ཞི་ཅིན་ཕིང་ནས་ཧྲའན་ཞི་ཡི་སྤུས་མཐོའི་གོང་འཕེལ་ཐད་ནན་སྟོན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-17


        ཞི་ཅིན་ཕིང་གིས་ཧྲའན་ཞི་ཡུས་ལིན་དུ་གཟིགས་ཞིབ་གནང་སྐབས། བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད། ཡང་འབད་བསྐྱར་འབད་བཅས་ཀྱིས་ཧྲའན་ཞི་ཡི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་གཏོད་དགོས་པའི་ནན་སྟོན་གནང་བ།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་གཟིགས་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། བསམ་བློར་བཅིངས་འགྲོལ། སྒྱུར་བཅོས་གསར་གཏོད། ཡང་འབད་བསྐྱར་འབད་བཅས་བྱས་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ངང་དམ་འཛིན་ཏན་ཏིག་བྱེད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དེ་བས་ཡག་པ་བྱེད་པ། གོང་འཕེལ་ཀྱི་གནས་བབ་གསར་པར་ཞབས་ཞུ་དང་མཉམ་འདྲེས་དེ་བས་ཡག་པ་བྱེད་པ་བཅས་ཀྱིས་ཧྲའན་ཞི་ཡི་སྤུས་ཚད་མཐོ་བའི་གོང་འཕེལ་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        སྤྱི་ཟླ་9པའི་ཚེས་13ཉིན་ནས་ཚེས་14ཉིན་བར། ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་། ཞིང་ཆེན་འགོ་འཛིན་ཀྲའོ་དབྱི་ཏེ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་ཁེ་ལས་དང་། གྲོང་གསེབ། སློབ་གྲྭ གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་སོགས་སུ་ཕེབས་ནས་བརྟག་ཞིབ་གནང་ཡོད་པ་རེད།
        སྤྱི་ཚེས་13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་ཐོག་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་ཕེབས་ནས་འཁོར་སྐྱོད་དཔལ་འབྱོར་གྱི་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལྟེ་གནས་ཚོད་འཛིན་ཁང་དུ་ཞི་ཅིན་ཕིང་གིས་རྣམ་གྲངས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་ཁེ་ལས་ཀྱིས་གསར་གཏོད་གོང་འཕེལ་རྒྱུན་འཁྱོངས་དང་བདེ་འཇགས་དང་། བརྟན་པོ། དྭངས་གཙང་བཅས་ཀྱི་སྒོ་ནས་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པའི་བྱེད་སྟངས་ལ་གདེང་འཇོག་གང་ལེགས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ལོ་རེར་ཏུན་ཁྲི་40ཐོན་པའི་དབྱི་ཁྲུན་གཉིས་ཀྱི་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ནས་རྡོ་སོལ་རྫས་འགྱུར་བཟོ་ལས་གོང་འཕེལ་གཏིང་ཟབ་གཏོང་བའི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད།
        ཁོང་གིས་ཡུས་ལིན་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་གྱི་ནུས་རྒྱུ་གཙོ་བོ་ཡིན་པའི་རྡོ་སོལ་གྱིས་ལྗང་མདོག་ཐཱན་ཉུང་གི་གོང་འཕེལ་ཁ་ཕྱོགས་ལ་གཞིགས་ནས་ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་སུ་སླེབས་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། སྤྱི་འབོར་ཚོད་འཛིན་བྱེད་པ། མཐའ་ཚད་འགན་ལེན་བྱེད་པ། གོ་རིམ་ལྡན་པའི་ངང་གྲངས་འབོར་ཉུང་གཏོང་ཚབ་བརྗེ་བྱེད་པ། རྡོ་སོལ་འཛད་སྤྱོད་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་ཆེན་པོ་ཡོད་པས། རྡོ་སོལ་དེ་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆའི་ཕྱོགས་བསྡུས་བེད་སྤྱོད་ཕན་ནུས་ཆེ་རུ་གཏོང་བ་དང་། རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་ཐོན་ལས་རྩེར་སོན་ཅན་དང་། སྣེ་མང་ཅན། ཐཱན་ཉུང་ཅན་བཅས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དགོས་གལ་ཆེ་ཤོས་ཀྱི་ལས་འགན་དུ་བརྩི་བ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ། རྡོ་སོལ་གྱི་རྨང་གཞིའི་དམིགས་བསལ་འབར་རྒྱུ་དང་རྡོ་སོལ་གྱི་སྐྱེ་དངོས་བཞུ་རུང་བའི་རྒྱུ་ཆ་སོགས་གོང་འཕེལ་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        སྤྱི་ཚེས་13ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་སྨི་ཀྲི་རྫོང་དབྱིན་ཀྲོའུ་ཁྲོམ་གཞུང་ཀའོ་ཞི་ཀོའུ་གྲོང་ཚོར་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། གྲོག་རོང་དུ་ཤིང་འབྲས་ར་བ་དང་། ནགས་ས། སྐས་ཞིང་། འདམ་གཤོང་ཐང་བཅས་གྲལ་སྟར་སྒྲིག་པོས་ཁེངས་ཤིང་། སྟོན་དུས་ས་སེར་མཐོ་སྒང་དུ་སྔོ་ལྗང་གིས་ཁེངས། ལམ་བར་དུ་ཞི་ཅིན་ཕིང་གིས་སྐབས་སྐབས་རླངས་འཁོར་ནས་བབས་ཏེ་ཞིང་ནང་དུ་ཕེབས་ནས་འབྲུ་རིགས་དང་མ་རྨོས་ལོ་ཏོག་སོགས་ཀྱི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་མང་ཚོགས་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ། ཁོང་ཚོར་ཐོན་སྐྱེད་གཉེར་སྐྱོང་དང་། ཁྱིམ་ཚང་གི་ཡོང་འབབ། སྨན་བཅོས་འགན་སྲུང་། བུ་ཕྲུག་སློབ་ཞུགས། ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཀའོ་ཞི་ཀོའུ་གྲོང་ཚོའི་ལུང་ཐོའུ་རི་བོའི་རི་རྩེར་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཀའོ་ཞི་ཀོའུ་གྲོང་ཚོས་ས་སེར་རི་མ་ཐང་དུ་རྫ་ཆུའི་ཁུལ་འཚོལ་ཞིབ་བྱས་ནས་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚུལ་གྱི་ངོ་སྤྲོད་བྱས་པ་གསན་གནང་བ་རེད།
        ཞི་ཅིན་ཕིང་གིས།ཀའོ་ཞི་ཀོའུ་གྲོང་ཚོ་ནི་ས་སེར་ས་མཐོའི་སྣོད་བཅུད་བཅོས་སྐྱོང་བྱེད་པའི་གཅིག་མཚུངས་ཀྱི་མིག་དཔེ་ཞིག་རེད། ཁྱེད་ཚོས་རྒྱུན་སྲིང་ལྷོད་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དུས་བསྟུན་གོང་འཕེལ་ངང་གྲོང་གསེབ་ཀྱི་བྱ་གཞག་གོང་འཕེལ་བཏང་བས་ལམ་བུའི་ཐོག་བསྐྱོད་པ་ནི་འགྲིག་པ་ཞིག་རེད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་སྣོད་བཅུད་བཅོས་སྐྱོང་དང་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྣོད་བཅུད་དང་དཔལ་འབྱོར་མཐུན་སྦྱོར་གོང་འཕེལ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་གསུངས་པ་རེད།
        ཀའོ་ཞི་ཀོའུ་གྲོང་ཚོ་ནས་ཞལ་གྱེས་ནས་ཞི་ཅིན་ཕིང་སྨི་ཀྲི་རྫོང་གྲོང་ཤར་ལྷོའི་མཚམས་སུ་གནས་པའི་གསར་བརྗེའི་གནས་རྙིང་ཁུལ་དུ་ཕེབས་ཡོད། སྤྱི་ལོ་1947ལོའི་ལོ་མཇུག་ཏུ། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་ལས་ཁུངས་ཀྱི་སྣེ་ཁྲིད་གནང་ནས་ཡང་ཅ་ཀོའུ་གྲོང་ཚོར་ཕེབས་ཏེ་འདི་གར་ཟླ་བཞི་ལྷག་ཙམ་འཐབ་འཛིང་དང་འཚོ་བ་བསྐྱལ་གནང་ཡོད། ཁོང་གིས་རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་དང་ནུབ་བྱང་དམག་འཁྲུག་ལ་བཀོད་འདོམས་གནང་བ། ས་ཞིང་བསྒྱུར་བཅོས་ལས་འགུལ་ལ་འགོ་ཁྲིད་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཟླ་བ་12པའི་གྲོས་ཚོགས་ཀྱི་གནས་རྙིང་དང་། མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ། ཀྲོའུ་ཨེན་ལའེ་ཡི་བཞུགས་གནས་རྙིང་པ་སོགས་ལ་གཟིགས་སྐོར་གནང་ནས། གསར་བརྗེའི་ལོ་རྒྱུས་ལ་རྗེས་དྲན་དང་། གསར་བརྗེའི་སྔོན་བྱོན་པའི་རླབས་ཆེའི་བྱས་རྗེས་ལ་དྲན་གསོ་གནང་ཡོད། ཞི་ཅིན་ཕིང་གིས། སྲིད་ཇུས་དང་འཐབ་ཇུས་ནི་ཏང་གི་ཚེ་སྲོག་ཡིན། ལོ་ངོ་བརྒྱ་ལྷག་ཙམ་ནང་། རང་རེའི་ཏང་དེ་ཉིད་བསམ་བློ་གཅིག་འགྱུར་དང་། གོམས་སྟབས་གཅིག་འགྱུར། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མདུན་སྐྱོད་ཐུབ་པ་དང་། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དེ་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། གཟིགས་རྒྱང་རིང་བ། བྱ་དངོས་ཀྱི་ཁུངས་སྣེ་མཐོང་བ་ཙམ་གྱིས་དེའི་ངོ་བོ་དང་འཕེལ་ཕྱོགས་ལ་རྒྱུད་མངའ་ལོན་ཐུབ་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། འཐབ་ཇུས་ཀྱི་གནད་དོན་ཐག་གཅོད་ཐུབ་པ། བརྡར་ཤ་ཡང་དག་བཅད་པ་དང་གནས་བབ་ཁོང་དུ་ཆུད་པ། དོན་དངོས་དང་འཚམ་པའི་དམིགས་འབེན་ལས་འགན་དང་། སྲིད་ཇུས་ཐབས་ཇུས་བཟོས་པ་བཅས་ལས་བྱུང་བ་ཡིན། སྔ་བར་ཕྱི་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཐོག ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་འཛིན་དང་། དམངས་གཙོ་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་གིས་གནས་བབ་ཧྲིལ་པོར་གཅིག་འགྱུར་བཀོད་འདོམས་དང་། ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་རྒྱུན་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་བེད་སྤྱད་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་དམ་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་དགོས་པ་མ་ཟད། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་དང་། རང་རྒྱལ་གྱི་དོན་དངོས་ནས་འགོ་ཚུགས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཀྲུང་གུང་སུའེ་ཏེ་ས་ཨུད་ཀྱི་གནས་རྙིང་ཁུལ་དུ་ཕེབས་ནས། གནས་རྙིང་ཁུལ་གྱི་བཀོད་པ་དང་སྔོན་མའི་ལས་ཡུལ་ཁ་ཤས་སླར་གསོ་བྱེད་པའི་རྣམ་པར་ནན་ཏན་ངང་གཟིགས་ཡོད་པ་དང་འབྲེལ་ཡོད་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཡོད་པ་རེད། ཞི་ཅིན་ཕིང་གིས། གསར་བརྗེའི་ལོ་རྒྱུས་དེར་ཕྱིར་དྲན་གནང་སྐབས། གསར་བརྗེ་མཁས་ཅན་རྒན་རབས་ཚོས་ཏང་གི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ངལ་རྩོལ་མི་དམངས་ཆེས་མང་བའི་ཕྱོགས་སུ་ལངས་རྒྱུ་རྒྱུན་འཁྱོངས། མང་ཚོགས་དང་འབྲེལ་འདྲེས་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱ་རྒྱུར་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེའི་རྒྱལ་ཁ་བླངས་པ་དེའི་ཐོག་ནས། དམངས་སེམས་ཐོབ་ཡོད་པ་མ་ཟད། མང་ཚོགས་དུང་ཕྱུར་མང་པོས་ང་ཚོའི་ཕྱོགས་སུ་འགྱུར་མེད་ངང་ལངས་རྒྱུ་བདམས་ཀ་བྱས་ཡོད། ང་ཚོས་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས། སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་འཇོག་དགོས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཐོག མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་དང་། སྔ་ཕྱི་བར་གསུམ་དུ་མི་དམངས་དང་མཉམ་དུ་ལངས་པ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ལས་ཀ་མཉམ་དུ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
        དེ་རྗེས། ཞི་ཅིན་ཕིང་སུའེ་ཏེ་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ནས། སྔ་རྗེས་སུ་སློབ་ཁང་དང་ལུས་རྩལ་ཐང་དུ་སྐྱོད་གནང་བ་དང་། སློབ་མ་ཚོས་ཡིག་གཟུགས་སྦྱོང་བ་དང་ལུས་སྦྱོང་བྱེད་པར་གཟིགས་གནང་བ་མ་ཟད་ཚང་མ་དང་མཛའ་བརྩེའི་སྤེལ་རེས་གནང་ཡོད། ཁོང་གིས། ཀྲུང་ཧྭ་ཡི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་རྨང་གཞི་ནི་སློབ་གསོ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་རྨང་གཞི་ནི་སློབ་གསོ་ཡིན། ང་ཚོས་སློབ་གསོ་གཉེར་དོན་ནི་མི་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ། རིག་གནས་བློ་སྤོབས་བརྟན་དུ་གཏོང་བ། མི་རིགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་ཆེ་རུ་གཏོང་བཅས་ཀྱི་ཆེད་དུ་ཡིན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་བ་ཟབ་མོ་བཅངས་ནས། འབད་བརྩོན་ཆེན་པོས་ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་བྱས་ནས། སློབ་གྲྭའི་སློབ་གསོའི་འཐབ་ས་གཙོ་བོའི་ནུས་པ་ཤུགས་ཆེར་གཏོང་བ། སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་ཁུར་པོ་དང་སློབ་གྲྭའི་ཕྱིའི་སྦྱོང་བརྡར་ཁུར་པོ་ལྗི་དྲག་པ་དེ་དངོས་སུ་ཡང་དུ་གཏོང་བ་དང་། མི་དམངས་ནས་བློ་ཡིད་ཚིམས་པོ་བྱེད་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་གསུངས་གནང་བ་དང་། མཇུག་ཏུ་ཞི་ཅིན་ཕིང་གིས་སློབ་མ་ཚོས་དུས་བཟང་གི་ལོ་ཟླར་གཅེས་འཛིན་བྱས་ཏེ། རང་བཅུན་གྱིས་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ། སློབ་སྦྱོང་ལ་འབད་བརྩོན་གྱིས་ཡར་རྒྱས་ཡོང་བ་བྱེད་པ། གཟུགས་པོར་སྦྱོང་བརྡར་བྱེད་པ། བློ་སྟོབས་ལ་ཞུན་བརྡར་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་དང་མི་དམངས། སྤྱི་ཚོགས་བཅས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད་པ་རེད།
        ཧྲའན་ཞི་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད། ཞི་ཅིན་ཕིང་སུའེ་ཏེ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་དུ་ཕེབས་ནས། རྡོ་བརྐོས་དང་སུའེ་ཏེ་བདེ་འཇགས་དཔེ་དེབ། ཤོག་བྲེགས། དམངས་གཞས། འདམ་བརྐོས་སོགས་འགྲེམ་སྟོན་ལ་གཟིགས་གནང་བ་མ་ཟད། ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད། འགྲེམ་སྟོན་ཁང་ཕྱི་རོལ་དུ། ཧྲའན་པེ་གཡང་ཀོ་ཞབས་བྲོའི་འཁྲབ་སྟོན་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ས་ཆ་དེ་གར་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་གནང་ཡོད། ཁོང་གིས། སུའེ་ཏེ་ནི་ས་སེར་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་གསོ་སྤེལ་དང་གོང་འཕེལ་བཏང་ཡོད། ཧྲའན་པེ་མི་དམངས་ཀྱི་སྤྲོ་སེམས་དང་བབ་ཆགས། དཔའ་ཉམས་བཅས་མངོན་ཡོད། དམངས་ཁྲོད་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། མེས་པོས་བཞག་པའི་རྩ་ཆེའི་ནོར་བུ་དེ་དག་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཚེ་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བའི་འབྲེལ་མཐུད་བྱེད་ས་འཚོལ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པ་སྐོང་དགོས་ཞེས་གསུངས་གནང་ཡོད།
        སུའེ་ཏེ་རྫོང་གི་ལྷོ་ནུབ་ཏུ་གནས་པའི་ཀྲང་ཅ་པན་གྲོང་རྡལ་ཧའོ་ཅ་ཆའོ་གྲོང་ཚོ་ནི་སུའེ་ཏེ་ས་ཨུད་ཀྱིས་རི་འགོག་དམག་འཁྲུག་སྐབས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་ཚོ་ཀུན་གྱིས་ཧའོ་ཅ་ཆའོ་སློབ་སྦྱོང་དང་མི་ཚང་མས་ལིའུ་ཡུས་ཧོའུ་ལ་སློབ་སྦྱོང་བྱེད་ཅེས་པའི་བྱེད་སྒོ་སྤེལ་བས། ཐོན་སྐྱེད་ཆེན་པོའི་ཚ་རླབས་འཕྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧའོ་ཅ་ཆའོ་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས། གྲོང་ཚོའི་རྣམ་པ་དང་གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་ཚེས་14ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དེ་གར་ཕེབས་ནས་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་ཞིབ་ཞིབ་ཚགས་གནང་བ་དང་། གསར་བརྗེའི་རི་གྲོང་དེའི་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་དང་དེ་བཞིན་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཚུལ་མཁྱེན་རྟོགས་གནང་ཡོད། དེ་རྗེས། ཞི་ཅིན་ཕིང་གྲོང་མི་ཧོའུ་ཀྲི་རུང་གི་ཁྱིམ་དུ་གཟིགས་པར་ཕེབས་ཡོད། ཧོའུ་ཀྲི་རུང་གི་ཁྱིམ་ཚང་ནི་དེ་སྔ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་རིམ་ཁག་རོགས་སྐྱོར་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་སྤྱི་ལོ་2016ལོར་དབུལ་གྲོལ་ཐུབ་པ་ཞིག་རེད། ཞི་ཅིན་ཕིང་གིས། ཁྱེད་ཚོའི་ནང་མི་ཚང་མ་འཚོ་བ་ཡག་པོ་ཡོད་པ་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང་། ཡུལ་མི་རྣམས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ནི་རང་རེའི་ཏང་གི་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་ཞིག་ཡིན། གུང་ཁྲན་ཏང་གིས་ལས་དོན་དེ་ཡག་པོ་བསྒྲུབས་ནས་རྒྱུགས་ལེན་ཡག་པོ་ཟམ་མི་ཆད་པར་འབུལ་དགོས། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཤུགས་སྐྱེད་སྟོབས་སྤེལ། འབད་འཐབ་ལྷོད་མེད། རང་སྟོབས་རང་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་སྔར་བས་ལྷག་པ་ལེན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        གྲོང་ཚོའི་ཤིང་འབྲས་དང་སྔོ་ཚལ་དྲོད་ཁང་རྟེན་གཞིར་ཕེབས་སྐབས། ཞི་ཅིན་ཕིང་གིས་གྲོང་ཚོ་དེའི་ཐོན་ལས་འཆར་འགོད་གོང་འཕེལ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དྲོད་ཁང་ནང་ཕེབས་ནས་རྒུན་འབྲུམ་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་ཡོད་པ་རེད། གྲོང་ཚོའི་རོགས་རེས་བདེ་སྐྱིད་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ས་ཚུགས་སུ་ཞི་ཅིན་ཕིང་གིས་གྲོང་ཚོའི་རྒན་རྒོན་དང་སྨན་དོན་མི་སྣ་སོགས་དང་མཛའ་བརྩེ་ཐུགས་སྣང་ཤིན་པོའི་སྤེལ་རེས་གནང་ཡོད་པ་རེད། ཁོང་གིས། ཧའོ་ཅ་ཆའོ་རུ་སླེབས་སྐབས་ང་རང་ལ་སློབ་གསོ་ཐེབས་པ་དང་བློ་སྒོ་ཟབ་མོ་ཕྱེ་བྱུང་། རི་ཁུག་ལུང་ཀྱོག་ཕྱུག་འགྱུར་ལམ་དུ་བསྐྱོད་པ་དང་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་བ་ནི་སྲིད་ཇུས་ཡག་པོ་དང་མི་རྣམས་ནས་འབད་བརྩོན་བྱས་པ། གནམ་གཤིས་ཡག་པོ་བསྟན་པ་བཅས་ལས་བྱུང་བ་ཞིག་རེད། ས་ཆ་དེར་མངོན་འགྱུར་བྱུང་བ་རྣམས་ས་གནས་གཞན་དག་ཏུའང་བསྒྲུབ་ཐུབ་ཀྱི་རེད། གལ་ཆེ་ཤོས་ནི་རྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གནས་ཚུལ་གསལ་པོ་ཤེས་རྟོགས་བྱེད་པ། གནད་དོན་མཐིལ་རྟོགས་བྱེད་པ། བྱ་ཐབས་འཚོལ་བ། ཉམས་མྱོང་ཕྱོགས་སྡོམ་བཅས་བྱེད་པ་དང་དཔེ་མཚོན་དང་སྣེ་ཁྲིད། དཔེ་སྟོན་བཅས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་ཡག་པོ་བྱེད་པ། སྣེ་ཁྲིད་པ་ལེགས་འདེམས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        གྲོང་ཚོ་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་ཡུལ་མི་ཚོར། གསར་བརྗེའི་དམག་འཁྲུག་ལོ་རབས་ཀྱི་ཐོན་སྐྱེད་ཆེན་མོའི་ལས་འགུལ་ཡིན་ནའང་འདྲ་དུས་རབས་གསར་པའི་དབུལ་གྲོལ་འགག་གཏོར་དམག་འཐབ་ཡིན་ནའང་འདྲ་ཧའོ་ཅ་ཆའོ་བས་སྔ་བར་ཕྱི་གསུམ་དུ་ལས་བརྩོན་མདུན་སྐྱོད་དང་གསར་གཏོད་གསར་སྐྲུན་བྱས་ཡོད་པས་ཁྱེད་རང་ཚོས་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་འདོན་སྤེལ་བྱེད་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ། གཞན་གྱི་སྔོན་ལ་བསྐྱོད་ཕོད་པ། འབད་བརྩོན་ལྷོད་མེད་བཅས་བྱས་ནས་ཧའོ་ཅ་ཆའོ་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་མིག་དཔེར་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        ཏིང་ཞུའེ་ཞང་དང་ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥུང་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1