མི་ལ་རས་པའི་མགུར་གླུའི་སྒྱུ་རྩལ་ཁྱད་ཆོས་བརྗོད་པ།
བློ་བཟང་ལྷ་མོ། ( པེ་ཅིང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
【ནང་དོན་གནད་བསྡུས】 མི་ལ་རས་པའི་མགུར་གླུའི་བརྗོད་བྱ་དོན་གྱི་ཐད་ནས་ཆོས་ཀྱི་གནས་ལུགས་ཟབ་མོ་མཚོན་པ་དང་། རྗོད་བྱེད་ཚིག་གི་རྣམ་པར་རྩོམ་རིག་གི་སྒྱུ་རྩལ་ཕུན་སུམ་ཚོགས་པ་མ་ཟད། དབྱངས་དང་གདངས་སུ་བསྡེབས་རྗེས་སྒྱུ་རྩལ་གྱི་ཉམས་ཐོན་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ལྡན། འདིར་བརྗོད་པར་བྱ་བ་ནི་མགུར་གླུའི་བྱུང་འཕེལ་དང་མི་ལ་རས་པའི་མགུར་གླུའི་རྒྱབ་ལྗོངས། མི་ལ་རས་པའི་མགུར་གླུའི་སྒྱུ་རྩལ་ཁྱད་ཆོས་བཅས་སོ།།
【བརྡ་ཆད་གཙོ་བོ】 མི་ལ་རས་པ། མགུར་གླུ། སྒྱུ་རྩལ་ཁྱད་ཆོས།
གཅིག མགུར་གླུའི་བྱུང་བ་མདོར་བསྟན་པ།
སྤྱིར་མགུར་དང་གླུ། མཆིད་བཅས་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན། མགུར་ཞེས་པ་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་ཞིང་གླུའི་གོ་དོན་དང་ཡོངས་སུ་མཚུངས། དེ་ཡང་བོད་གདོད་མའི་སྤྱི་ཚོགས་ཀྱི་དུས་སུ་ངལ་རྩོལ་དང་འབྲེལ་ཆེ་ཞིང་འཆར་ཡན་གྱི་བསམ་བློ་དང་རྩེད་མཚར་གྱི་ཉམས་ལ་བརྟེན་ནས་སྲིད་པ་ཆགས་གླུ་དང་སྲིད་པའི་བ་ཆུང་བཤའ་གླུ་སོགས་དམངས་ཁྲོད་ཀྱི་འཚོ་བ་མཚོན་པའི་གླུ་གཞས་མང་པོ་བྱུང་མྱོང་། ཏུན་ཧོང་གི་ཡིག་ཚང་ལྟར་ན། རྒྱལ་བློན་བར་གྱི་མགུར་ཡང་བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་རིང་ནས་བྱུང་ཡོད། མདོར་ན་མགུར་དང་གླུ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་མི་རིགས་ཀྱི་དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བའི་རང་མདངས་གསོན་པོ་ཞིག་མངོན་ཡོད།
དེ་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མགུར་གླུ་ལའང་རིམ་གྱིས་དབྱེ་བ་བྱུང་སྟེ། བསྟན་པ་སྔ་དར་གྱི་སྐབས་སུ་མགུར་དང་གླུ་ཞེས་པའི་ཐ་སྙད་གཉིས་ཀ་གོ་དོན་གཅིག་ཡིན་ལ།“ཆོས་ལུགས་ཀྱི་ནང་དོན་ལྡན་པའི་གླུ་ལའང་སྐབས་རེར་མགུར་ཞེས་འབོད་པ་དང་མཚམས་རེར་གླུ་ཞེས་མིང་བཏགས། དཔེར་ན། བསྟན་འགྱུར་ནང་དུ་བཞུགས་པའི་ཆོས་གླུ་དེ་དག་ལའང་ཐ་སྙད་གཉིས་ཀ་བྱུང་ཡོད་དེ།《དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར》དང《མཁའ་འགྲོ་བརྡའི་མགུར》དང《ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ》ཞེས་པ་སོགས་མཐོང་རྒྱུ་ཡོད།”① དེ་ཡང་མགུར་དང་གླུ་གཉིས་ལ་དོན་གྱི་དབྱེ་བ་བྱུང་བ་ནི་བསྟན་པ་ཕྱི་དར་ནས་ཡིན་ཞིང་། དེ་ནས་བཟུང་མགུར་ཞེས་བྱ་བ་གླུ་ཡི་ཞེ་ས་ལྟ་བུར་གྱུར་པ་དང་། གླུ་ཞེས་པ་ནི་དམངས་ཁྲོད་དུ་དར་བའི་གླུ་དང་། མགུར་ཞེས་པ་ནི་རྣལ་འབྱོར་བ་དང་བཙུན་པ་སོགས་ཀྱིས་བླངས་པའི་ཆོས་གླུ་ལ་གོ།
གཉིས། མི་ལ་རས་པའི་མགུར་གླུའི་ལོ་རྒྱུས་རྒྱབ་ལྗོངས།
དེ་ཡང་མི་ལ་རས་པའི་མགུར་གླུ་བརྩམས་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡིན་ཏེ།“བོད་སྤྱི་ཚོགས་ཀྱི་བཙན་པོའི་དབང་བསྒྱུར་དེ་རིམ་གྱིས་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ཤིག་ཡིན་པས། དབང་བསྒྱུར་གྲལ་རིམ་བར་གྱི་འགལ་བ་དང་། བོན་ཆོས་དང་ནང་ཆོས་བར་གྱི་འགལ་བ་རྣམས་སྔར་ལས་ཛ་དྲག་ཆེ་བར་གྱུར། དུས་རབས་བཅུ་པའི་དུས་དཀྱིལ་དུ་འབངས་གྱེན་ལོག་བྱུང་ནས་བོད་ཁམས་སིལ་བུར་འཐོར་བའི་རྗེས་སུ། ཡུལ་གྲུ་སོ་སོར་རྒྱལ་ཕྲན་མང་དུ་བྱུང་བ་དང་། དུས་སྐབས་འདི་ནི་བོད་ཀྱི་བྲན་གཡོག་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་བརྒལ་བའི་དུས་སྐབས་ཤིག་རེད།”② མི་ལ་རས་པ་ཁོང་ནི་སྤྱི་ཚོགས་ཀྱི་གོ་རིམ་དེའི་ནང་འཚོ་བ་རོལ་མྱོང་བའི་མི་ཞིག་ཡིན་ལ། དེང་སང་འཛམ་བུ་གླིང་ལ་གྲགས་པའི་མི་ལའི་གསུང་མགུར་རྣམས་དུས་སྐབས་འདིའི་ནང་བརྩམས།
མི་ལ་རས་པའི་མིང་ཆ་ཚང་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པ་ཞེས་བརྗོད་པ་དང་། ཆུང་མིང་ལ་ཐོས་པ་དགའ་ཞེས་བཏགས། ཁོང་ནི་སྤྱི་ལོ༡༠༤༠ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ༡༡༢༣ལོར་མྱ་ངན་ལས་འདས་པར་བཤད། ཁོང་དགུང་ལོ་བདུན་ལ་སླེབས་དུས་ཡབ་ཚེ་ལས་འདས་པ་དང་དེ་ནས་བཟུང་ཁོང་མ་བུ་གསུམ་གྱིས་སྡུག་མང་པོ་མྱངས་དགོས་བྱུང་། རྗེས་ནས་མཐུ་བསླབ་པར་བརྟེན་ནས་དགྲ་མང་པོ་བསད། སླར་ཡང་འགྱོད་བཤགས་བྱས་ཏེ་བླ་མ་མར་པའི་ཞབས་ལ་གཏུགས། མཐར་སྡིག་སྒྲིབ་སྦྱངས་ནས་ཐོབ་པར་དཀའ་བའི་གདམས་ངག་ཟབ་མོ་ཐོབ་པ་དང་། བླ་མའི་བཀའ་ལྟར་རི་ཁྲོད་ཕྱོགས་མེད་དུ་འགྲིམས་ཏེ་རྣལ་འབྱོར་གྱི་ལས་ལ་གཞོལ་བ་དང་དམངས་ཁྲོད་དུ་དར་སྲོལ་ཆེ་བའི་གླུ་གཞས་ཀྱི་རྣམ་པའི་སྒོ་ནས་རང་གི་ཆོས་དད་ཀྱི་བརྩེ་དུང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་འཚོ་གནས་ཁོར་ཡུག་སོགས་ལ་བསྟོད་བསྔགས་བྱས་པ་དང་། ཁྱད་པར་དུ་ཆོས་ཀྱི་གནས་ལུགས་ཟབ་མོ་སྙན་ངག་གི་དབྱངས་སུ་ལེན་པའི་ཐུན་མོང་མ་ཡིན་པའི་ཐབས་ལམ་ལ་བརྟེན་ནས་བགྲང་ལས་འདས་པའི་བུ་སློབ་མང་པོ་བསྐྱངས།
རྗེས་ནས་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ནམ་སངས་རྒྱས་རྒྱལ་མཚན་མཆོག་གིས་མི་ལ་རས་པའི་མགུར་གླུ་ཕྱོགས་བསྒྲིགས་བྱས་པ་སྟེ། ཁོང་གིས་མི་ལ་རས་པའི་མགུར་གླུ་རེ་རེའི་ཆེད་དུ་མངའ་རིས་དང་། དབུས་གཙང་། དྭགས་པོ། ཀོང་པོ་སོགས་ལ་ཡང་ཡང་ཕེབས་ནས་དཀའ་བ་མང་དུ་སྤྱད་དེ་མགུར་གླུ་རྣམས་ཕྱོགས་བསྒྲིགས་བྱས་ཏེ་དབུས་གཙང་ཕྱོགས་ཀུན་ཏུ་བཀྲམས་པ་དང་། དེ་ནས་བཟུང་མི་ལ་རས་པའི་མགུར་གླུ་དེ་བོད་གངས་ཅན་གྱི་ལྗོངས་སུ་ཁྱབ་པའི་འགོ་བརྩམས།
གསུམ། མི་ལ་རས་པའི་མགུར་འབུམ་སྒྲིག་སྟངས་སྐོར།
རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པའི་མགུར་འབུམ་གྱི་གཞུང་ཆ་ཚང་དོན་ཚན་ཆེན་པོ་གསུམ་དུ་བགོས་ནས་བསྒྲིགས་ཡོད། དང་པོ་ནི་མི་མ་ཡིན་གྱིས་མཐོ་འཚམས་པ་དམ་ལ་བཏགས་པའི་སྐོར་ལ་ལེའུ་བརྒྱད་ཡོད་དེ། མི་ལ་ཤིང་ཐུན་གྱི་ལེའུ་ནས་ཕུག་རོན་ལྷའི་བུ་མོས་མཆོད་པའི་ལེའུ་ཡི་བར་དུ་ཡིན། གཉིས་པ་ནི་སྐལ་ལྡན་ཐུགས་སྲས་རྣམས་སྨིན་གྲོལ་ལ་བཀོད་པའི་ལེའུ་སུམ་ཅུ་སོ་གསུམ་ཡོད་དེ། བྲག་སྐྱ་རྡོ་རྗེ་རྫོང་གི་སྐོར་ཚོ་སྔ་མའི་ལེའུ་ནས་ལོ་སྐོར་ཕྱ་རུ་བའི་ལེའུ་ཡི་བར་དུ་ཡིན། གསུམ་པ་ནི་ཁ་འཐོར་སྣ་ཚོགས་ཀྱི་སྐོར་ལ་ལེའུ་བཅུ་བདུན་ཡོད་དེ། བུ་སློབ་དང་ཉ་མའི་ཞུས་ལན་གྱི་ལེའུ་ནས་བུ་སློབ་རྣམས་སྤྲོ་བ་བསྐྱེད་པ་བཀོད་པ་སྐུའི་རྫུ་འཕྲུལ་བསྟན་པའི་ལེའུ་ཡི་བར་དུ་ཡིན། མདོར་ན་མགུར་འབུམ་ནང་ལེའུ་ཁྱོན་བསྡོམས༥༨དང་མགུར་གླུ་ཧ་ལམ་བཞི་བརྒྱ་ཙམ་ཡོད། ཡིན་ན་ཡང་མཁས་དབང་དོན་འགྲུབ་རྒྱལ་གྱིས་བརྩམས་པའི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་སོགས་ལས་གཙང་སྨྱོན་སངས་རྒྱས་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་བྱས་པའི《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ》ཞེས་བྱ་བའི་ནང་ལེའུ་ཁྱོན་བསྡོམས༦༡ཡོད་པ་དང་། མགུར་གླུ་ཁྱོན་བསྡོམས༣༨༤ཡོད་ཅེས་བཀོད་ཡོད། དེ་ཡང་ལེའུ་བརྩིས་སྟངས་ཀྱི་ཐད་ལ་ཁྱད་པར་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། མགུར་འབུམ་གྱི་པར་གཞི་མི་འདྲ་བའི་ནང་ལེའུ་བརྩིས་སྟངས་མི་འདྲ་སྟེ། ཚེ་རིང་མཆེད་ལྔས་དྲོད་ཉུལ་བ་དང་ཞུས་ལན་གྱི་རིམ་པ་ཞེས་པའི་ལེའུ་དེ་ལེའུ་བཞི་རུ་བགོས་ཏེ་ཞིབ་མོར་བསྒྲིགས་རྗེས་ཁྱད་པར་དེ་བྱུང་འདུག
དེ་ཡང་མགུར་འབུམ་སྒྲིག་སྟངས་ཀྱི་གོ་རིམ་ཐད་ཆེས་ཐོག་མའི་ལེའུ་བརྒྱད་ནི་མི་ལ་རས་པས་ལྷ་མ་ཡིན་དང་བདུད་འདྲེ་བཏུལ་བའི་རྣམ་ཐར་ཡིན་ལ། རྗེས་ནས་ད་གཟོད་བུ་སློབ་རྣམས་ལ་ཆོས་གསུངས་པའི་འགོ་བརྩམས། འདིའི་ནང་མི་ལ་རས་པས་བུ་སློབ་རྣམས་རྗེས་སུ་བཟུང་བའི་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་པ་ཡིན་ལ། བར་བར་དུ་ཡོན་བདག་དང་བུ་སློབ་ཕོ་མོ་སོགས་ལ་མཇལ་དུས་དྲིས་ལན་དུ་གསུངས་པའི་མགུར་ཀྱང་མཆིས།
གཞན་ཡང“མགུར་འབུམ་སྒྲིག་ལུགས་ཀྱི་ཐད་ཚིགས་བཅད་སྙན་ངག་ཁོ་ན་མ་ཡིན་པར། ཚིགས་བཅད་དང་མཉམ་དུ་མགུར་གླུ་བྱུང་བའི་རྒྱབ་ལྗོངས་དང་གནས་ཚུལ་སོགས་གསལ་པོར་བཀོད་ཅིང་། མགུར་གླུ་དང་མཉམ་དུ་བསྡེབས་རྗེས་གོ་རིམ་ལྡན་པའི་ལེའུ་དང་ལེ་ཚན་དུ་གྱུར་ཡོད་པ་དང་བྲོ་བ་ལྡན་པའི་སྒྲུང་གཏམ་ཞིག་ཏུའང་གྱུར་ཡོད། མི་ལ་རས་པའི་མགུར་འབུམ་ནང་གི་མགུར་གླུ་ཡོད་ཚད་དེ་མི་ལ་རང་ཉིད་ཀྱིས་བླངས་པའི་མགུར་ཁོ་ན་མིན་ཏེ། འདིའི་ནང་ད་དུང་ཁོང་གི་བུ་སློབ་དང་། ཆོས་ལུགས་པ། སྦྱིན་བདག ལྷ་མ་ཡིན་བཅས་ཀྱིས་བླངས་པའི་གླུ་ཡང་བཀོད་ཡོད།”③
བཞི། མི་ལ་རས་པའི་མགུར་གླུའི་རྩོམ་རིག་སྒྱུ་རྩལ་བརྗོད་པ།
མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ་གཉིས་ལ་པར་གཞི་སོ་སོར་ཡོད་ནའང་དོན་དངོས་དེ་གཉིས་ནི་ཁ་འབྲལ་དུ་མི་རུང་བའི་བརྩམས་ཆོས་ཆ་ཚང་ཞིག་ཡིན་ཕྱིར། མི་ལ་རས་པའི་མགུར་འབུམ་ཀློག་སྐབས་རྣམ་ཐར་མ་ཤེས་ན་མགུར་གླུ་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཤེས་དཀའ་བས་རྣམ་ཐར་དང་མགུར་གླུ་གཉིས་ལ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཟབ་མོ་ལྡན། བརྩམས་ཆོས་འདི་ལ་ལོ་རྒྱུས་དང་མཐུན་པའི་བདེན་དངོས་ཀྱི་རང་བཞིན་ལྡན་པ་མ་ཟད། སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་རིག་གི་རང་བཞིན་ཡང་ལྡན་ལ། དབྱངས་དང་གདངས་སུ་བསྡེབས་ཆོག་པའི་མགུར་གླུའི་སྒྱུ་རྩལ་ཡང་ལྡན། ཁོང་གིས་རི་ཁྲོད་འགྲིམས་པའི་ཉམས་ལེན་གྱི་ཁྲོད་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་ཞིང་སྣང་བ་གླུ་རུ་ལེན་པའི་ངག་གི་སྒྱུ་རྩལ་དང་། ཁོང་གིས་འཇིག་རྟེན་འཁོར་བ་ནི་བདེ་མེད་སྡུག་བསྔལ་གྱི་གཞི་དང་ཐར་བ་ནི་གཏན་དུ་སྐྱིད་པའི་ཞིང་དུ་འདོད་ཅིང་འཇིག་རྟེན་འཁོར་བ་ལ་ངེས་འབྱུང་ཟབ་མོ་སྐྱེས་པའི་སྣང་བའི་སྒྱུ་རྩལ་ནི་སྙན་ངག་པ་གཞན་གྱི་པིར་རྩལ་ལས་ཐོན་མི་ཐུབ་པ་དང་འགྲན་ཟླ་བྲལ་བ་ཞིག་རེད།
༡. མི་ལའི་མགུར་གླུ་ལ་ཐུན་མོང་མ་ཡིན་པའི་བསམ་བློའི་མཛེས་ཉམས་ལྡན།
དེ་ཡང་ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་སེམས་ཁམས་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། མི་ལའི་མགུར་འབུམ་དུ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དུ་གནས་པའི་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་། རླུང་སྤྲིན་ཆར་གསུམ་གྱི་རྒྱུ་ཕྱོགས། མཚོ་དང་རི་བོ་སོགས་དཔེ་ཅི་རིགས་བཀོད་དེ་རྗོད་བྱེད་ཚིག་སྙན་མོ་ལ་བརྟེན་ནས་མགུར་གླུའི་བསམ་བློའི་རང་བཞིན་མཚོན་ཡོད། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༢༥༢ཐོག་ཏུ། གནས་མི་དབེན་པའི་ནགས་འདབས་ན།། མི་ལ་རས་པའི་སྒོམ་ལུགས་བདེ།། འཛིན་ཆགས་མེད་པའི་འགྲོ་འདུག་བདེ།། ན་ཚ་མེད་པའི་སྒྱུ་ལུས་བདེ།། ཉལ་བ་མེད་པའི་འདུག་ལུགས་བདེ།། རྟོག་པ་མེད་པའི་ཏིང་འཛིན་བདེ།། ཞེས་པ་ལྟ་བུའི་ནང་ཁྱད་པར་དུ་མི་ལ་ཁོང་ཉིད་ཀྱིས་འཇིག་རྟེན་འཁོར་བ་བློས་བཏང་བ་དང་། སྒོམ་ཉམས་ལེན་གྱི་སྣང་བ་སྐྱིད་པའི་བསམ་བློའི་རང་བཞིན་མཚོན་ཡོད།
༢. མི་ལའི་མགུར་གླུ་ལ་ལུས་ཀྱི་མཛེས་ཉམས་ལྡན།
སྤྱིར་མགུར་གླུའི་ལུས་ཀྱི་ཆ་ནས་བཤད་ན་རྐང་པར་བཅད་པའི་ལུས་མ་གཏོགས་མེད་ཀྱང་། སྙན་ངག་ལ་རྐང་པར་བཅད་པ་དང་། མ་བཅད་པའི་ལྷུག་མ། དེ་གཉིས་ཀ་སྤེལ་མ་བཅས་རྣམ་གསུམ་ཡོད། རྐང་པར་བཅད་པའི་ལུས་ལའང་། མགུར་དང་སྙན་ངག་གཉིས་ལ་ཚེག་བར་མང་ཉུང་གི་དབྱེ་བ་ཡོད་དེ། མགུར་ལ་ཚེག་བར་གསུམ་ཅན་དང་། བཞི་ཅན། ལྔ་ཅན། དྲུག་ཅན་སོགས་ཡོད་ལ། མང་ཤོས་ཉི་ཤུ་ལྷག་ཙམ་བྱུང་བ་དང་། སྤྱིར་བཏང་དྲུག བདུན། བརྒྱད། དགུ་ཅན་སོགས་ཡིན་ལ་ཚེག་བར་དོ་མཉམ་པ་དང་དོ་མི་མཉམ་པ་ཅི་རིགས་བྱུང་ཡོད་ཅེས་དོན་གྲུབ་རྒྱལ་གྱིས་བརྩམས་པའི《བོད་ཀྱི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》སོགས་ལས་གསལ། ④
དེ་ཡང་མགུར་གླུའི་ལུས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཚིགས་བཅད་ཡིན་ལ། མི་ལ་རས་པའི་མགུར་འབུམ་ལྟ་བུ་ལ་མཚོན་ན་གཙོ་བོ་ཚེག་བར་བདུན་ཅན། ཚེག་བར་དགུ་ཅན། སྐབས་སྐབས་སུ་ཚེག་བར་བཅུ་གཉིས་ཅན་སོགས་ཀྱང་བྱུང་ཡོད། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༢༣༨དུ། མཚན་ལྡན་བླ་མ་དམ་པ་དེ།། མུན་པ་སེལ་བའི་ལམ་མཁན་ཡིན།། གྲང་དྲོ་མེད་པའི་རས་རྐྱང་འདི།། ཞེན་པ་སྤོང་བའི་ལམ་མཁན་ཡིན།། ཞེས་པ་ལྟ་བུར་ཚེག་བར་བདུན་བདུན་ཅན་གྱི་ལུས་ཀྱི་མཛེས་ཉམས་སྟོན་ཞིང་དབྱངས་སུ་གྱེར་ནའང་སྟབས་བདེ་ཡིན།
༣. མི་ལའི་མགུར་གླུ་ལ་སྒྲ་རྒྱན་གྱི་མཛེས་ཉམས་ལྡན།
སྙན་ངག་གི་སྒྲ་རྒྱན་ལྟ་བུ་ལ་མཚོན་ན། དབྱངས་འགྲོས་ཀྱི་མཛེས་པའི་ཆའམ། ཡང་ན་ཡི་གེའི་རང་ཉིད་ཀྱི་སྟེང་དུ་ལྡན་པའི་མཛེས་པའི་ངག་གི་སྐོར་དེ་ལ་བོད་རང་གི་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༢༩༥རུ། བདག་མེད་གནས་ལུགས་རྟོགས་པའི་བླ་མ་ལ།། བདག་ཅན་སྒོ་གསུམ་གུས་པས་གསོལ་བ་འདེབས།། བདག་དང་བདག་གི་རྗེས་འཇུག་སློབ་མ་རྣམས།། བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རླབས།། ཞེས་པ་ལས་ཐོག་མར་ཆོད་པའི་སྒྲ་རྒྱན་གྱི་མཛེས་དཔྱོད་ཐུན་མོང་བ་ཞིག་སྐྱེས་ཐུབ།
༤. མི་ལའི་མགུར་གླུ་ལ་དམངས་ཁྲོད་ཀྱི་ཕལ་སྐད་ཀྱི་ཤན་ཞུགས་པ།
མགུར་གླུའི་ལུས་ནི་དམངས་གླུའི་ཚིག་རྐང་སྡེབ་སྟངས་དང་འདྲ་བ་མ་ཟད། མགུར་གླུའི་ནང་དམངས་གླུའི་གྲུབ་ཆ་ཡང་མང་པོ་བཀོལ་ཡོད་པས་དམངས་གླུ་དང་འབྲེལ་བ་ཟབ་མོ་ཡོད། མི་ལའི་མགུར་འབུམ་ལས་དམངས་ཁྲོད་ཀྱི་ཕལ་སྐད་སྟེང་ནས་བོད་རང་གི་འཚོ་བའི་རང་མདངས་མཚོན་པའི་རྩོམ་གཤིས་མང་དུ་སྤྱོད་ཡོད་དེ། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༢༡༩རུ། ཁ་བ་ཉིན་དགུ་མཚན་དགུ་བབས།། ཆ་ལ་ཉིན་མཚན་བཅོ་བརྒྱད་བབས།། འབབ་སྟེ་ཆེ་བ་བལ་འདབ་ཙམ།། འདབ་ཆགས་བྱ་ལྟར་ལྡིང་ཞིང་བབས།། ཞེས་པ་ལྟ་བུ་འདིའི་ནང་བོད་ཅེས་པ་མཐོ་སྒང་དུ་གནས་པའི་མི་རིགས་ཤིག་ཡིན་སྟབས་ནམ་རྒྱུན་དུ་ཁ་བ་ཆེན་པོ་འབབ་རྒྱུ་ཡོད་ལ་འདི་ནི་བོད་ཀྱི་གནམ་གཤིས་མཚོན་པའི་ཚིག་རྒྱན་ཞིག་ཡིན། ཕ་ཡུལ་དུའང་ཁ་བ་ཆེན་པོ་ཉིན་ཞག་གསུམ་ལ་བབས་ཐལ་ལྟ་བུ་དང་། ཁ་བ་བལ་འདབ་ཙམ་ཆེན་པོ་འབབ་བཞིན་འདུག་ལྟ་བུ་སོགས་ངག་རྒྱུན་དུ་སྒྲོ་འདོགས་ལྟ་བུའི་སྐད་ཆ་འདི་འདྲ་བཤད་སྲོལ་ཡོད།
༥. མི་ལའི་མགུར་གླུ་ལ་གེ་སར་སྒྲུང་གླུའི་ཤན་ཞུགས་པ།
དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་མགུར་དང་གླུ་གཉིས་ལ་དོན་གྱི་དབྱེ་བ་མེད་པར་མིང་གི་རྣམ་གྲངས་ཙམ་ཡིན་ཚུལ་ནི་གོང་གི་མགུར་གླུའི་རྒྱབ་ལྗོངས་ཀྱི་སྐབས་སུ་ཞིབ་ཏུ་བཤད་ཡོད་པས་སྐབས་འདིར་ཟློས་བའི་ངལ་བ་མ་བྱས་སོ།། སྤྱིར་མགུར་གླུ་དང་སྒྲུང་གླུ་གཉིས་ལ་གླུ་ཡིན་པའི་ཆ་ནས་རྩོམ་ལུགས་ཀྱི་ཐད་ལ་ཐུན་མོང་གི་རང་བཞིན་ལྡན་པ་ནི་སྨྲ་མི་དགོས་སོ།། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༣༢༤རུ། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ།། ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་།། མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།། མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།། མི་ང་རང་མི་ལ་རས་པ་ཡིན།། ཞེས་པ་ལྟ་བུའི་ཚིག་སྦྱོར་གྱི་ཁྱད་ཆོས་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་གླུའི་ནང་གི་ཚིག་སྦྱོར་གྱི་ཁྱད་ཆོས་དང་ཆ་མཐུན་ནོ།།
༦. མི་ལའི་མགུར་གླུ་ནང་ཆོས་ཀྱི་རྣམ་གྲངས་བཀོད་པ།
བོད་ཀྱི་རྩོམ་རིག་ཁྲོད་དུ་ཆོས་ཀྱི་རྣམ་གྲངས་བཀོད་ཚུལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཁྱད་ཆོས་ཤིག་ཡིན་པས་སྒྱུ་རྩལ་གྱི་ཉམས་མཆོག་ཏུ་གྱུར། སདཔེར་ན། མགུར་འབུམ་གྱི་ཤོག་གྲངས༢༠༧པར། དཔའ་བོ་སེང་གེའི་སྤྱོད་འགྲོས་ཀྱི།། ལུས་ནི་ལྷ་སྐུའི་རྫོང་ལ་ཞེན།། ངག་ནི་སྔགས་ཀྱི་རྫོང་ལ་ཞེན།། སེམས་ནི་འོད་གསལ་རྫོང་ལ་ཞེན།། ཞེས་པ་ལྟ་བུར་མཚོན་ན་ཚེག་བར་ཆ་མཉམ་པས་ཐུན་མོང་གི་སྡེབ་སྦྱོར་གྱི་མཛེས་ཉམས་ཤིག་མྱོང་ཐུབ་པ་མ་ཟད། ལུས་ངག་ཡིད་གསུམ་ཞེས་པའི་སྒོ་ནས་བོད་ཀྱི་རྩོམ་རིག་གི་ཆོས་ཀྱི་རྣམ་གྲངས་སྦྱོར་ཚུལ་གྱི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་མངོན་སུམ་མཚོན་ཐུབ།
༧. མི་ལའི་མགུར་གླུ་ནང་གྲངས་ཀ་བརྗོད་པའི་ཚིག་སྦྱོར་བཀོལ་བ།
དེ་ཡང་གྲངས་ཀ་བརྗོད་པའི་ཚིག་སྦྱོར་ནི་བོད་ཀྱི་རྩོམ་གཤིས་སུ་ཤིན་ཏུ་དར་ཁྱབ་ཆེ་ལ། ཁྱད་པར་དུ་མི་ལའི་མགུར་འབུམ་ནི་གྲངས་ཀ་བརྗོད་པའི་ཚིག་སྦྱོར་མང་དུ་བཀོལ་བའི་བརྩམས་ཆོས་ཤིག་སྟེ། དཔེར་ན། མགུར་འབུམ་གྱི་ཤོག་གྲངས༤༤ཐོག་ཏུ། དང་པོ་སེམས་འཛིན་སྡུག་བསྔལ་བྲལ།། བར་དུ་ཁ་ལན་སྡུག་བསྔལ་བྲལ།། ཐ་མར་འབྲལ་བའི་སྡུག་བསྔལ་མེད།། བྱམས་སྡུག་ལེགས་པོ་མེད་དེ་ལེགས།། ཞེས་པ་ལྟ་བུར་མཚོན་ན། རིམ་པ་བཞིན་དུ་དང་པོ་དང་བར་དུ་དང་ཐ་མ་བཅས་གྲངས་ཀ་བརྗོད་པའི་ཚིག་སྦྱོར་བཀོལ་ཡོད།
མདོར་ན། མི་ལ་རས་པའི་མགུར་གླུའི་ནང་གོང་གི་རྩོམ་རིག་སྒྱུ་རྩལ་མང་པོ་བཀོལ་བ་མ་ཟད། ད་དུང་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་མགུར་དང་། རང་བྱུང་ཁམས་ཀྱི་ཡུལ་ལྗོངས་བཀོད་པའི་མགུར། ས་སྐྱ་ལེགས་བཤད་ཀྱི་ཤན་ཞུགས་པའི་མགུར་སོགས་མང་དུ་མཆིས། མགུར་གླུ་ཡོངས་སུ་བརྗོད་བྱ་གཙོ་བོ་ཆོས་ཀྱི་གནས་ལུགས་ཟབ་མོ་བསྟན་པ་དང་། རྗོད་བྱེད་ཚིག་གི་སྡེབ་སྦྱོར་མཛེས་ལ། སྐད་ཆའི་སྒྱུ་རྩལ་བབས་ཆགས་ཤིང་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་པ། ཚིག་སྦྱོར་སྙན་ཞིང་གོ་བདེ་བ་སོགས་ཀྱིས་མི་ལ་རས་པའི་མགུར་གླུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གྲུབ།
ལྔ། མཇུག་བསྡུ་བའི་གཏམ།
མི་ལ་རས་པའི་མགུར་འབུམ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་ཤུགས་རྐྱེན་གཏིང་ཟབ་པ་དང་རྒྱང་རིང་བ་བཞག་མྱོང་བའི་བརྩམས་ཆོས་ཤིག་ཡིན་པས། དུས་ཕྱིས་ཀྱི་རབ་བྱུང་བཙུན་པ་དང་རྣལ་འབྱོར་རྣམས་ཀྱིས་ཀྱང་མི་ལའི་མགུར་གླུ་ལ་དཔེར་བྱས་ཏེ་བརྩམས་ཆོས་བགྲང་ལས་འདས་པ་ཞིག་བརྩམས་ཡོད། གཞན་ཡང་མི་ལ་རས་པའི་རྣམ་ཐར་གྱི་སྐོར་ལ་ཧྥ་རན་སིའི་ཡི་གེ་དང་འཇར་པན་ཡི་གེ། དབྱིན་ཇི་ཡི་གེ། ལ་ཏིང་ཡི་གེ། རྒྱ་ཡིག་བཅས་ཡིག་རིགས་མང་པོ་ཞིག་ཏུ་བསྒྱུར་མྱོང་བ་དང་། མགུར་འབུམ་གྱི་སྐོར་ལ་ཡང་རྒྱ་ཡིག་ཏུ་བསྒྱུར་བ་སོགས་མཐོང་རྒྱུ་འདུག དེ་ལས་མི་ལ་རས་པའི་རྣམ་མགུར་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བང་མཛོད་ཆེན་མོའི་ནང་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན་པ་མ་ཟད། དེང་སང་འཛམ་བུ་གླིང་ལའང་སྐད་གྲགས་ཆེ་བ་ཤེས་ཐུབ།
ལུངས་དྲངས་པའི་སྐོར།
①མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལས་ཤོག་གྲངས༢༥རུ་གསལ།
②མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལས་ཤོག་གྲངས༡༥༣པར་གསལ།
③མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལས་ཤོག་གྲངས༡༦༣པར་གསལ།
④མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ཞེས་པའི་ཤོག་གྲངས༣༣པར་གསལ།
དཔྱད་གཞིའི་ཡིག་ཆ།
༡.《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》དོན་འགྲུབ་རྒྱལ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་པར་ཐེངས་དང་པོ།
༢.《མི་ལ་རས་པའི་རྣམ་འགུར》སངས་རྒྱས་རྒྱལ་མཚན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་པར་ཐེངས་གཉིས་པ།
༣.《བོད་ཀྱི་རྩོམ་རིག་གཞུང་ལུགས》མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༡༠པར།
༤.《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོའི་པར་ཐེངས་དང་པོ།
༥.《米拉日巴大师集》(中卷)张澄基 译 中国佛教文化研究所主编,民族出版社,2001年第2次印刷
༦.《米拉日巴传》刘立千 译著 四川民族出版社,1994年8月第4次印刷