མི་ལ་རས་པའི་མགུར་འབུམ་ཁྲོད་ཀྱི་གྲངས་རྒྱན་ལ་རགས་ཙམ་དཔྱད་པ།

ཕྱག་རྡོར་འཚོ། ( བོད་ལྗོངས་སློབ་གྲྭ་ཆེན་མོ ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


【ནང་དོན་གནད་བསྡུས】 རྩོམ་འདིར་རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱིས་བརྩམས་པའི《མི་ལ་རས་པའི་རྣམ་མགུར》ཁྲོད་ཀྱི་མགུར་འབུམ་ལས་གྲངས་ཀས་སྤུད་པའི་རྒྱན་ལ་ངོས་འཛིན་ཅུང་ཙམ་བྱས་ཏེ། མགུར་འབུམ་ཁྲོད་གྲངས་རྒྱན་གྱི་རིགས་སྣ་མང་ཡོད་པ་ལས་སོ་སོའི་ཆོས་ཉིད་དང་ཁྱད་ཆོས་བཙལ་ཏེ་རིགས་ཁ་ཤས་སུ་བཀར་ཡོད་ཅིང་། དེའི་སྒྱུ་རྩལ་གྱི་ཁྱད་ཆོས་ཅི་ལྟ་བུ་ཞིག་ཡིན་པའི་སྐོར་ལ་རགས་ཙམ་དཔྱད་ཡོད། 

【བརྡ་ཆད་གཙོ་བོ】 མི་ལ་རས་པའི་མགུར་འབུམ། གྲངས་རྒྱན། རིགས་དབྱེ། སྒྱུ་རྩལ་ཁྱད་ཆོས། 

གླེང་གཞི།

《སྙན་ངག་མེ་ལོང》དུ།“སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།།”ཅེས་གསུངས་ཡོད་པ་བཞིན་རྒྱན་ནི་སྙན་ངག་མཛེས་པར་བྱེད་པའི་ཆོས་རྣམས་ཏེ། དཔེར་ན་སྐྱེས་བུ་རང་བཞིན་གྱིས་གཟུགས་བཟང་བ་ཞིག་ལ་རིན་ཆེན་གོས་རྒྱན་སོགས་ཀྱིས་སྤྲས་པ་ན་སྔར་བས་ཀྱང་མཛེས་པ་ཆེས་ཆེར་ཕུན་སུམ་ཚོགས་པར་འགྱུར་བ་བཞིན་དུ། སྙན་ངག་གི་ལུས་ལ་ཚིག་གི་རྒྱན་གྱིས་སྤུད་པ་ན་དེའི་རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་ཞིང་ཡིད་དུ་འོང་བ་སོགས་ཉམས་དང་འགྱུར་བ་ཁྱད་པར་ཅན་ལྡན་པར་འགྱུར་ཞིང་། བརྗོད་བྱའི་དོན་ཁ་གསལ་གོ་བདེར་སྟོན་ནུས་པའམ་ལྐོག་གྱུར་གསང་སྟབས་ཀྱིས་སྟོན་ནུས་པ་སོགས་ཀྱི་སྒྱུ་རྩལ་ཁྱད་ཆོས་སྣ་མང་མངོན་ཡོང་ངོ་།། དེ་ན་སྐབས་སུ་བབས་པའི་དཔྱད་གཞི་སྟེ།《སྙན་ངག་མེ་ལོང》གི་གཞུང་དུ་བཀོད་མེད་ཅིང་བོད་ཀྱི་སྙན་ངག་གི་རྩོམ་ལུས་ཁྲོད་རྒྱུན་མཐོང་དུ་ཡོད་པའི་གྲངས་རྒྱན་ནི་རྒྱན་བྱེ་བྲག་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་དོན་ཡང་། སྒྲོལ་མ་འཚོས《གྲངས་ཀྱི་མིང་གིས་ཚིག་རྒྱན་ཚུལ་ལ་རགས་ཙམ་དཔྱད་པ》ཞེས་པར།“མིང་དེ་ལའང་ནང་གསེས་སུ་དབྱེ་ན། དངོས་པོའི་མིང་དང་ཁྱད་ཆོས་ཀྱི་མིང་། བྱ་བའི་མིང་དང་གྲངས་ཀྱི་མིང”ཅེས་བཞིར་གྲངས་ངེས་པ་ཀུན་གྱིས་ཤེས་གསལ་ལྟར་དང་། དེ་དག་ལས་གྲངས་ཀྱི་མིང་ཟུར་དུ་ཕྲལ་ནས་བརྟག་ཚེ། རེ་འགར་ཚིག་སྦྱོར་དུ་གྲངས་ཀྱི་ངོ་བོ་ཙམ་སྟོན་པའི་བྱེད་ནུས་རྐྱང་རྐྱང་ཙམ་མིན་པར། མཁས་པ་ཁ་ཅིག་གིས་མིང་གང་ལའང་གསལ་བྱེད་དང་རྒྱན་བྱེད་ཀྱི་ནུས་པ་ཟུང་སྦྲགས་སུ་མངའ་ཞེས་པ་ལྟར། དོན་གྱི་ཉམས་འགྱུར་སྣ་ཚོགས་སུ་སྟོན་པའི་ཚིག་རྒྱན་གྱི་ནུས་པའང་འདོན་བཞིན་མཆིས་ཏེ།”ཞེས་གྲངས་ཀྱི་མིང་གིས་གྲངས་ཀྱི་ངོ་བོ་ཙམ་སྟོན་ནུས་པ་རྐྱང་རྐྱང་མིན་པར་ཚིག་རྒྱན་གྱི་ནུས་པའང་ཡོད་ཚུལ་ཐོག་མར་བསྟན་ཡོད་པ་དང་། ཕྱིས་སུ་རིན་ཆེན་ལྷ་མོས《གེ་སར་སྒྲུང་གླུ་དང་བོད་ཀྱི་མགུར་གླུའི་ཁྱད་ཆོས་བསྡུར་ནས་དཔྱད་པ》ཞེས་པའི་ནང་དུ།“གྲངས་རྒྱན་ནི་མགུར་གླུ་དང་གེ་སར་སྒྲུང་གླུ་ལས་ཚིག་གི་རྒྱན་སྤེལ་སྐབས་གྲངས་ཀ་སྟོན་པའི་མིང་སྦྱར་བ་ལ་བརྟེན་ནས་ཚིག་མཛེས་པར་བྱེད་པའི་ངག་གི་སྦྱོར་བ་ཞིག་ལ་ངོས་འཛིན་པར་འདོད་དེ།”ཞེས་གྲངས་རྒྱན་ནི་ཚིག་རྒྱན་གྱི་རིགས་ཤིག་ཡིན་པ་དངོས་སུ་བསྟན་ཡོད། དེས་ན་གྲངས་རྒྱན་ཞེས་པ་ནི་རྗོད་བྱེད་ཀྱི་ཚིག་གང་དུ་གྲངས་ཀའི་མིང་གི་གཟུགས་འདྲ་བའམ་མི་འདྲ་བ་སྣ་ཚོགས་སྦྱར་བའི་སྒོ་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་མཛེས་པར་བྱེད་ཅིང་། སྙན་ཞིང་འཇེབས་པའི་སྒྲའི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ངག་ལ་གོ་དགོས་སྙམ། དེ་ནི་ནམ་རྒྱུན་མགུར་གླུ་དང་གེ་སར་སྒྲུང་གླུ། དམངས་གླུ་སོགས་ཀྱི་ཁྲོད་དུ་མཐོང་མང་བའི་རྒྱན་ཞིག་ཡིན་ལ། དེ་དག་ལས་མགུར་གླུའི་སྙན་རྩོམ་ཁྲོད་ཀྱི་མི་ལ་རས་པའི་མགུར་འབུམ་ནི་བོད་ཀྱི་མགུར་གླུའི་རྩོམ་རིག་གི་ཚབ་མཚོན་ལྟ་བུ་ཡིན་པ་མ་ཟད་དེའི་ཁྲོད་དུ་གྲངས་རྒྱན་གྱི་རིགས་སྣ་མང་མཐོང་རྒྱུ་ཡོད་པས་དེའི་སྐོར་ལ་ཅུང་ཙམ་དཔྱད་པར་བྱའོ།།

དང་པོ། མི་ལའི་མགུར་འབུམ་ཁྲོད་ཀྱི་གྲངས་རྒྱན་གྱི་རིགས་དབྱེ།

༡. ལུགས་འབྱུང་གྲངས་རྒྱན། 

ལུགས་འབྱུང་གྲངས་རྒྱན་ཞེས་པ་ནི་ཤོ་ལོ་ཀའི་ངེས་པ་ཡོད་མེད་གང་རུང་གི་སྒོ་ནས་ཚིག་རྐང་གི་མགོ་མཇུག་ཏུ་གོ་རིམ་བཞིན་གྱི་གྲངས་ཀ་བཅུག་ཡོད་པ་ལ་གོ་དགོས། གྲངས་རྒྱན་འདི་ལྟ་བུ་མི་ལའི་མགུར་འབུམ་ཁྲོད་ཤིན་ཏུ་མང་པོ་ཡོད་དེ། དེ་ལས་མགུར་གླུ་ཚན་པ་འགས་མཚོན་པར་བྱེད་ན། དཔེར་ན། དཀར་པོ་དུང་གི་རྒྱང་གྲགས་ཆེ་དང་གཅིག། དུང་མཁན་མཁས་པའི་རྐན་དབུགས་བཟང་དང་གཉིས།། རྒྱ་མོ་དར་གྱི་མདུད་པ་ཁྲ་དང་གསུམ།། རབ་བྱུང་བཙུན་པའི་འདུ་ཚོགས་མང་དང་བཞི།། འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།། ཞེས་པ་དང་། གཅིག་ཏུ་གསང་སྔགས་ཐབས་ལམ་ཆེ།། གཉིས་སུ་བླ་མའི་གདམས་ངག་ཆེ།། གསུམ་དུ་རང་གི་ཤེས་རབ་ཆེ།། དེ་ལ་ཆེ་བ་རྣམས་གསུམ་མཛོད།། ཞེས་པ་ལྟ་བུ། རིག་པ་ཡེ་ཤེས་སྒྲོན་མེ་གཅིག། རྩ་རླུང་དྲ་མིག་འཁོར་ལོ་གཉིས།། བདེ་ཆེན་གསུང་གི་རིན་ཆེན་གསུམ།། རོ་སྙོམས་ཕྱི་ཡི་མེ་ལོང་བཞི།། རང་གྲོལ་ཕྱག་རྒྱ་ཆེ་དང་ལྔ།། ཞེས་སོགས་ལྟ་བུའོ།། 

༢. བར་གྱི་གྲངས་རྒྱན། 

བར་གྱི་གྲངས་རྒྱན་ཞེས་པ་ནི་ཤོ་ལོ་ཀའི་ངེས་པ་ཡོད་མེད་གང་རུང་གི་སྒོ་ནས་ཚིག་རྐང་གི་བར་དུ་གྲངས་ཀ་སྣ་གཅིག་བཀོད་པའི་གྲངས་རྒྱན་ལ་གོ་དགོས། དེ་ལ་དཔེར་བརྗོད་མགུར་གླུ་ཚན་པ་འགའ་དྲངས་ན། དཔེར་ན། ནགས་ཚལ་དབེན་པའི་ས་ཕྱོགས་སུ།། སྤྱོད་ལམ་རྣམ་བཞི་ཆ་སྙོམས་འཚལ།། ནང་གི་འབྱུང་བཞི་ངོ་སྙོམས་འཚལ།། དགའ་བཞིའི་ཡེ་ཤེས་ཐུགས་ལ་འཆར།། ཞེས་པ་དང་། ལྟ་བ་འདི་ལ་གཟེར་གསུམ་གདབ།། སྒོམ་པ་འདི་ལ་གཟེར་གསུམ་གདབ།། སྤྱོད་པ་འདི་ལ་གཟེར་གསུམ་གདབ།། འབྲས་བུ་འདི་ལ་གཟེར་གསུམ་གདབ།། ཞེས་སོགས་ལྟ་བུའོ།། 

༣. བར་ཆོད་པའི་གྲངས་རྒྱན། 

བར་ཆོད་པའི་གྲངས་རྒྱན་ཞེས་པ་ནི་ཤོ་ལོ་ཀའི་ངེས་པ་ཡོད་མེད་གང་རུང་གི་སྒོ་ནས་ཚིག་རྐང་གཅིག་གམ་དུ་མས་བར་ཆོད་རྗེས་ཀྱི་ཚིག་རྐང་གཅིག་གི་ཁྲོད་དུ་གྲངས་ཀ་སྣ་གཅིག་བཀོད་པའི་གྲངས་རྒྱན་ལ་གོ་དགོས། དེའི་དཔེར་བརྗོད་ལ། དཔེར་ན། བླ་མ་ཡི་དམ་མཁའ་འགྲོ་གསུམ།། གསོལ་བ་འདེབས་པའི་གྲོགས་སུ་བཟང་།། སངས་རྒྱས་ཆོས་དང་དགེ་འདུན་གསུམ།། སྐྱབས་གནས་ཞུ་བའི་གྲོགས་སུ་བཟང་།། ཞེས་པ་དང་། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང་།། མྱ་ངན་འདས་པའི་སངས་རྒྱས་གཉིས།། དངོས་པོའི་གཤིས་ལ་གནས་ལུགས་གཅིག། ལྟ་བའི་བར་དོ་དེ་ལ་མཛོད།། སྣ་ཚོགས་ཤར་བའི་དཀར་དམར་དང་།། བརྗོད་དུ་མེད་པའི་སེམས་ཉིད་གཉིས།། དབྱེར་མེད་གཉུག་མའི་ངང་དུ་གཅིག། སྒོམ་པའི་བར་དོ་དེ་ལ་མཛོད།། ཞེས་པ་ལྟ་བུ། དབྱར་གསུམ་ལྷོ་སྤྲིན་སྟོབས་ཆེས་པས།། ཁྲི་གདུགས་ཤར་བ་ངས་མ་ཚོར།། དགུན་གསུམ་ངར་བ་སྟོབས་ཆེས་པས།། མེ་ཏོག་འཁྲུངས་པ་ངས་མ་ཚོར།། ཞེས་པ་ལྟ་བུ། གསེར་ལོ་ཐང་དཀར་དགུང་དུ་ཡལ།། དེས་ཀྱང་སྒྱུ་མའི་དཔེ་གཅིག་མཚོན།། དེ་ཡང་མི་རྟག་ཚུལ་དུ་གདའ།། དོན་དེ་ལ་སོམས་ལ་ལྷ་ཆོས་མཛོད།། ཅེས་སོགས་ལྟ་བུའོ།།

༤. ཞར་བྱུང་གྲངས་རྒྱན། 

ཞར་བྱུང་དུ་གོང་གི་གྲངས་རྒྱན་རིགས་དེ་དག་གི་ཆོས་ཉིད་དང་མི་འཚམ་པའི་གྲངས་རྒྱན་འགའ་རེའི་དཔེར་བརྗོད་འགོད་པར་བྱ་སྟེ། དཔེར་ན། བླ་མ་ཏེེ་ལོ་དང་ནཱ་རོ་མར་པ་གསུམ།། དེ་གསུམ་མི་ལའི་བླ་མ་ཡིན།། བླ་མ་འདི་གསུམ་གྱིས་ཡོང་ན་རས་པའི་ཕྱི་ལ་ཤོག། ཞེས་པ་དང་། ཆོས་བཤད་འདོད་ཡི་གེ་ལུང་མེད་སྒྲུབ།། ང་རྒྱལ་འདོད་ཕྱག་དང་ཞེ་ས་ལ་དགའ།། སྣོད་མི་བརྟག་བླུན་པོའི་མགོ་བོ་བསྐོར།། ནོར་འཚོལ་བའི་ཟོང་ཆོས་ལ་བྱེད་པ་བཞི།། འདི་བཞི་ཡིས་འགྲོ་དོན་འགྲུབ་པ་མིན།། ཞེས་པ་ལྟ་བུ། བླ་མ་ཡི་དམ་མཁའ་འགྲོ་གསུམ།། གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ།། ལྟ་བ་སྒོམ་པ་སྤྱོད་པ་གསུམ།། གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས།། ཚེ་འདི་དང་ཕྱི་མ་བར་དོ་གསུམ།། གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུག། ཞེས་པ་སོགས་ལྟ་བུའོ།། 

གཉིས་པ། མི་ལའི་མགུར་འབུམ་ཁྲོད་ཀྱི་གྲངས་རྒྱན་གྱི་སྒྱུ་རྩལ་ཁྱད་ཆོས།

༡. དབྱངས་ཀྱི་འདེགས་འཇོག་དང་འགྱུར་ཁུག་ལེགས་པ།

མགུར་གླུའི་གོ་དོན་གྱི་ཐད་ནས་བལྟས་ཚེ། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས“མགུར་ཞེས་པ་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ཡིན་པ་དང་། གླུ་ཡི་གོ་དོན་དང་ཡོངས་སུ་མཚུངས་ཤིང་།”ཡང་།“མགུར་དང་གླུ་ཞེས་པའི་ཐ་སྙད་འདི་གཉིས་ཀྱིས་མ་གཞིར་མིང་གཞི་གཅིག་གིས་བརྗོད་བྱའི་དོན་གསལ་པོར་སྟོན་ཐུབ་ནའང་། ཕྱིས་མགུར་གླུ་ཞེས་མིང་གཞི་གཉིས་སྦྲེལ་ནས་བརྗོད་བྱ་གཅིག་གི་དོན་སྟོན་པར་བྱེད་ཅིང་།”ཞེས་མགུར་དང་གླུ་གཉིས་ཀྱི་དོན་གཅིག་པ་ཡིན་པར་འདོད་ཅིང་། དེ་གཉིས་སོ་སོར་བཀར་ཚེ་དུས་ཀྱི་ཆ་ནས་ངོས་འཛིན་སྟངས་མི་འདྲ་བ་དང་སྟོན་བྱའི་ཁྱབ་ཁོངས་མི་འདྲ་བ་ཡོད་པའང་བསྟན་ཡོད། དེ་ན་མགུར་གླུ་ནི་བརྗོད་བྱའི་དོན་གང་རུང་ཞིག་དབྱངས་རྟ་ངེས་ཅན་ཞིག་ལ་དྲངས་པའི་རྩོམ་ལུས་ཞིག་ཡིན་པས་ན། མགུར་གླུ་ལ་དབྱངས་ཀྱི་འདེགས་འཇོག་དང་འགྱུར་ཁུག་གི་མཛེས་པ་ཁྱད་པར་ཅན་ཡོད་པ་རྟོགས་ཐུབ། ལྷག་པར་དུ་མགུར་ཚིག་གི་ཁྲོད་དུ་གྲངས་རྒྱན་སྦྱར་ན། མགུར་ཚིག་ངག་ལ་གྱེར་སྐབས་དབྱངས་ཀྱི་འགྱུར་ཁུག་སྙན་ཞིང་འཇེབས་པ་ཞིག་རང་བཞིན་གྱིས་ཐོན་ཡོང་ངེས། མི་ལའི་མགུར་འབུམ་ལས་དཔེར་ན། བླ་མ་ཡི་དམ་མཁའ་འགྲོ་གསུམ།། གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ།། ལྟ་བ་སྒོམ་པ་སྤྱོད་པ་གསུམ།། གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས།། ཚེ་འདི་དང་ཕྱི་མ་བར་དོ་གསུམ།། གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུག། ལྟ་བུའི་མགུར་ཚན་འདིར་ཚིག་རྐང་གི་མཐའ་ཐོག་ཏུ་གྲངས་ཀ་མི་འདྲ་བ་གསུམ་དང་གཅིག་སྦྱར་བ་ལས་ཚིག་རྐང་རེ་རེ་སྔ་ཕྱི་འབྲེལ་ཆགས་ཤིང་། ཚིག་གི་ཉམས་གནད་དུ་དབྱངས་ཀྱི་ཉམས་འགྱུར་ཡིད་འཕྲོག་པ་ཞིག་ཐོན་པ་དང་། རྩོམ་པ་པོའི་ཡིད་ཀྱི་ཚོར་འདུ་སྒྲ་གདངས་སུ་གྲུབ་ནས་སྟོན་པར་མ་ཟད། ཉན་པ་པོའི་སྒྲ་འཛིན་ལའང་སྙན་འཇེབས་ཀྱི་གདངས་ཀྱིས་སྙུན་པར་བྱེད་ཅིང་ཡིད་ཀྱི་དང་བ་གཅིག་ཅར་དུ་འཕྲོག་ནུས་པ་ཤིག་ཡིན་ནོ།། 

༢. སྣང་བརྙན་གྱི་མཛེས་པའི་རང་བཞིན་ལྡན་པ།

རྩོམ་རིག་བརྩམས་ཆོས་སུ་སྐད་ཆའི་སྦྱོར་བ་ལ་བརྟེན་ནས་གསོན་ཉམས་ལྡན་ཞིང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་སྒྱུ་རྩལ་གྱི་སྣང་བརྙན་གསར་སྐྲུན་བྱེད་དགོས་པར་ཉམས་དང་འགྱུར་བ་ཕུན་སུམ་ཚོགས་པའི་ཚིག་རྒྱན་གྱི་རིག་པ་ལ་བྱང་དགོས། མི་ལའི་མགུར་འབུམ་ལས་དཔེར་ན། ཁོང་གནམ་ས་གཉིས་པོ་གྲོས་བྱས་ཏེ།། སྐྱི་སེར་རླུང་གི་བང་ཆེན་བཏང་།། འབྱུང་བ་ཆུ་ཀླུང་གཡོས་གཡོས་ནས།། ལྷོ་སྤྲིན་སྨུག་པོ་འདུན་མར་བསྡུས།། ཉི་ཟླ་ཟུང་གཅིག་བཙོན་དུ་བཟུང་།། རྒྱུ་སྐར་ཉེར་བརྒྱད་བསྟར་ལ་བརྒྱུས།། དགུ་ཚིགས་སྐྱ་མོ་བརྟོད་ལ་མནན།། སྐར་ཕྲན་ཡོངས་ལ་བུད་ཀྱིས་བཏབ།། བུད་ཀྱིས་མདངས་གཡོགས་ཐ་མ་ལ།། ཁ་བ་ཉིན་དགུ་མཚན་དགུ་བབས།། ཆ་ལ་ཉིན་མཚན་བཅོ་བརྒྱད་བབས།། ཞེས་པའི་མགུར་ཚན་འདིའི་ཁྲོད་དུ་ཉི་ཟླ་ཟུང་གཅིག་དང་ཉིན་དགུ་མཚན་དགུ་སོགས་གྲངས་ཀའི་མིང་ཤིན་ཏུ་མང་པོ་སྦྱར་ནས་ཁ་བ་མ་བབས་པའི་སྔོན་གྱི་ནམ་མཁའི་རྣམ་པ་དང་ཁ་བ་འབབ་ཡུན་རིང་ཞིང་འབབ་ཤུགས་ཆེ་བའི་སྣང་ཚུལ་གསོན་ཉམས་ལྡན་པར་བྲིས་ཡོད་པས། སྣང་བརྙན་གྱི་མཛེས་པ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་གསལ་ལེར་བཀྲམ་ཡོང་། གོང་གི་ཚན་པ་འདི་ལྟ་བུའི་ཁྲོད་དུ་གྲངས་ཀའི་མིང་ཆོས་ཉིད་དང་ལྡན་པའི་སྒོ་ནས་སྦྱར་མེད་མོད། འོན་ཀྱང་གྲངས་ཀ་སྟོན་པའི་མིང་ཕོན་ཆེན་བཀོལ་ཡོད་པས་དེ་ནི་གྲངས་རྒྱན་གྱི་ཁྱད་ཆོས་ལྡན་པའི་ཚིག་རྒྱན་དུ་ངོས་བཟུང་ཆོག། 

༣. བརྗོད་དོན་ལ་རིམ་པ་ལྡན་ཞིང་བློ་ལ་ངེས་སླ་བ། 

གྲངས་ཀྱི་མང་ཉུང་དང་སྔ་ཕྱིའི་གོ་རིམ་བརྩི་བ་ནི་གྲངས་ཀའི་གཞི་རྩའི་བྱེད་ལས་ཤིག་ཡིན་ཏེ། བྱེད་ལས་འདི་ཉིད་སྙན་རྩོམ་ཁྲོད་མངོན་ཡོང་སྐབས་སྙན་རྩོམ་གྱི་བརྗོད་བྱར་རིམ་པ་ལྡན་ཞིང་སོ་སོ་མ་འདྲེས་པར་དབྱེ་སྟེ་སྟོན་ནུས་པས། རྩོམ་པ་པོ་ལ་སྙན་རྩོམ་ཁྲོད་གྲངས་ཀའི་རྒྱན་གྱིས་སྤུད་དགོས་བྱུང་ཡོད། མི་ལའི་མགུར་འབུམ་ཁྲོད་དུ་ལུགས་འབྱུང་གྲངས་རྒྱན་སོགས་སྦྱར་ནས་བརྗོད་དོན་སྔ་ཕྱི་མ་འཁྲུགས་པར་བསྟར་ཏེ་ཀློག་པ་པོའི་ཡིད་ལ་འཛིན་བདེ་བར་ཡོད་པའི་མགུར་ཚན་ཅུང་མང་པོ་ཞིག་ཡོད་དེ། དཔེར་ན། གཅིག་ཏུ་སྲོག་རྩོལ་གནད་དུ་ཆུད།། གཉིས་སུ་སེམས་ཉིད་ཀློང་དུ་ཆུད།། གསུམ་དུ་སེམས་ལ་རང་བྱན་ཆུད།། འདི་ནི་ཆུད་པ་རྣམ་གསུམ་ལགས།། ཞེས་པ་ལྟ་བུར་ལམ་གཉའ་ནང་རྒྱགས་མདར་དམ་པ་རྒྱགས་ཕུ་པས་རྗེ་བཙུན་མི་ལ་རས་པར་ཚོགས་གྲལ་དུ་ཆོས་པ་ཀུན་ལ་དགོས་པའི་ཆོས་མགུར་ཞིག་གསུང་བར་ཞུ་ཞེས་པའི་ལན་དུ། རྗེ་བཙུན་གྱིས་སེམས་ཀྱི་དགོས་དོན་ཉི་ཤུ་རྩ་གཅིག་མགུར་དུ་བཞེས་པའི་ནང་གསེས་ཆུད་པ་རྣམ་གསུམ་བསྟན་ཡོད། དེར་རྗེ་བཙུན་གྱིས་སེམས་དོན་ཉེར་གཅིག་གསུམ་བདུན་དུ་བགོས་ནས་གྲངས་ཀ་སྦྱར་ཏེ་གོ་རིམ་མ་འཁྲུགས་པར་བསྟན་པས་ཀུན་གྱི་བློ་ལ་ངེས་སླ་བར་ཡོད། ད་དུང་དཔེར་ན། ཕྱི་སྣང་བ་དཔེ་རུ་བསྟན་མ་བསྟན།། སྣང་བ་དཔེ་རུ་བསྟན་ཙ་ན།། གསེར་ལོ་ཐང་དཀར་དེ་དང་གཅིག། གཡུ་ལོ་མེ་ཏོག་དེ་དང་གཉིས།། ཕུ་ཡི་ཤེའུ་དེ་དང་གསུམ།། མདའ་ཡི་འབྲུ་དྲུག་ལེགས་དང་བཞི།། ཟ་འོག་ཁྲིགས་སེ་དེ་དང་ལྔ།། ནོར་བུ་རིན་ཆེན་དེ་དང་དྲུག། ཚེས་གསུམ་ཟླ་བ་དེ་དང་བདུན།། མི་བུ་རིན་ཆེན་དེ་དང་བརྒྱད།། སྔོན་ཆད་ཚིག་ལ་བསྐྱར་མ་མྱོང་།། ཞེས་པར་ཕྱིའི་སྣང་བ་དཔེ་རུ་བསྟན་པ་ལ་དཔེ་བརྒྱད་པོ་རེ་རེ་གོ་རིམ་བཞིན་དུ་བསྟན་པས་སྒྱུ་མའི་དཔེ་གང་དག་ཡིན་པ་ཡིད་ལ་རིམ་པ་བཞིན་དུ་ལྷང་ངེར་འཆར་ཐུབ། འདི་ཡང་གྲངས་རྒྱན་གྱི་བྱེད་ལས་ཡིན་ཏེ། གལ་ཏེ་དཔེ་སོ་སོའི་རྗེས་ལ་གྲངས་རྒྱན་མ་སྦྱར་བར། གསེར་ལོ་ཐང་དཀར་དང་གཡུ་ལོ་མེ་ཏོག། ཕུ་ཡི་ཤེའུ་དང་མདའ་ཡི་འབྲུ་དྲུག། ཅེས་བྲིས་ཚེ། དཔེར་བཀོད་ལ་རིམ་པ་མེད་ཅིང་ཟིང་རྙོག་འདྲེས་སླ་བར་གནས་པས་མི་སྙན་མི་མཛེས་སོ།། 

གསུམ་པ། མཇུག་གི་གཏམ།

གྲངས་ཀ་ལ་བརྗོད་དོན་ཕུན་སུམ་ཚོགས་པ་ཡོད་ཅིང་དེ་ནི་ལོ་རྒྱུས་ཡུན་རིང་གི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན། བོད་ལ་ཡི་གེ་མ་བྱུང་བའི་ཡར་སྔོན་གྱི་གདོད་མའི་དུས་ནས་བཟུང་གྲངས་ཀའི་བརྩི་ཚུལ་བྱུང་ཡོད་པ་དང་། ཕྱིས་སུ་ཡེ་གེ་བྱུང་བ་ནས་གྲངས་ཀའི་མིང་བྱུང་ཞིང་རིམ་བཞིན་རྩོམ་རིག་བརྩམས་ཆོས་ཁྲོད་དུ་གྲངས་ཀ་བཀོལ་སྤྱོད་བྱེད་འགོ་བརྩམས། དེ་ན་གྲངས་རྒྱན་ནི་བོད་ཀྱི་མགུར་གླུའི་ཁྲོད་ཀྱི་ཚིག་རྒྱན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་བཟུང་ཆོག་སྟེ། དེ་ནི་གྲངས་ཀྱི་ཁ་གྲངས་ཁོ་ན་ཙམ་སྟོན་པ་མ་ཡིན་པའི་རྣམ་པ་མི་འདྲ་བའི་ཐོག་ནས་མགུར་གླུ་ཁག་སོ་སོའི་ཁྲོད་ཞུགས་ཡོད་པ་མཐོང་ཐུབ་པས། དེས་བོད་ཀྱི་མགུར་གླུའི་ཚིག་དོན་གྱི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། མི་ལའི་མགུར་འབུམ་གྱི་ཁྲོད་དུ་གྲངས་རྒྱན་གྱི་རིགས་མང་ཞིང་ཅུང་རྙོག་འཛིང་ཆེ་བས་རིགས་དབྱེ་སྐབས་ལ་ཆད་ལྷག་གང་མང་བྱུང་ཡོད་ཅིང་། ལྷག་པར་གྲངས་རྒྱན་གྱི་སྐོར་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་ཉུང་བས་རིགས་དབྱེ་དང་སྒྱུ་རྩལ་ཁྱད་ཚོས་སྐོར་ལ་ངོས་འཛིན་སྣ་ཟིན་སྤུ་ཟིན་ཙམ་རེ་ལས་མ་བྱུང་བ་མཐོལ་ལོ་བཤགས་སོ།།

དཔྱད་གཞིའི་ཡིག་ཆ། 

[༡] དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། 《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ལོ།

[༢] དོན་གྲུབ་རྒྱལ་གྱིས་བརྩམས།《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་པ》(དཔྱད་རྩོམ་ཕྱོགས་བསྒྲིགས།) མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ།

[༣] སྒྲོལ་མ་མཚོ།《གྲངས་ཀྱི་མིང་གིས་ཚིག་རྒྱན་ཚུལ་ལ་རགས་ཙམ་དཔྱད་པ》ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ། ༡༩༩༩ལོའི་དེབ་གཉིས་པ།

[༤] རིན་ཆེན་ལྷ་མོ།《གེ་སར་སྒྲུང་གླུ་དང་བོད་ཀྱི་མགུར་གླུའི་ཁྱད་ཆོས་བསྡུར་ནས་དཔྱད་པ》མཚོ་སྔོན་མི་རིགས་སློབ་ཆེན། རབ་འབྱམས་བསླབ་གནས་དཔྱད་རྩོམ། ༢༠༡༦ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1