་བོ་དུག་རི་མེ་འབར་དང་བློན་རྒན་མ་འོངས་ད་མཁྱེན་གཉིས་ལ། ཤར་སྨར་ཁམས་གླིང་ལ་དམག་སོང་ན།། ད་རེས་འཐབ་དམག་ཡོང་དོན་མེད།། ཅེས་བཙོན་ཁང་ནང་ལ་ལོ་ངོ་དགུར་འཛིན་རྒྱུ་བྱས། སྟོབས་ཆེན་རྒོད་འབྲོང་ནག་པོ་དང་བློན་ཚོགས་རྣམས་ནས་ནུ་བོ་དང་བློན་རྒན་གཉིས་རྒྱལ་ཁྲིམས་ལ་མི་ཕོག་པའི་ཞུ་བ་ནན་གྱིས་ཞུས་ཀྱང་། ལོ་ངོ་གསུམ་ལ་བཙོན་དུ་འཇུག་རྒྱུ་བཀས་བཅད་ཚར། དེ་ནས་ལྷོ་མེ་གླིང་གི་ནུབ་སྟོང་སྡེ་བདུན་གྱི་རྫོང་བཙན་རྫ་རི་འབུམ་སྡུག་གི་སྟོབས་ཆེན་རྒོད་འབྲོང་ནག་པོ་དང་ལྔ་བཅས་ནུབ་ཀྱི་གླང་ཆེན་མཛེས་ཐོག་སྡོད། མེ་སྟོད་འབྲུ་མཁར་སོག་རྫོང་གི་སྟོབས་རྒྱལ་སྟག་མོ་རི་བཀྲ་དང་ལྔ་ཤར་གྱི་གང་དགའི་ལོགས་སུ་སྡོད།། མེ་སྨད་ཁྲག་མཚོ་ཡ་གོང་དང་བདུད་མཁར་ཟེར་མ་འབུམ་སྡུག་གི་གཡག་རྒྱལ་ཐུ་ལུ་འབུམ་དགའ་དང་ལྔ་ལྷོ་ཡི་གསེར་ཕྱེ་ངོམ་ཐང་དུ་སྡོད། བྱང་གི་དཀར་མོ་ཉི་རྫོང་ནས་རྔམ་ཆེན་ཧ་ལ་ཐོག་རྒོད་དང་ལྔ་བྱང་སྟོད་མདའ་རའི་ཐང་དུ་སྡོད། རྒྱལ་སྲས་སྟོང་རི་འབུམ་ཐུབ་དང་ལྔ་ནམ་དགོས་དུས་སུ་ཐོན་རྒྱུ་གྱིས། ཨ་ཡན་ཇག་པ་མི་བདུན་དེ་ཆུ་ཤོ་རི་འཕྲང་སྲུང་བར་སྡོད་ཅེས་དམག་བཀོད་བྱས། 

རྒོད་འབྲོང་ནག་པོ་དང་མི་ལྔས་གླིང་གི་སོ་པ་དམག་མི་ཉེར་དྲུག་ཙམ་མཚོན་ལ་དྲངས་ནས་གླིང་སྒར་ལ་ཤར་རྒྱུག་གིས་ཐོན། གླིང་པས་ཀྱང་དགྲ་འོང་བ་ཤེས་ནས་གོ་གྱོན་མཚོན་ཐོགས་ཀྱི་ངང་དུ་བསྡད། སྐུ་རྗེ་གེ་སར་འདོ་བ་རྐྱང་རྒོད་ཀྱི་གོང་ལ་བུད་དེ་ཞགས་པ་སྟོང་གསུམ་རང་འགུག་དེ་འཕངས་པས་རྒོད་འབྲོང་གི་མགྲིན་པར་ཐེབས། རྒོད་འབྲོང་ཞགས་པ་ལ་ཉམ་ང་བ་མེད་པར་གྲི་བཏོན་ཏེ་མཆོངས་ནས་གེ་སར་དང་གྲི་འཐབ་ཇ་ཡུན་ཙམ་བྱས་ཀྱང་ཕམ་རྒྱལ་མ་བྱུང་བའི་སྐབས་དེར། ཞགས་པ་གྲིས་བཅད་དེ་ལྷོ་སྒར་དུ་ཤོར། དཔའ་མོ་ཨ་སྟག་ཀླུ་མོ་ལ་ཁུ་ཚུར་དྲག་པོ་ཞིག་བཏང་བས་ལྷ་མོ་མི་རྟ་འཕྲལ་ཏེ་ས་ལ་ལྷུང་། མ་ཟད་ལྷ་མོའི་རྟ་ལ་རྒོད་འབྲོང་གི་ཆིབས་ཆེན་རྒྱ་སྟག་ངར་ཆེན་གྱིས་འཐམས་ཏེ་བསད་པར་གྲགས། སྐབས་དེར་རྒྱ་ཚས་མདའ་གསུམ་འཕངས་པས། དང་པོ་རི་བཀྲ་འབུམ་ཐུབ་ཀྱི་བྲང་ལ་ཐེབས། རྗེས་མ་གཉིས་སྟག་འཕེན་དུག་དགའ་དང་མ་ནེ་རྒོད་རྒྱལ་གཉིས་ལ་ཐེབས། འདན་མས་ཉི་དགའ་གཙོས་སྟག་འཕེན་མི་གསུམ་རལ་གྲིས་ངར་ལ་དྲངས། བྱང་སྒར་ནས་རྒོད་འབྲོང་ནག་པོའི་གདོང་ལྷ་རྒོད་འབུམ་ལུས་བཀག་ཀྱང་། སྦྲུལ་ནག་གི་ལྕག་ཚན་ཐེབས་པས་རེ་ཞིག་དྲན་མེད་དུ་བརྒྱལ། གླིང་དམག་རྣམས་ཀྱིས་ལྷ་རྒོད་བཀྲོངས་སོང་བསམ་ནས་སྲོག་ཕངས་མེད་དུ་རྒྱུགས། རྒོད་འབྲོང་གིས་དཔའ་ཚོད་བཟུང་སྟེ་ཆིབས་ཆེན་རྒྱ་སྟག་དེ་སྡེར་བཞི་ས་ལ་མ་ཐུག་པར་བར་སྣང་ནས་བྱ་འཕུར་བ་བཞིན་ཤོར་སོང་། ལྷ་རྒོད་དྲན་པ་སོས་པ་ན། གླིང་དཔའ་ཐུལ་དང་གེ་སར་སོགས་ཀྱིས་འགྲན་མ་ནུས་པའི་མི་དེ་འདྲ་སྙམ་ནས་ཚང་མ་སྐྲག་ཅིང་འདུག རྒྱ་ཚ་དང་བློན་འདན་མ་གཉིས་ལ་དཔའ་དར་གཟེངས་བསྟོད་མཛད། མེ་གླིང་རྒྱལ་བློན་རྣམས་ཀྱིས་ཀྱང་གླིང་གི་མི་དཀར་རྟ་དཀར་དེ་སྟོབས་ཆེན་རྒོད་འབྲོང་ནག་པོས་ཀྱང་འགྲན་མི་ཚུགས་པ་ཞིག་ཡིན་ཚེ་ཁྲ་མོ་གླིང་ལ་དེ་འདྲའི་མི་ཇི་འདྲ་ཞིག་ཡོད་སྙམ་ནས་ཐམས་ཅད་སྐྲག་སྟེ་ཡིད་མི་བདེ་བའི་ངང་དུ་འདུག 

གླིང་དཀར་དཔའ་ཐུལ་བརྒྱད་ཅུ་རྣམས་གྲོས་མ་བྱས་བསམ་པ་གཅིག་མཐུན་གྱི་ངང་དུ་མེ་སྒར་ལ་ཆས་ཏེ། ཆུ་ཤོད་རི་བོ་ཐང་ལ་སླེབས་ཙ་ན། ཨ་ཡན་ཇག་པ་མི་བདུན་དེས་གདོང་བཀག་ནས་སེང་རང་རྡོ་རྗེ་དགྲ་འདུལ་དེ་དགྲོང། ཨ་སྟག་ཀླུ་མོས་མདའ་གཅིག་བརྫངས་ཏེ་ཇག་མི་འབུམ་ལུ་དེ་ཉིད་བསད། རྒྱ་ཚས་ཇག་མི་ཐོག་བཙན་དྷ་ར་དེ་རལ་གྲིའི་ངར་ལ་དྲངས། ཇག་པ་རྣམས་དཔའ་ཆག་སྟེ་ལམ་གང་ཐོབ་ཀྱིས་ལ་ལུང་དུ་བྲོས། མེ་སྒར་གྱིས་གླིང་དམག་འོང་བ་ཤེས་ཏེ། རྔམ་ཆེན་ཧ་ལ་ཐོག་རྒོད་དང་། སྟག་འཕེན་སྟོབས་ཆེན་རླུང་སྤུར། ཡ་མེད་སྲིན་ལྷ་ཐོག་རྒོད་གསུམ་ཐོན་ཀྱང་དགྲ་ལྷ་རྩེ་རྒྱལ་ནས་རེ་རེ་བཞིན་ཡ་ཟིའི་ངར་ལ་དྲངས། ལྷོ་ཕྱོགས་སུ་ལྷ་རྒོད་འབུམ་ལུས་མདའ་གསུམ་འཕངས་ནས་སྟག་འཕེན་གསུམ་བསད། འཕྲོས་ལུས་སྟག་འཕེན་གཉིས་དང་བློན་པོ་གཉིས་ལ་སྒར་ཟིན་པའི་འདུ་ཤེས་མེད་པར་རི་ལ་བྲོས། སྐབས་དེར་རྒྱ་ཚ་དེ་ཞལ་ངོ་རླངས་པ་འཐིབས་ལེ། དབུ་ལོ་ཟིལ་བ་ཁྲོལ་ལེ། སྤྱན་མིག་དཀར་ལོག་དམར་ལོག མདུང་མོ་ཕྱག་ཏུ་ཐོགས་ཏེ་ཐད་ཀར་སྟོབས་རྒྱལ་སྟག་མོ་རི་བཀྲའི་སྒར་ལ་ཤོར། སྟོབས་རྒྱལ་སྟག་མོ་རི་བཀྲས་གྲི་ངོ་མི་ལོན་སྙམ་ནས་དམག་ཁྲོད་དུ་ཐལ་འཚུབ་ཕྱུར་རེ་བྲོས་སོང་། རྒྱ་ཚས་འབུམ་སྐྱེས་སྟག་མོ་རི་བཀྲ་དེ་རལ་གྲི་གཡུག་ཐེངས་གཅིག་གིས་བསད། སྟག་འཕེན་འབུམ་དགའ་དང་དམུ་ཁྲི་རྔམ་པ་གཉིས་ལ་མདའ་རེ་བརྫངས་ནས་བསད་དེ། ནུབ་ནས་བྱང་དུ་ཐོན་པ་ན། སྟག་འཕེན་རྡོ་རྒོད་འབུམ་ལུས་རྗེས་སྙེག་པས་རལ་གྲིའི་ངར་ལ་དྲངས། སྐབས་དེར་ལྷོ་ཕྱོགས་སུ་འཇང་སྲས་གཡུ་ཁྲི་གུང་སྔོན་དེ་སེང་འབྲུག་ཐོག་ལྷ་བཙན་པོས་རྟ་ཐོག་ནས་གླག་གིས་འཁྱེར་བ་བཞིན་སོང་བས། རྒྱ་ཚའི་ལྷ་རྟས་རྗེས་ཟིན་པས་ལུས་ཕྱེད་གཤགས་སུ་བཏང་། སྐབས་དེར་གླིང་ཕྱོགས་སུ་ཁྱོན་ལས་དམག་ཉིས་བརྒྱ་ཙམ་གྱོང་ཞིང་ཕར་ཡང་ལས་དམག་བདུན་བརྒྱ་ཉེར་གསུམ་ཙམ་བསད་སྐད། 

འདན་མ་དང་ཆོས་འགྲུབ་སོགས་མེ་སྨད་ཁྲག་མཚོ་ཡ་ཐང་གི་གཡག་རྒྱལ་ཐུ་ལུ་འབུམ་དགའི་སྒར་ལ་རྒྱུག སྟག་འཕེན་སོག་ཁྲི་རྔམ་ཡག་གཙོས་མི་བཅུ་དྲུག་ཙམ་བསད། འདན་མ་དང་གཡག་རྒྱལ་གཉིས་ཉེ་བཅར་གྱིས་གྲི་འཐབ་བྱས་ཀྱང་ཕམ་རྒྱལ་མེད་པའི་སྐབས། རྒྱབ་ཕྱོགས་ནས་ཆོས་འགྲུབ་ཐོན་པས་རུབ་པར་དོགས་ནས་དམག་ཁྲོད་དུ་ཤོར་ཏེ་ལས་དམག་ལྔ་བཅུ་ཙམ་ཐང་ལ་བརྡབས། འདན་མས་ཁྱུང་རྒོད་འབུམ་ལུ་དེ་རལ་གྲིའི་ངར་ལ་དྲངས། མདའ་གཅིག་བརྫངས་པས་རླུང་ཁྲིད་བསད། ཆོས་འགྲུབ་ཀྱིས་སྟག་འཕེན་དུང་དགའ་ཁྲི་སྐྱིད་བསད། དམུ་ཁྲི་དང་སྟག་འཕེན་སེང་གེ་གཉིས་བྲོས་སོང་། 

ཕྱི་ཉིན་སྟོབས་ཆེན་རྒོད་འབྲོང་ནག་པོ་དང་མི་ལྔ་ཐོན། རྒྱ་ཚས་ལྕག་ཚན་ལག་ནས་འཕྲོག སྟག་ཁྲི་ཆུ་བཙན་དང་ཆུ་རི་འབུམ་ཐུབ་གཉིས་ཀྱི་ཕྲག་པ་ནས་བཟུང་སྟེ་ཆ་ལང་རྡེབ་རྡེབ་བྱས། འདན་མས་ཧ་ལ་མི་ཟན་དེ་རལ་གྲིའི་ངར་ལ་དྲངས། ཉིན་དེར་ཁྱོན་བསྡོམས་པས་གླིང་དམག་སུམ་སྟོང་ཙམ་དབུ་ཉེས་ཤོར། ཕར་ཕྱོགས་སུའང་དགུ་བརྒྱ་ཙམ་བསད་དོ།།

རྒོད་འབྲོང་གིས་རྒྱལ་པོ་ལ་བྱུས་ཉེས་ཞུས་པས་ཞལ་ངོ་ནག་པོར་གྱུར་ཏེ་ཡུད་ཙམ་ཅི་ཡང་མ་གསུང་། རེ་ཞིག་གི་མཚམས། ཡར་ལྟོས་དང་ལྟད་མོ་ག་འདྲ་གདའ།། རི་དཀར་པོ་དགུང་ལ་ཟུག་འདྲ་འདི།། སྟོད་རྒྱ་གར་ཡུལ་གྱི་རི་མགོ་རེད།། ཨ་མི་རི་ཀའི་བླ་རི་རེད།། རྒྱལ་པོ་ང་དང་དབུ་འཕང་མཉམ།། ལྷོ་མེ་གླིང་རྒྱལ་ཁབ་བཅོ་བརྒྱད་ཀྱི།། འགོ་འདྲེན་བྲག་ལྷ་རྒྱལ་པོ་རེད།། སྟག་འཕེན་ཉི་ཤུ་རྩ་ལྔ་དེ།། གཅིག་མེད་རྩ་བ་རླུང་ལ་བསྐུར།། གནངས་ཉིན་རྒྱལ་པོ་ང་རང་མན།། གླིང་རུའི་སྒར་ལ་རྒྱུག་རྒྱུ་བྱེད།། ཅེས་གསུངས་ནས་ཕྱོགས་བཞིའི་དམག་སྒར་ཆེ་བཞི་དེ་སྒར་ཚོ་གཅིག་ཏུ་བསྒྲིལ། 

དེ་ནུབ་ནེ་ནེས་ལུང་བསྟན་ཏེ། མེ་གླིང་བྲག་ལྷ་རྒྱལ་པོ་དེ།། བུ་རྒྱ་ཚ་མ་གཏོགས་གདོང་ལེན་དཀའ།། རྒྱལ་སྲས་སྟོང་རི་འབུམ་ཐུབ་དེ།། བློན་འདན་མ་མ་གཏོགས་གདོང་ལེན་དཀའ།། སྔགས་ནག་ཆོས་འབར་ཀ་ར་དེ།། ད་རེས་གླིང་པས་མ་ཐུབ་ན།། ཕྱི་གླིང་འཇའ་ཡུལ་ཤོར་ངེས་ཡིན།། ཤོར་ན་གླིང་པས་དོ་ལེ་མིན།། ཞེས་གསུངས། དེ་ནས་སྤྱི་དཔོན་གྱིས་དམག་སྒར་བྱེ་ཐང་དཀྱིལ་ལ་འདེབས་གསུངས་པས་རུ་བཤར། མེ་གླིང་རྒྱལ་བློན་རྣམས་གླིང་སྒར་ལ་ཆས་ཤིང་། གལ་སྲིད་མི་ལ་མཚོན་མ་སོང་ན་རྟ་ཐམས་ཅད་གཅིག་མེད་དུ་གཏོང་ཟེར་བའི་གྲོས་འཆམས་ཤིང་། མེ་གླིང་བྲག་ལྷ་རྒྱལ་པོ་དེ་གླིང་སྒར་དམག་ཁྲོད་དུ་རྒྱུག་སྐབས། རྒྱ་ཚས་གདོང་བཀག་སྟེ་གྲི་འཐབ་ཇ་ཡུན་ཙམ་བྱས་ཀྱང་ཕམ་རྒྱལ་མ་ཤོར་བས། རྒྱ་ཚས་བྲག་ལྷ་ལ་མདུང་བསྣུན་ཀྱང་འགྱེལ་ལ་ཁད་ཀྱིས་དམག་ཁྲོད་དུ་ཤོར་ཏེ་ལས་དམག་བརྒྱ་ཙམ་བསད། རྒྱ་ཚས་རྗེས་བཞིན་དེད་དེ་སོང་ཡང་། ལས་གུར་ལ་རལ་ཤན་བརྒྱབ་པ་དང་ཆབས་ཅིག་ནང་དུ་འཛུལ་བ་ལ། གེ་སར་རྒྱལ་པོ་མི་བཞུགས་པ་ཤེས་འཕྲལ་གསེར་ཁྲི་ཁག་གཉིས་སུ་བགོས། ཅོག་ཙེ་ཐང་ལ་བསྒྱེལ་ནས་ཡང་དམག་ཁྲོད་དུ་ཤོར། ཤར་ཕྱོགས་ནས་རྒོད་འབྲོང་གི་གདོང་དེ་གེ་སར་རྒྱལ་པོས་བཀག་སྟེ། ཁྲབ་ཆེན་སྤར་འཛིང་བྱས་ཀྱང་མ་དོ་བར། གེ་སར་རྒྱལ་པོ་ཉིད་ལུ་གུ་འཁྱེར་བ་བཞིན་དུག་མཚོའི་ནང་དུ་འཕེན་རྩིས་ཀྱིས་ཕྱགས་ལྷམ་མཚོ་ལ་ཐུག་པ་ཙམ་གྱི་སྐབས། ཡུལ་ལྷ་རྨ་རྒྱལ་སྦོམ་ར་དེ་མི་དམར་པོ་བྱུ་རུའི་ཁྲབ་རྨོག་ཅན་ཞིག་ལ་སྤྲུལ་ཏེ། ཕྱག་རལ་གཡུགས་ཙ་ན་གྲི་ཡ་མ་ལོན་པར་གེ་སར་སྐྱུར་ཏེ་ཐལ་འཚུབ་ཕྱུར་རེ་བྲོས། ལྷོ་ཕྱོགས་ནས་གཡག་རྒྱལ་དེ་དུང་སྐྱོང་གིས་བཀག གཡག་རྒྱལ་གྱིས་གྲི་ལན་གསུམ་གཡུགས་ཀྱང་གོ་ཁྲབ་གཏོར་བ་ལས་ཅི་ཡང་མ་གནོད། དུང་སྐྱོང་གིས་རལ་གྲི་གུ་ཟི་སྐྱ་རེངས་དེ་ཤུགས་བསྐྱེད་ནས་ལན་གཅིག་གིས་ལུས་ཕྱེད་གཤགས་སུ་བཏང་སྟེ་བསད། བྱང་ཕྱོགས་ནས་དུང་ཁྲི་ཧ་ལ་དེ་དཔའ་མོས་བཀག་སྟེ་བྱང་མདའ་འཕངས་པས་དཔྲལ་བར་ཐེབས་ཏེ་བསད། དགྲ་ལྷས་མི་དཔོན་གོང་དབང་གི་མགོ་སྐེ་ཡུངས་རྡོག་བཞིན་དུ་བྲེགས། ཇག་དཔོན་ལྷ་དགའ་དང་དར་རྗེ་གཉིས་ཕམ་རྒྱལ་མ་བྱུང་བས་སོ་སོར་བྱེར། ཆོས་འགྲུབ་ཀྱིས་སྟོབས་རྒྱལ་སྟག་མོ་རི་བཀྲ་ལ་མདུང་བསྣུན་ནས་ཐུལ། མེ་གླིང་རྒྱལ་བློན་རྣམས་རང་ཡུལ་དུ་ལོག་སྟེ་དེ་ཐོན་གྱི་ལས་ལ་འགྱོད་ཅིང་བསྡད་དོ།། 

སྔགས་ནག་ཆོས་འབར་ཀ་ར་ལ་རྒྱལ་བློན་རྣམས་འཇའ་ཡུལ་དུ་བྲོས་ཀྱང་ཐར་བ་མི་འདུག་པས། འཛིང་ན་དོ་མིན་གྱི་མོ་བཏབ། ལྷ་ཀླུ་གཉན་སྦོམ་ར་གེ་འཛོ་ལ་སོགས་པས་མོ་ཁ་བསྒྱུར་བས། ཟླ་བ་གསུམ་གྱི་གོང་རོལ་དུ་འཇའ་ཡུལ་ལ་འགྲོ་བར་ཐག་བཅད་ཅིང་། དེའི་བར་དུ་གླིང་དམག་འོང་ཚེ་འཕྲུལ་གྱི་རྟ་མཆོག་དང་གླང་ཆེན་སོགས་ཀྱིས་འཛིང་བར་གྲོས་འཆམས། 

ཟླ་བ་གཅིག་ཙམ་རིང་ཕར་དགྲ་ཚུར་འགེལ་མེད་དུས། ཨ་ཡན་ཇག་པ་མི་བདུན་འཇའ་ཡུལ་དུ་བྲོས་པས། ནེ་ནེས་ལུང་བསྟན་ཏེ་གླིང་གི་ཁྲ་གླག་སྤྱང་གསུམ་རྗེས་སུ་བསྙེགས་ཀྱང་མ་ཟིན། ཟླ་བ་གཉིས་ཙམ་སོང་བའི་ཚེས་བཅོ་ལྔར། གླིང་དམག་ཚང་མ་མེ་གླིང་ཕྱོགས་སུ་བཤར་བ་ལ། མེ་གླིང་རྒྱལ་བློན་རྣམས་ཀྱིས་བྱུ་རུའི་རབ་གསལ་ཁ་ནས་ཤེལ་གྱི་རྒྱང་མཐོང་བཙུགས་ཏེ་བལྟས། རྒོད་འབྲོང་གིས་ནུ་བོ་དུག་རི་བཙོན་ནས་ལོན་པར་ཞུས་པ་ལ་རྒྱལ་པོས་གསུང་ངག་བསྩལ་ཏེ། ཤར་ཕྱོགས་ནས་སྟོབས་ཆེན་སྒྱོགས་ལ་དུག་སྣ་དགུ་ཡི་རྫས་བརྫངས་ཏེ་སྒྱོགས་མདེལ་བོང་བའི་ཚད་ཙམ་ཞིག་བརྫངས་ནས་འཕངས་བྱུང་བས། གེ་སར་གྱི་སྐུ་ལ་ཕོག་སྟེ་ཡུད་ཙམ་བརྒྱལ། ལྷོ་ཕྱོགས་ནས་རྒྱལ་སྲས་སྟོང་རི་འབུམ་ཐུབ་དེས་འཕྲུལ་གྱི་གླང་ཆེན་རོག་ནག་ལ་དར་གྱིས་བརྒྱན་ཏེ་གླིང་དམག་ཁྲོད་དུ་མངགས་པ་ལ། གླིང་དམག་དང་འཕྲད་མ་ཐག་གླང་ཆེན་དེ་དུམ་བུ་བརྒྱད་དུ་གས་ཏེ་མདའ་རྡོའི་ཆར་ས་གཞིར་ཁེངས་པ་ལྟ་བུ་ཞིག་བབས་ཤིང་དཔའ་ཐུལ་ཚོའི་རྟ་བདུན་ཙམ་བསད། གེ་སར་གྱིས་དམ་རྫས་དུག་གྲི་ནག་པོ་དེ་ལན་གསུམ་གཡུགས་རྗེས་གླང་ཆེན་རྣམས་ཐང་དུ་འགྱེལ། ནུ་བོ་དུག་རི་འབར་བ་དེས་འཕྲུལ་གྱི་རྟ་མཆོག་རང་འགས་ལ་རིན་ཆེན་སྣ་ལྔའི་སྒ་ཆས་སྤྲད་ཅིང་། སྟེང་ལ་ལྕགས་ཀྱི་མི་ཕོ་འཛིན་ཤེས་བསྐྱོན་ཏེ་གླིང་དམག་གི་ཁྲོད་དུ་བཏང་བ་ལ། མི་ཕོ་དེས་གནམ་ལྕགས་འདོམ་དགུ་ཙམ་ཞིག་ས་ལ་ལན་གཅིག་གཡུགས་ཀྱང་གནོད་མ་ཐུབ། དུས་དེར་འཕྲུལ་རྟ་དེ་སྲན་མ་བཞིན་དུ་གས་ཤིང་ནང་ནས་མཚོན་ཆའི་ཆར་སེར་བ་འབབ་པ་བཞིན་གྲངས་མེད་དུ་བྱུང་མོད། ལྷ་ཡི་རིལ་བུའི་མཐུས་དཔའ་ཐུལ་རྣམས་ལ་ཅི་ཡང་གནོད་མ་བྱུང་། སྐབས་དེར་རྒྱ་ཚས་ཕོ་བྲང་གི་སྒོ་གཏོར་ཏེ་སྐས་ཐོག་ལ་ཡར་སོང་བར། མེ་གླིང་རྒྱལ་བློན་ཚོས་རལ་གྲི་མང་ཙམ་བཏབ་ཀྱང་མ་གནོད། རྒྱབ་ཏུ་ནུ་བོ་དུག་རི་མེ་འབར་གྱིས་ཞགས་པ་འཕངས་པས་མགྲིན་པར་ཐེབས་ཀྱང་གྲི་གཡུག་ཐེངས་གཅིག་གིས་བཅད། དེ་ནས་རྒྱ་ཚ་ནས་ཀྱང་ཆུ་ཞགས་འཕངས་པས་ནུ་བོའི་མགྲིན་པར་ཐེབས། དར་རྗེ་དང་གཉིས་ཀྱིས་གྲུ་གུ་བཞིན་བསྡམས་ནས་སྐུ་རྗེའི་མདུན་དུ་འཁྱེར། དྲི་བ་བྱས་ཀྱང་ལན་མེད་པས། སྐུ་རྗེ་ནས་རལ་གྲི་བཏབ་པ་ལན་མེད་གཡུགས་ནས་མགོ་སྐེ་ཡུངས་རྡོག་བཞིན་ཐང་ལ་འཕངས། དུས་དེར་བྲག་ལྷ་རྒྱལ་པོ་དང་རྒོད་འབྲོང་། རྒྱལ་སྲས་གསུམ་རང་རང་གི་རྟ་ཐོག་ཏུ་བུད་དེ་ཤར་རྒྱག་གིས་འཇའ་ཡུལ་དུ་བྲོས་པ་ན། གླིང་པ་རྣམས་ཀྱིས་རྗེས་བཞིན་བསྙེགས་ཏེ་རྒྱ་གར་རི་ལ་ཡར་འདེད་དང་། རྒྱ་ནག་རི་ལ་མར་འདེད། བལ་བོའི་རི་ལ་སྐོར་བ་བརྒྱབ་པའི་མཐར། སྟོད་ཨ་རི་རྒྱལ་པོའི་ས་མཚམས་ཏེ་འཇའ་བ་དན་ཟེར་བ་ནས་ལྷ་ཀླུ་གཉན་གསུམ་གྱིས་སྡོངས་གྲོགས་མཛད་དེ་རྗེས་ཟིན། རྒྱ་ཚས་དུག་རི་མེ་འབར་གྱི་མགོ་བོ་ལག་ཏུ་བཟུང་སྟེ་མགོ་ཟོར་འཕངས་པས། མེ་གླིང་རྒྱལ་པོའི་སྙིང་ཁར་ཕོག་སྟེ་བྲག་ལ་ཐོག་ལྕེ་ཕོག་པ་བཞིན་རྟ་ལས་ལྷུང་། འདན་མས་རྒྱལ་སྲས་ལ་མདའ་བཏབ་པས་ཆུ་སྲིན་དུང་གིས་ཕིག་པ་བཞིན་རྟ་ལས་ལྷུང་། རྒོད་འབྲོང་ལ་སྐུ་རྗེས་མདའ་བཏབ་ཅིང་འདུལ་བའི་དུས་ལ་བབ་པས་བསད། དུས་དེ་ཙམ་ལ་སྔགས་ནག་ཆོས་འབར་ཀ་ར་དེ་མེ་གླིང་གསེར་རྫོང་ཡང་ཐོག་ཏུ་བུད་དེ། བྱ་འཕུར་བ་བཞིན་འཇའ་ཡུལ་དུ་འབྲོ་རྩིས་བྱས་མོད། ཁྲོ་ཐུང་གིས་ལྷ་ཞགས་སྤྲིན་འཛིན་དེ་འཕངས་པས། ནམ་མཁའི་བྱ་ལམ་བར་མ་ནས་བཟུང་སྟེ་ཐང་ལ་ལྷུང་། དགའ་བདེ་སོགས་ཀྱིས་མེ་གླིང་གསེར་རྫོང་གི་ལ་ཞབས་སུ་དོང་ནག་རིམ་པ་དགུ་བྲུས་ཏེ་དེར་སྦས། 

དེར་མེ་གླིང་རྫོང་རྩར་སྒར་བཏབ་སྟེ་བྱང་རི་མཚོ་དཀར་མོའི་ཡ་གོང་སྟེ། བྲག་རི་སེང་རང་རྡོ་རྫོང་གི་ནང་དུ་གསེར་གྱི་རྫོང་ཆེན་ཡོད་པ་དེར། སྲུང་མ་བྱ་རྒྱལ་ཤང་རི་ལྟོ་དཀར་གཙོས་བྱ་ཤང་ཤང་དཀར་མོ་བརྒྱ་ཙམ་ཡོད་པ་དེ་འདུལ་དུ་ཆས། བྱ་རྒྱལ་ཤང་རི་ལྟོ་དཀར་ལ་གྲི་བཏབ། ཤང་བློན་གོ་རི་གཡུག་གཅོད་དེ་མདའ་ལ་སྦྱར། ཤང་ཕ་དང་ཤང་མ་མང་ཙམ་བསད་དེ། བྱ་ཤང་ཕའི་བུ་མོ་མཛེས་སྒྲོན་ཟེར་བ་དེ་དགའ་བདེས་ཞགས་པས་བཟུང་སྟེ་ཁྲིད་འོང་བ་ལ། གེ་སར་གྱིས་རྒྱ་ནག་པོའི་ཇ་གཡང་ལེན་ཉིན་མཁོ་ཞེས་གསུངས་པས་མ་བསད། དེ་ནས་སེང་རང་རྡོ་རྫོང་གི་ངོས་སུ་བྲག་རི་མེ་ཡི་བུམ་པ་འདྲ་བ་ཞིག་འདུག་པར། སྟ་ཆེན་བྲག་རི་ཧབ་གཤགས་ཀྱིས་ཁག་གཉིས་སུ་བགོས། ནང་ན་ཤཱཀྱ་ཐུབ་པའི་གསེར་སྐུ་ཁྲུ་གང་ཙམ་དང་དཔའ་འབུམ་པའི་ལྷ་སྲས་དགྲ་ལྷར་གསེར་གྱི་ཁྲབ་རྨོག་འཁོར་གསུམ། སྐུ་རྗེ་གེ་སར་ལ་གསེར་གྱི་ཞལ་བུ་དངོས་འབྱུང་སོགས་ཡོད་། ཕོ་བྲང་ཇ་མཁར་རིང་མོ་ལ་གསེར་ཏོག་རྒྱལ་མཚན་སོགས་དང་། འཇིག་རྟེན་འཁོར་བའི་རྒྱུ་ཆ་རྣམས་ཅི་དགོས་འདུག་པ་ཡོད་ཚད་དཔའ་ཐུལ་རྣམས་ཀྱིས་བཞེས། རི་མཚོ་དཀར་མོའི་ནང་གི་འཛམ་བུ་ཆུ་གསེར་ཟེར་བ་དེ་ཤིན་ཏུ་དཀོན་པའི་གསེར་ཡིན་ཞིང་། དེ་ནི་སྔོན་རྒྱལ་པོ་དྷར་སང་གིས་བཞག་ཅིང་འཛམ་བུ་གླིང་དུ་མེད་པར་གྲགས། གེ་སར་གྱིས་ཕྱིས་སུ་བོད་སྒང་པས་ལོན་པའི་སྨོན་ལམ་བཏབ་རྗེས་གླིང་སྒར་ལ་ཕྱགས་ཕེབས། 

ཕྱི་ཉིན་མེ་གླིང་རྒྱལ་གྱི་ཡུལ་སྡེ་མི་སེར་རྣམས་ལྷན་གཅིག་ཏུ་འཛོམས། ཡི་གེ་དྲུག་མའི་ཆོས་གསུངས་པ་དང་། དམག་མི་བསད་ཚད་ཚང་མ་བྱིའུ་ཆུང་འུར་རྡོས་དཀྲོགས་པ་བཞིན་དག་པའི་ཞིང་དུ་དྲངས། བློན་རྒན་མ་འོངས་ད་མཁྱེན་དེ་བཙོན་གྲོལ་བྱས་ཤིང་། ལོ་ངོ་བཅུ་གཅིག་སོན་པའི་སྲས་ཆུང་ཟླ་ཁྲི་དུང་སྐྱིད་ཟེར་བ་དེ་མེ་གླིང་དཔོན་ལ་བསྐོ་བཞག་མཛད། 

དེ་ནས་མེ་གླིང་གསེར་རྫོང་ནོར་བུ་ཆ་བདུན་དང་རྒྱུ་ནོར་རྣམས་གླང་ཆེན་སུམ་བརྒྱ་ཙམ་ལ་བཀལ་ཏེ་མེ་སྟོད་འབྲུ་མཁར་ཐང་དུ་སྒར་བརྒྱབ་སྟེ་བཞུགས། ནུབ་དེར་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྒྱ་ཚ་ལ། རྔ་ཡབ་དག་པའི་ཞིང་ཁམས་སུ།། ད་ལྟ་མྱུར་དུ་གཤེགས་སུ་གསོལ་ཞེས་གསུངས་པས། ཕྱི་ཉིན་འདན་མ་སོགས་ལ་ཞལ་ཆེམས་མཛད་དེ། བདུད་སྡེ་འཇའ་ཡུལ་ཆོས་ལ་འགོད་དུས་ང་རྒྱ་ཚ་འོང་དགོས་པས། དེ་དུས་དྲི་མ་ཀུན་དག་གི་རིལ་བུ་དེ་ཁྱེར་ཡོང་སྟེ་དག་པའི་ཞིང་ལ་ཁྲིད་ཆོག་ཟེར་བ་དང་། ནམ་མཁའ་འཇའ་འོད་ཀྱི་ཀློང་དུ་བྱ་འཕུར་བ་བཞིན་ཕེབས། མཁའ་འགྲོ་སྲུང་མས་བསུ་མ་རྒྱ་ཆེན་བྱས་པ་དེར་ཡོད་ཚང་མས་མཐོང་བྱུང་། 

གླིང་པ་རྣམས་ཞག་དྲུག་ཅུ་རེ་གསུམ་ལས་ད་གཟོད་གླིང་དཀར་སྟོད་ལ་སླེབས། ཕ་ཁུ་མ་སྲུ་མོ་སྨན་རྣམས་ཀྱིས་བསུ་མ་རྒྱ་ཆེན་པོ་མཛད་པ་དང་། སེར་པོ་གསེར་གྱི་རྒྱུ་ཆ་རྣམས་ལ་བགོ་བཤའ་བརྒྱབ་བོ།།

དཔྱད་གཞིའི་ཡིག་ཆ།

[1] མེ་གླིང་གསེར་རྫོང་། [Z].ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣:༢༢༣

[2] མེ་གླིང་གཡུལ་འཁྲུག [Z].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༢:༣༢༨


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1