སྡེ་དགེ་རྫོགས་ཆེན་དགོན་པའི་སྐུ་རབས་རིམ་བྱོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


རྒྱལ་བ་རྫོགས་ཆེན་པའི་གདན་རབས་དང་པོ་ཡིན། རྫོགས་ཆེན་པདྨ་རིག་འཛིན།

༡   རྫོགས་ཆེན་པདྨ་རིག་འཛིན་ནི་རབ་བྱུང་བཅུ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་1625 ལོར་ཡབ་བཟོ་རིག་མཁས་ཆེན་བལ་པོ་བཀྲ་ཤིས་ཀྱི་སྲས་སུ་ཁམས་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། 

རྒྱལ་མཆོག་ལྔ་པ་ཆེན་པོའི་ལུང་བསྟན་ལྟར་དགུང་གྲངས་61 པ་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་1685ལོར། རུ་དམ་སྐྱིད་ཁྲམ་གྱི་ལུང་པར་བྱོན་ནས་སྔ་འགྱུར་བསྟན་པའི་ཆུ་འགོ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་ཕྱག་བཏབ།  དགུང་གྲངས་73 པར་མེ་གླང་ལོའི་ཆོ་འཕྲུལ་ཟླ་བའི་རྫོགས་པ་དང་པོའི་ཚེས་ལ། རྒྱུད་སྡེ་དང་མཐུན་པའི་རྣལ་འབྱོར་མཆོག་གི་ལམ་རྟགས་ངོ་མཚར་བ་དུ་མ་དང་བཅས་ཞིང་ལ་གཤེགས་པའི་ཚུལ་བསྟན།  གསུང་རྩོམ་ལ། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་འཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གམ་ཕར་ཕྱིན་དྲུག་གི་གྲངས་ཅན་གྱི་གླེགས་བམ་བཞུགས་ཀྱང་ཕལ་མོ་ཆེ་དུས་ཀྱི་རྒུད་པའི་སྐལ་ངན་གྱི་ཁྲོད་དུ་ཉམས་པར་གྱུར། །

རྒྱལ་བ་རྫོགས་ཆེན་པའི་གདན་རབས་གཉིས་པ། འགྱུར་མེད་ཐེག་མཆོག་བསྟན་འཛིན།
    རྒྱལ་བ་རྫོགས་ཆེན་པའི་གདན་རབས་གསུམ་པ་ཡིན། རབ་བྱུང་བཅུ་གཉིས་པའི་ས་ཡོས་ཕྱི་ལོ་1699 ལོར་སོག་ཨོ་རོད་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ལྷ་དང་བླ་མ་མང་པོས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བ་བཞིན། གོང་མའི་ཐུགས་སྲས་རྣམས་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་བཅས་ཀྱིས་བོད་ཡུལ་དབུས་ལྗོངས་ཀྱི་ལྷ་བླར་དགོངས་རྟགས་ཕུལ་བས་གྲུབ་དབང་དམ་པའི་སྐྱེ་སྲིད་འཁྲུལ་མེད་དུ་བཀས་བཅད་ཅིང་། སྨིན་གླིང་གཏེར་ཆེན་དང་། རྡོ་བྲག་རིག་འཛིན་ཆེན་པོ་གཉིས་ཀྱིས་ཀྱང་ངོས་འཛིན་གནང་ཞིང་གདན་སའི་གསེར་ཁྲིར་མངའ་གསོལ། གོང་མའི་ཐུགས་སྲས་ཐུ་བོ་དཔོན་སློབ་ནམ་མཁའ་འོད་གསལ་དང་། རབ་འབྱམས་བསྟན་པའི་རྒྱལ་མཚན་གཉིས་ནས་གཙུག་ཕུད་བཞེས་ཤིང་པདྨ་དབང་ཆེན་དང་པདྨ་དབང་དྲག་ཅེས་མཚན་འབུལ་མཛད། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་དང་། འབྲི་གུང་དཀོན་མཆོག་འཕྲིན་ལས་སོགས་ལས་བཀའ་ཆོས་མང་པོ་གསན། རིག་འཛིན་གཏེར་བདག་གླིང་པས། ལུང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང༔ རྣལ་འབྱོར་འཛིན་པ་འདོད་ཁམའ་སྨད་ནས་འབྱུང་༔ ཞེས་རྩ་བའི་ཆོས་བདག་ཏུ་ངོས་འཛིན་གནང་། དཔོན་སློབ་ནམ་མཁའ་འོད་གསལ། གཏེར་ཆེན་ཉི་མ་གྲགས། རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞྭ་དམར་ཆོས་ཀྱི་དོན་འགྲུབ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་འགྱུར་མེད་རྒྱ་མཚོ། གླིང་གཏེར་པདྨ་དབང་ཕྱུག  སྟག་བླ་ཀུན་བཟང་བློ་གྲོས་སོགས་སྐུ་གོང་མའི་བུ་ཆེན་རྣམས་ཀྱིས་མཚོན། གསར་རྙིང་གི་མཁས་གྲུབ་དུ་མའི་མདུན་ནས་སྙིང་ཐིག་ཆོས་སྐོར་དང་། ཉི་གྲགས་ཆོས་སྐོར་གཙོས་གྲུབ་མཐའ་རིས་སུ་མ་ཆད་པའི་སྨིན་གྲོལ་ལྗགས་ལུང་དང་བཅས་པའི་གདམས་པ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་མཛད་པས་མཁྱེན་པའི་རྩལ་རྫོགས། སྔ་ཕྱི་མི་ལོ་ཧྲིལ་པོ་བཅུ་གཉིས་རིང་མཚམས་བཅད་རྒྱའི་ངང་ལྷོད་བཞུགས་ཀྱིས་རྒྱུད་སྡེ་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཕལ་མོ་ཆེའི་བསྙེན་སྒྲུབ་དང་། རྡོ་རྗེ་གསུམ་གྱི་ཉམས་བཞེས་གནད་དུ་སྨིན་པས་ཐ་མལ་དུ་འཛིན་པའི་སྒོ་གསུམ་གྱི་བག་ཆགས་འཁྲུལ་པ་དབྱིངས་སུ་ཞིག་ནས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་དགོངས་ལ་མངའ་དབང་འབྱོར། ཀུན་རྫོབ་དགེ་བའི་ཕྱོགས་ལ་ཡང་མར་མེ་དང་། ས་ཙྪ་རྡོ་འབུམ། དར་ལྕོག་སོགས་བཏབ་ཅིང་གཞན་བསྐུལ་ཡང་མང་དུ་བྱས། ཞབས་དྲུང་པདྨ་འཕྲིན་ལས་དགེ་ཚུལ་དང་། ཞབས་དྲུང་སྐལ་བཟང་པདྨ་ལས་བསྙེན་པར་རྫོགས། གཞན་ཡང་གཙུག་ལག་ཁང་དང་། རྟེན་གསུམ་གསར་བཞེངས། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་གནང་ཞིང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་ཡོངས་རྫོགས་སྐུ་ཉིད་གཅིག་པུས་ཕྱག་བྲིས་སུ་གནང་ཞིང་། ཁྱད་པར་སྡེ་དགེ་རྒྱལ་པོ་ལ་ཞུ་བསྐུལ་གྱིས་ཀུན་མཁྱེན་ཀློང་ཆེན་པའི་རྟོགས་པ་ཆོས་སྐུའི་འདྲ་འབག་ཆེན་མོ། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་གླེགས་བམ་པར་ཤིང་གསར་དུ་བསྐྲུན་པས་མཚོན་རྣམ་དཀར་གྱི་མཛད་པ་རྒྱ་ཆེ། མི་ལོ་བཅུ་བཞིའི་རིང་ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་དོན་གཉིས་ལྷུན་གྲུབ་ངང་མཐར། ཕྱི་ལོ་1757ལོར་སྐུ་གཤེགས། གསུང་རྩོམ་ལ། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་སོགས་བསྟན་བཅོས་པོ་ཏི་གཉིས་ཙམ་མཛད། ཞལ་སློབ་ལ། འབར་ཆུང་བཀྲ་ཤིས་རྒྱ་མཚོ། རྡོ་བྲག་སྐལ་བཟང་དབང་ཕྱུག །དཔལ་རི་སྤྲུལ་སྐུ། ཟུར་སྤྲུལ་གསུམ་པ་ཕྲིན་ལས་རྒྱ་མཚོ། ཀཿཐོག་ཞིང་སྐྱོང་། ཉི་སྤྲུལ་པདྨ་ཐེག་མཆོག དཔོན་སློབ་གཉིས་པ། རབ་འབྱམས་གཉིས་པ། ཁམས་སྤྲུལ་རིན་པོ་ཆེ་གོང་འོག །ཉི་གྲགས་རྒྱལ་སྲས། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་སོགས་ཤིན་ཏུ་མང་། །༼ རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།༽

རྒྱལ་བ་རྫོགས་ཆེན་པའི་གདན་རབས་གསུམ་པ། ངེས་དོན་བསྟན་འཛིན་བཟང་པོ། 
   སྤྱི་ལོ་1759པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལོར། བྱང་ཟླ་ཀླུང་ཡུལ་གྱི་ཧོ་པ་ཞེས་པའི་སའི་ཆར་ཡབ་བཀྲ་ཤིས་འབུམ་བྱ་བའི་སྲས་སུ་སྐུ་འཁྲུངས། གསུང་ངག་བྱེ་བ་ཉིད་ནས་རྗེ་གོང་མའི་ཐུགས་ཀྱི་བག་ཆགས་མ་བརྗེད་པར་རྫོགས་ཆེན་མཆོག་སྤྲུལ་ཡིན་ཚུལ་དང་། སྐུ་འཁོར་གྲྭ་པ་པདྨའི་མིང་འཛིན་གསུམ་ཡོད་ཚུལ་སོགས་གསུངས་ཤིང་དབུས་གཙང་ལྷ་བླའི་གསུང་རྟགས་དང་དམ་ཅན་སྐྱེས་བུའི་ལུང་བསྟན། རྗེ་དབོན་བླ་མའི་གསུང་ལུང་རྣམས་གཅིིག་མཐུན་བྱུང་བ་ལྟར་ངོས་འཛིན་ཕུལ། སྔོན་གནས་རྗེས་དྲན་གྱིས་གོང་མའི་ཕྱག་དཔེ་དང་རྡོར་དྲིལ་སོགས་ཉེར་སྤྱོད་རྣམས་ངོས་འཛིན་གནང་བ་དང་གསུང་འཕྲོས་མང་པོ་བསྩལ་བས་ཐམས་ཅད་ཡིད་ཆེས། དགུང་གྲངས་བཞི་བའི་ཆུ་རྟ་ལོར་རྗེ་དབོན་རིན་པོ་ཆེ་དང་སྡེ་དགེའི་ས་སྐྱོང་སོགས་གྱིས་གདན་སར་སྤྱན་དྲངས། སྐུ་རྒྱབ་སློབ་དཔོན་ཐེག་མཆོག་ལས་འབྲི་ཀློག་སོགས་སྦྱངས། ཉི་སྤྲུལ་ལས་བླ་མ་དགོངས་འདུས་དང་ཉི་གྲགས་གཏེར་ཆོས་སོགས་བཀའ་གཏེར་གྱི་དབང་ཁྲིད་སྣ་ཚོགས་གསན། ཉི་སྤྲུལ་རིན་པོ་ཆེ་དང་རྗེ་དབོན་གཙོས་དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་རབ་ཏུ་བྱུང་ནས་མཚན་ངེས་དོན་བསྟན་འཛིན་བཟང་པོར་གསོལ། རྗེ་དབོན་རིན་པོ་ཆེ་ལས་སྙིང་ཐིག་གོང་འོག་གི་ཉམས་ཁྲིད་ཡོངས་སུ་གསན། གཞན་ཀཿཐོག་དྲི་མེད་ཞིང་སྐྱོང་། འབར་ཆུང་བཀྲ་ཤིས་རྒྱ་མཚོ། ཉི་གྲགས་གདན་ཚབ་སྐལ་བཟང་དོན་ཡོད། དཔའ་བོ་ལས་རབ་རྩལ། མཁས་བཙུན་ནམ་མཁའ་མཆོག་གྲུབ་སོགས་བཤེས་གཉེན་དུ་མ་ལས་བཀའ་ཆོས་གྲངས་མང་གསན། དགུང་གྲངས་ཉི་ཤུ་པར་སྐུ་རབས་གོང་མའི་མཛད་སྲོལ་ལྟར་དབུས་སུ་ཕེབས་ནས་ཇོ་ཤཱཀ་གཉིས་དང་གདན་ས་ཆེན་མོ་གསུམ་ལ་སོགས་པར་མཆོད་འབུལ་ཐུགས་སྨོན་གནང་། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་ཁྲི་ཆེན་ནོ་མི་ཧན་གཉིས་སོགས་མཇལ་ཞིང་གཞུང་ས་ནས་ཀྱང་རྗེ་གོང་མ་གཉིས་དང་འདྲ་མཚུངས་ཀྱི་ལུང་ཐམ་གནང་། ལྷོ་བྲག་ཐུགས་སྲས་ལས་པད་གླིང་ཆོས་སྐོར་དང་། གྲུབ་ཆེན་པདྨ་བཤེས་གཉེན་ལས་བྱང་གཏེར། སྨིན་གླིང་མཁན་ཆེན་ལས་བསྙེན་པར་རྫོགས་ཤིང་གཏེར་ཆེན་ཡབ་སྲས་ཀྱི་ཆོས་སྐོར་ཡོངས་རྫོགས་གསན་ཏེ་སླར་གདན་སར་ཕེབས། ཀུན་མཁྱེན་འཇིགས་མེད་གླིང་པའི་ལུང་བསྟན་བཞིན་རྫོགས་ཆེན་དགོན་དུ་སྒྲུབ་སྡེ་གསར་འཛུགས་མཛད། གཞན་བཀའ་མའི་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་གར་ཐིག་དབྱངས་རོལ་བཅའ་གཤམ་སྒྲིག་ལམ་ཕྱག་བཞེས་དང་བཅས་པ་གསར་དུ་བཙུགས། དེ་ལས་འཕྲོས་ཏེ་མདོ་ཁམས་སྟོད་སྨད་ཀུན་ཏུ་བཀའ་གཏེར་གྱི་བསྟན་པས་ཁྱབ་པར་བྱུང་བ་ཡང་སྐྱེས་བུ་དམ་པ་འདིའི་ཕྲིན་ལས་ལས་མ་འདས། སྨད་ན་གཟུངས་སྔགས་ཀྱི་ཆོས་འཁོར་ཆེན་པོ་བཅུ་གསུམ་བཞེངས། གཞན་ཡང་སྐྱེས་རབས་ལྷ་ཁང་དང་། ལི་མ་ལྷ་ཁང་། ཞི་ཁྲོའི་ལྷ་ཁང་སོགས་གཙུག་ལག་ཁང་དུ་མ་རྟེན་བརྟེན་པ་དང་། གསུང་རྟེན་དུ་བཀའ་བསྟན་གྱི་ཆོས་དཔེ་སྣ་ཚོགས་པུསྟི་བརྒྱ་ཕྲག་མང་པོ་དང་། ཉིད་ཀྱི་ལྗགས་རྩོམ་ཆོས་སྤྱོད་སོགས་བཀའ་གཏེར་གྱི་དཀྱིལ་འཁོར་མང་པོའི་འདོན་ཆ་དཔར་ཤིང་དུ་བསྐྲུན་པ་ཁོ་ན་ལྡེབ་སྟོང་ཕྲག་དུ་མ་ལས་བརྒལ་བ་སོགས་ཆོས་སྤྱོད་བཅུའི་མཛད་པ་གནང་། ཕྱག་ཚྭ་དགོན་དང་། སྟག་དགོན་ཀཿཐོག་དགོན། སྙི་ཁོག་ཏུ་ལྷ་ཁང་གསར་བཞེངས་སོགས་ཕྱོགས་སུ་བུ་དགོན་མང་པོ་གསར་འདེབས་མཛད། མཆོག་སྤྲུལ་འདིས་གྲུབ་དབང་གོང་མ་རྣམས་ཀྱི་ཕྱག་བཞེས་བསམ་གཏན་གྱི་སྡེ་སྐྱོང་བ་ཁོ་ནས་མ་ཚད་པར། སྒྲུབ་མཆོད་གར་ཐིག་སོགས་སྤྲོས་བཅས་ཀྱི་མཛད་པ་རྒྱ་ཆེ་བར་བསྐྱངས་པས་གདན་ས་འཕེལ་རྒྱས་སྔར་ལས་ཆེ་བ་བྱུང་བ་ལྷག་པའི་ལྷས་ཞལ་གཟིགས་ལུང་བསྟན་ཐོབ་པ། ཆོས་སྐྱོང་བྲན་དུ་བཀོལ་བ། ས་ལམ་གྱི་མངོན་རྟོགས་རྫོགས་ཚུལ་སོགས་ཕྱི་ནང་གསང་བའི་རྣམ་ཐར་རྒྱ་ཆེ།  རེ་ཞིག་གདུལ་བྱ་དེ་ཙམ་དུ་དགོངས་ནས་ཆུ་ཕོ་བྱི་བའི་ལོར་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། གསུང་ལས་སྐྱེས་པའི་ཞལ་སློབ་ཀྱི་གཙོ་བོ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། འབར་ཆུང་འཇིགས་མེད་གོ་ཆ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ། སེང་ཕྲུག་པདྨ་བཀྲ་ཤིས། འཇུ་བླ་སངས་རྒྱས་འོད་ཟེར་སོགས་སྒྲུབ་གྲྭའི་འཇའ་ལུས་པ་བཅུ་གསུམ། ཉི་གྲགས་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན། རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ། རྒྱལ་ཚབ་མཆོག་སྤྲུལ། དབོན་སྤྲུལ་བསྟན་པའི་ཉི་མ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། གནས་མདོའི་ཆགས་མེད་སྤྲུལ་སྐུ། རྡོ་བྲག་མཆོག་སྤྲུལ། ཡོལ་མོ་སྤྲུལ་སྐུ། ལྕགས་ལའི་རྒྱལ་སྲས། གྲུབ་ཆེན་པདྨ་བཤེས་གཉེན་སོགས་མཁས་གྲུབ་ཀྱི་སྐྱེས་བུ་བགྲང་ཡས་རྒྱལ་བསྟན་བཤད་སྒྲུབ་ཀྱི་འཁོར་ལོ་མཁས་ཚུལ་གསུམ་གྱི་མཛད་པས་རྒྱས་པར་མཛད་དོ། །
༼ རྣམ་ཐར་རྒྱས་པ་གུ་བཀྲའི་ཆོས་འབྱུང་དང་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།༽


རྒྱལ་བ་རྫོགས་ཆེན་པའི་གདན་རབས་བཞི་པ། མི་འགྱུར་ནམ་མཁའི་རྡོ་རྗེ།

    རབ་བྱུང་བཅུ་གསུམ་པའི་ཆུ་མོ་གླང་ཕྱི་ལོ་1793 ལོར་འབྲི་ཆུའི་ཉེ་འགྲམ་འདན་ཁོག་ཏུ་ཡབ་བསོད་ནམས་རབ་བརྟན་དང་ཡུམ་ནམ་མཁའ་ནོར་འཛིན་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གོང་མའི་ལུང་བྱང་དང་མཐུན་པར་ཁྱེའུ་རིག་འཛིན་ཆེན་མོ་དང་། ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་ཀྱིས་ངོས་འཛིན་གྱིས་གསེར་ཁྲིར་མངའ་གསོལ། རབ་འབྱམས་གསུམ་པའི་མདུན་དགེ་ཚུལ་བཞེས།  རིགས་བདག་བླ་མ་འཇིགས་མེད་རྒྱལ་བའི་སྨྱུ་གུ་དང་། ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར། རྒྱལ་དབང་ལུང་རྟོགས་རྒྱ་མཚོ་སོགས་ལ་བསྟེན་ནས་རྟོགས་པའི་རང་ངོ་འཕྲོད། གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལས། སྔ་འགྱུར་བའི་ཕ་ཆོས་ཟབ་མོ་གཙོས་མདོ་སྔགས་རྒྱུད་སྡེ་ཡོངས་ལ་ཐོས་བསམ་མཛད་ཅིང་། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་བསྐྱེད་རྫོགས་ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་མངོན་རྟོགས་རྒྱུད་ལ་འཁྲུངས་ནས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། དད་ལྡན་ཉམ་ཆུང་རེ་རེའི་ཕྱིར་ཡང་བཀའ་ཆོས་གང་འདོད་དུ་བསྩལ་། སྐབས་དེར་གདུལ་དཀའ་འཇིགས་རུང་ཉག་སྐེད་ཨ་མགོན་ཡང་དད་པར་སྐྱེས་ཏེ་ངན་སོང་དུ་མི་སྐྱེ་བར་སྐྱབས་འཇུག་ཞུས།
མཆོད་ཁག་དང་དམིགས་བསལ་མ་གཏོགས་སྐུ་ཚེར་བཅད་རྒྱའི་ངང་བཞུགས། ཁྱད་པར་དུ་ཁམས་ཁུལ་གྱི་བཤད་གྲྭ་སྔ་ཤོས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་བཀའ་གནང་ནས་ཕྱག་བཏབ་པས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་རྒྱུན་མདོ་དབུས་ཁམས་གསུམ་ལ་ཁྱབ། མཁས་གྲུབ་རིམ་པར་བྱོན། དུས་འགྱུར་བར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཞེས་མིང་དོན་དང་ལྡན་པར་གྱུར། རྫོགས་ཆེན་ཙམ་མིན་པར་ས་དགེ་བཀའ་ཇོ་སོགས་ལའང་བསྟན་པའི་ཞབས་ཏོག་རྒྱ་ཆེར་བྱས་པར་ལོ་རྒྱུས་ཁག་ཏུ་གྲགས། མཐར་དགུང་གྲངས་བདུན་ཅུ་དོན་བརྒྱད་པ། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོའི་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་སྐུ་གཤེགས། ཞལ་སློབ་ལ། དཔལ་སྤྲུལ་རིན་པོ་ཆེ། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁས་མཆོག་གུ་རུ་བཀྲ་ཤིས། ཉག་པདྨ་བདུད་འདུལ། ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེ། མི་ཉག་ཀུན་བསོད། དབོན་པོ་བསྟན་དགའ་སོགས་ས་དགེ་བཀའ་རྙིང་གི་གྲུབ་བརྙེས་ཀྱི་སྐྱེས་བུ། ས་ཐོབ་ཀྱི་སེམས་དཔའ།  མཁྱེན་བརྩེ་ནུས་ལྡན་གྱི་བརྒྱུད་འཛིན་གསུམ། སྒྲུབ་པའི་རྒྱལ་མཚན་འཛིན་པ། མཁན་རབས་ནོར་བུའི་ཕྲེང་བ། སྡེ་དགེ་ཆོས་རྒྱལ་ཡབ་སྲས། ལྕགས་ལ་མི་ཆེན་རྒྱལ་པོ། ཡིད་ལྷུང་ལྷ་རིགས་ཆོས་རྒྱལ། ། གླིང་ཚང་རྒྱལ་པོ་སོགས་ཐུ་མི་ཁག་ཉི་ཤུ་སོགས་བགྲང་ལས་འདས། །
༼རྣམ་ཐར་རྒྱས་པ་མཁྱེན་བརྩེའི་ཆོས་འབྱུང་དང་གུ་བཀྲའི་ཆོས་འབྱུང་། རྒྱལ་ཚབ་ཆོས་འབྱུང་། རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།༽

རྒྱལ་བ་རྫོགས་ཆེན་པའི་གདན་རབས་ལྔ་པ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
  སྤྱི་ལོ་1872པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོར། སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་དང་གཅིག་པར་ཁམས་ཀྱི་རི་བོ་ཆེ་རྫ་རྒྱུད་དུ་ཡབ་མགོན་པོ་རྒྱལ་དང་། ཡུམ་བསོད་ནམས་གཡང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཆོག་གྱུར་བདེ་ཆེན་གླིང་པ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྣམ་གཉིས་ཀྱིས་བརྡ་ལུང་གསལ་བར་མཛད། ལྷ་བླའི་བརྟག་ལུང་གཅིག་མཐུན་གྱིས་ངོས་འཛིན་མཛད། དགུང་གྲངས་བཞིའི་ཐོག་རུ་དམ་གདན་སར་སྤྱན་དྲངས་ཏེ་རྫོགས་ཆེན་དཔོན་སློབ་བཞི་པ། མཁན་ཆེན་པདྨ་བཛྲ། ཟེ་ཆེན་པདྨ་འགྱུར་མེད་རྒྱ་མཚོ། རྒྱ་རོང་མཆོག་སྤྲུལ།  སྡེ་དགེ་ཆོས་རྒྱལ་ཆེན་མོའི་གཉེར་ཆེན་དཔོན་འཁོར། ཆབ་མདོ་རྒྱལ་བའི་དྲུང་འཁོར་གཙོས་ལྷ་མིའི་སྡེ་ཚོགས་ཀུན་གྱིས་ཁྲི་སྟོན་མཛད། ཡོངས་འཛིན་དཔལ་སྤྲུལ་ཚང་དང་། མཁན་ཆེན་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གར་དབང་བློ་གྲོས་མཐའ་ཡས་སོགས་ལས་མདོ་སྔགས་རིགས་གནས་དང་བཅས་པ་གསན་བཞེས་མཛད་པས་རྟོགས་པའི་ཀློང་རྡོལ། གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་ཏེ། ནམ་མཁར་བྱ་བཞིན་འཕུར་བ་དང་། སྒྲུབ་གཏོར་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཐོད་སྣོད་ལས་སྨན་རཀ་ཁོལ་བ། ཉི་མ་རྟོད་ལ་མནན་པ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། སྐུ་གཟན་ཉི་ཟེར་ལ་འགེལ་བ། མྱ་ངམ་གྱི་ཐང་ལས་ཆུ་གཏེར་བཏོན་པ། ཤང་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་ཞལ་ཕྱེས་ཚེ་ཨོ་རྒྱན་ཆེན་པོའི་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས། ངོ་མཚར་གྲུབ་རྟགས་ཀྱི་མཛད་པ་ཕལ་པའི་བློའི་ཡུལ་ལས་རྣམ་པར་འགོང་པ་སྣ་ཚོགས་པ་མཐུན་སྣང་མཐོང་ཆོས་སུ་བསྟན་པ་དང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པས་བདེ་ཀོང་མཁྱེན་གསུམ། ཀརྨ་པ་རིག་པའི་རྡོ་རྗེ། གྲུབ་དབང་པདྨ་ནོར་བུ།  མདོ་མང་གཡང་ཐང་། དགུ་རོང་རྒྱལ་སྲས། ཁྲོ་ཟུར་རྡོར་ལོ། རྫོགས་ཆེན་འབྲུག་པ། རྡོ་གྲུབ་ཐུབ་པ་སོགས་མདོ་ཁམས་སྟོད་སྨད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཕལ་མོ་ཆེ་རྡོ་རྗེའི་ལུང་གིས་གཟེངས་སུ་བསྟོད་པ་སོགས་འབྱུང་འགྱུར་གྱི་ཆོས་སྣ་ཚོགས་ལ་མཁྱེན་པའི་སྔོན་ལུང་གནང་བའི་རྣམ་ཐར་བགྲངས་ལས་འདས། 
ལྷ་ལྡན་དུ་སྔ་ཕྱིར་ལན་གཉིས་ཕེབས་ཤིང་རིས་མེད་ཆོས་སྡེ་ཀུན་ལ་དངོས་པོའི་མཆོད་སྦྱིན་རྒྱ་ཆེར་སྤེལ་ཞིང་། དཔལ་བསམ་ཡས་སུ་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་ལ་ཆོས་སྐྱོང་ཐོག་བབ་ཀྱིས་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་གཡར་དམ་བཅས་ཤིང་རོལ་ཆེན་པེ་ཧར་དགྱེས་གླུ་རྟེན་སྐལ་དུ་ཕུལ། རྒྱལ་དབང་བཅུ་གསུམ་པས་བཀའི་ཆབ་ཤོག་དང་གསེར་ཐམ་སོགས་ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་པའི་གནང་སྐྱེས་དང་བཅས་དབུགས་དབྱུང་གཟེངས་བསྟོད་མཛད། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཀྱི་སྣང་བས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ།  གདན་སར་སྔར་ཡོད་ཀྱི་སྒྲུབ་སྡེའི་སྟེང་དཔྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་རྒྱུན་མཚམས་པའི་སྒྲུབ་སྡེ་གསར་དུ་བཏབ།  ཤྲཱི་སེང་དུ་རྒྱུན་བཞུགས་དགེ་འདུན་གྱི་གྲངས་རྒྱ་བསྐྱེད་གནང་། ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་ཆེན་གཞན་དགས་གཞུང་ཆེན་བཅུ་གསུམ་རྒྱ་མཆན་གྱིས་འགྲེལ་པ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་རང་ལུགས་དྲི་མེད་གཙོར་འདོན་གྱིས་དགོངས་འགྲེལ་བསྟན་བཅོས་སྣ་ཚོགས་པ་ལྗགས་རྩོམ་མཛད་ཅིང་དེ་དག་པར་དུ་བསྐྲུན་པ་དགོན་ཡར་མར་གཉིས་སུ་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་གསར་བཞེངས་མཛད། ཕྱོགས་ཀྱི་བུ་དགོན་ཉིས་བརྒྱ་ལྷག་འཕེལ། གཉུག་གནས་འདུས་སྡེ་སྟོང་ཕྲག་འདུས། གཞན་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་པ། ལྷ་གསར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས། ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ། ཕུར་ཆེན་གར་འཆམ། གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་དགྲ་བླ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས་མཛད་པས་གླིང་གེ་སར་གྱི་ཟློས་གར་ཐོག་མའི་ལོ་རྒྱུས་འབྱུང་ཁུངས་སུ་གྱུར། གསོལ་ཁ་གྲྭ་ཚང་སྐོང་གསོལ་ཆད་མེད་དང་། ཚེ་འབར་རྒྱུན་འཛུགས་གནང་བ་སོགས་དགེ་བའི་སྒོ་འཕར་མང་པོ་གསར་དུ་ཕྱེས། ཞལ་སློབ་གྲུབ་བརྙེས་སྐྱེས་བུ་གྲངས་ལས་འདས་པ་བྱོན་ཞིང་གཙོ་བོའི་མཚན་ཙམ་སྨོས་ན། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རབ་འབྱམས་དྲུག་པ།  རྡོ་གྲུབ་བཞི་པ། ཀཿ  ཐོག་སི་ཏུ། གླག་བླ་བསོད་ནམས་ཆོས་འགྲུབ། གཡག་ཟེའི་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ། དིལ་མགོ་མཁྱེན་བརྩེ། དགུ་རོང་རྒྱལ་སྲས། ཉི་གྲགས་མཆོག་སྤྲུལ། ཀཿ ཐོག་མཁན་པོ་ངག་ཆུང་། དཔལ་ཡུལ་གྲུབ་དབང་སྤྲུལ་སྐུ། ཀཿ ཐོག་རྨོག་ཚ། བ་ཐུར་མཁན་ཆེན་ཐུབ་དགའ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན། ཚོགས་ཤུལ་ནོར་བུ་བསྟན་འཛིན། རང་དགོན་གྱི་མཁན་སྤྲུལ་བརྒྱད་ཅུ་ལྷག་བཅས་བསྟན་པ་འཛིན་པའི་སྐྱེས་ཆེན་གྲངས་ལས་འདས་པ་བྱོན་ཞིང་དེ་དག་རེ་རེས་ཀྱང་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་མང་པོར་གང་གི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་ཁྱབ་པར་གྱུར། དགུང་གྲངས་དྲུག་ཅུ་རེ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །
༼ རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།༽


རྒྱལ་བ་རྫོགས་ཆེན་པའི་གདན་རབས་དྲུག་པ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ།

རྒྱལ་བ་རྫོགས་ཆེན་པའི་གདན་རབས་བཅུ་གཅིག་པ་ཡིན། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་1935 ལོར་ཙཱ་རི་ཏྲ་ཞེས་པའི་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཏུ་ཡབ་མཁས་གྲུབ་ངག་དབང་ནོར་བུ་དང་ཡུམ་ཚེ་རིང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གོང་མའི་ལུང་བསྟན་དང་། སྤྲུལ་སྐུ་དྲི་མེད་སོགས་ཀྱིས་ངོས་འཛིན་གནང་བ་བཞིན་གསེར་ཁྲི་ལ་མངའ་གསོལ། མཁན་ཆེན་པདྨ་ཚེ་དབང་ཡོངས་འཛིན་དུ་བསྟེན་ནས་རིག་གནས་ཀུན་ལ་ཡུན་རིང་པོའི་སྦྱོང་ངལ་མ་ལྟོས་པར་ཐུགས་སུ་ཆུད། རིམ་པར་དགེ་ཚུལ་གྱི་བསླབ་སྡོམ་མནོས། མཁན་ཆེན་ཡོན་ཏན་མགོན་པོ་ཡོངས་འཛིན་དུ་བསྟེན་ནས་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི་སོགས་མན་ངག་ཟབ་ཁྲིད་སྐོར་གསན་ནས་ཉམས་རྟོགས་ཚད་དུ་འཁྱོལ། གཞན་མཁན་པདྨ་ཐེག་མཆོག་བློ་ལྡན་དང་  འཇམ་མགོན་ཆོས་ཀྱི་བློ་གྲོས། འཁྲུལ་ཞིག་ཀུན་དགའ་དཔལ་ལྡན། འབྲི་གུང་གཏེར་ཆེན་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ནས་གསར་རྙིང་རིས་སུ་མ་ཆད་པའི་དབང་ལུང་མན་ངག་ཁྲིད་རྒྱུན་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཉམས་སུ་བཞེས། གུང་གྲངས་བཅུ་བདུན་པར་བསྟན་སྲིད་ཀྱི་ཐུགས་འགན་བཞེས། ཆོས་ཁྲིམས་དར་གྱི་མདུད་པ་སྡོམ་གསུམ་གནང་བཀག་གི་བཅའ་ཁྲིམས་གཞིར་བཟུང་། རྟེན་བཞེངས་ཀྱི་མཛད་པ་རླབས་ཆེན་གྱིས་དབུ་བརྩམས། བུ་དགོན་སུམ་བརྒྱ་ལྷག །དགུང་གྲངས་ཉི་ཤུ་པར་དབུས་སུ་ཕེབས་ནས་དེར་བཞུགས་རིས་མེད་གདན་ས་ཁག་ཏུ་མཆོད་འབུལ་དང་། གནས་མཇལ་ཐུགས་དམ་བོག་འདོན་མཛད་ཅིང་བསྟན་འགྲོའི་དོན་དུ་ཐུགས་སྨོན་གནང་། རྒྱལ་དབང་བཅུ་བཞི་པ་མཆོག་དང་དབུས་གཞུང་གིས་མ་ཧཱ་པཎྜི་ཏ་ཨེར་ཏི་ནེ་ཧོ་ཐོག་ཐུ་ཞེས་པའི་མཚན་གྱི་ཅོད་པཎ་གསོལ། སྐབས་དེར་བསྟན་འཛིན་ཕལ་མོ་ཆེ་ཕྱི་གླིང་དུ་ཕེབས་ཀྱི་ཡོད་ན་ཡང་རྒྱལ་སྲས་སེམས་དཔའི་མཛད་སྤྱོད་དགོས་པ་ཁྱད་པར་ཅན་གཞན་ལ་གཟིགས་ནས་སླར་གདན་སར་བྱོན། དགུང་གྲངས་ཉེར་གཅིག་པརཡོངས་འཛིན་ཡོན་ཏན་མགོན་པོའི་མདུན་ནས་བསྙེན་པ་རྫོགས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ལེགས་པར་ཕྱུག་ཅིང་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཕྱོགས་སུ་ཁྱབ། འདི་ཕྱི་དགེ་བའི་བཀའ་སློབ་དང་། སྨིན་དབང་གདམས་ཁྲིད་གནང་སྟེ་ཕྱི་མ་ཚོམ་བུ་གཅིག་ཏུ་མཇལ་བའི་ཐུགས་སྨོན་གནང་། སྡེ་དགེར་སྲིད་དོན་དུ་ཟླ་བ་བཞི་ལྷག་བཞུགས་ནས་ཕྱིར་གདན་སར་ཕེབས་ཁར་བླ་བྲང་གི་གཉེར་པ་བསོད་རྒྱལ་ལགས་ལ་ཁྱོད་ཀྱིས་སྤྲུལ་སྐུ་སྐལ་བཟང་འདི་བདག་སྐྱོང་ལེགས་པོ་བྱོས་དང་འུ་ཅག་མྱུར་དུ་འཕྲད་ཡོང་ཞེས་ཞལ་བགོས་ནན་མོ་མཛད། དགུང་གྲངས་ཉེར་ལྔ་པ་རབ་རྒྱལ་ས་ཕག་ཧོར་ཟླ་དང་པོའི་ཚེས་གཅིག་གི་སྲོད་ལ་གདུལ་བྱའི་མཛད་པ་རེ་ཞིག་རྫོགས་ཏེ་སྐུ་གཤེགས། 
ཡོངས་འཛིན་ཡོན་མགོན་པོས་སྐུ་གདུང་ཞུགས་ལ་ཕུལ་ནས་ཟླ་དེའི་ཚེས་བརྒྱད་ཀྱི་དགོང་མོར་ཡེ་ཤེས་འོད་གསལ་གྱི་སྣང་ཆར་ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྱི་བརྡ་བྱང་ཕྱག་བྲིས་མཛད་དེ་རྗེ་ཉིད་ཀྱི་སྐུ་ཚ་བསོད་ནམས་སྟོབས་ལྡན་གྱི་ལག་ཏུ་གཏད། 
ཞལ་སློབ་ལ། སྐྱབས་རྗེ་པདྨ་སྐལ་བཟང་། ཨ་སྐྱོང་རྟོགས་ལྡན། རྒྱལ་དབང་ཉི་མ། གཟན་དཀར་སྤྲུལ་སྐུ་སོགས་བསྟན་འགྲོར་སྨན་པའི་སྐྱེས་ཆེན་མང་། །
༼ རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།༽

རྒྱལ་བ་རྫོགས་ཆེན་པའི་གདན་རབས་བདུན་པ། བསྟན་འཛིན་ལུང་རྟོགས་ཉི་མ།


རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་ནི།གངས་ཅན་བོད་ཀྱི་ཡུལ་གྲུ་ལས་ཤར་ཕྱོགས་ཀྱི་རྨ་ཡུལ་གྱི་སའི་ཆ། སྲིད་པའི་ཟོ་དོར་ཆེན་པོ་ལྷ་གཉན་རྨ་རྒྱལ་སྤོམ་རས་ཡོངས་སུ་སྲུང་ཞིང་། རྨ་ཀླུང་དལ་འབབ་རིང་མོའི་འགོ་ཁུངས་མཚོ་སྐྱ་རིང་གི་འགྲམ་ངོགས་སུ། སྐྱེད་ཡབ་མདོ་སྨད་དཔའ་རིས་ཡུལ་གྱི་ཨ་མགོན་གྱི་རུས་ལས་ཚེ་རིང་རྒྱལ་མཚན་ནམ་ཆུང་མིང་དུ་ཚེ་རིང་རྒྱལ་དང་། སྐྱེད་ཡུམ་ཨ་གྲོའི་རུས་ལས་གྲུབ་དབང་གོང་མ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་སྲིང་མར་གཏོགས་པ་དོན་འགྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཀུན་དགའ་ཞེས་པ་ཤིང་སྟག་དང་༼ ༡༩༧༤༽ ལོར་སྐུ་འཁྲུངས། སྐུ་བྱིས་པའི་དུས་ནས་བཅོས་མིན་གྱི་ངེས་འབྱུང་དང་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་ཞིང་། ཁྱད་པར་དགུང་གྲངས་བདུན་གྱི་དུས་སུ་ཡུལ་དེར་ཟོག་ལུག་མང་པོ་བཤས་སུ་ཕབ་པར་གཟིགས་པ་སོགས་ཀྱི་རྐྱེན་གྱིས་ཡབ་ཡུམ་གྱིས་ཀྱང་བཟློག་ཏུ་མ་ཐུབ་པའི་ཐུགས་འདུན་ལྟར་མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི་གདན་སར་ཕེབས་སྐྱེལ་བྱས། དེ་ནས་བཟུང་སྐུ་ཞང་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་དང་རྫོགས་ཆེན་བླ་བྲང་གི་ཞབས་གྲལ་བགྲེས་པོ་བསོད་རྒྱལ་རྣམ་གཉིས་ནས་དགྱེས་བརྩེ་ཆེན་པོས་སྒེར་བདག་བསྐྱེད་སྲིང་གནང་སྟེ་བོད་ཡིག་འབྲི་ཀློག་སོགས་སྦྱང་བའི་དབུ་བཙུགས། དགུང་ལོ་བཅོ་ལྔ་ནས་ཤྲཱི་སེང་ཆོས་གྲྭར་ཞུགས་ཏེ་བརྡ་དག་སྙན་སུམ་སོགས་ཐུན་མོང་རིག་གནས་ལ་སྦྱོང་པ་མཛད་ཅིང་། མཁན་ཆེན་ཟླ་བའི་འོད་ཟེར་ལས་རབ་ཏུ་བྱུང་། རིམ་པར་རྗེ་དེ་ཉིད་དང་། མི་ཉག་མཁན་པོ་ཚེ་རིང་ཉི་མ། དགེ་རྒྱལ་མཁན་རིན་པོ་ཆེ་ཐུབ་བསྟན་རྣམ་རྒྱལ། དགེ་མང་མཁན་པོ་དབང་ལོ་དང་དབང་སྡིས་རྣམ་གཉིས། མི་ཉག་མཁན་ཆེན་རྩ་ར་ཆོས་གྲགས་སོགས་བཤེས་གཉེན་དུ་མའི་ཞལ་སྔ་ནས་གཞུང་ཆེན་བཅུ་གསུམ་དང་། རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་ཆེ་ཕྲ་དུ་མ་གསན་བསམ་ཆད་མེད་མཛད་པ་དང་། ཁྱད་པར་གནས་ལྔ་རིག་པའི་པཎ་ཆེན་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལས་དབུ་ཕར་ཚད་མངོན་གྱི་གཞུང་འགྲེལ་ཆེན་མོ་ཁག་དང་འཇམ་མགོན་མི་ཕམ་པའི་ཡིག་ཆའི་བཤད་ཁྲིད་སོགས་ཞིབ་རྒྱས་གསན། བར་བར་དུ་དབྱིན་ཇི་རྒྱལ་ས་ལུན་ཏུའུ་སོགས་ཀྱི་སློབ་གྲྭར་ཞུགས་ནས་དབྱིན་རྒྱའི་སྐད་ཡིག་སོགས་བྱང་ཆུབ་པར་སྦྱོང་། དགུང་ལོ་ཉི་ཤུ་པར་བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེའི་རྣམ་ཐར་སྙན་པ་གསན་པས་དམ་པ་གང་གི་ཞབས་པད་ལ་བཏུད་དེ་འཇམ་མགོན་མི་ཕམ་རིན་པོ་ཆེའི་མདོ་སྔགས་ཀྱི་གཞུང་འགྲེལ་དུ་མ་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་གསུང་ཆོས་རྣམས་དང་། ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་མན་ངག་གི་ཟབ་ཆོས་དུ་མ་གསན། དགུང་གྲངས་ཉེར་གཉིས་པར་ཤྲཱི་སེང་ཆོས་གྲྭའི་འཛིན་གྲྭའི་མཁན་པོའི་མཚན་གནས་བཞེས་ཏེ་དབུ་མ་རིགས་ཚོགས་དང་། འཇུག་པ། ངེས་ཤེས་སྒྲོན་མེ། ལྟ་གྲུབ་ཤན་འབྱེད། ཕར་ཕྱིན་འགྲེལ་ཆུང་དོན་གསལ་སོགས་དབུ་ཕར་གྱི་གཞུང་ལུགས་དུ་མའི་བཤད་ཁྲིད་མཛད། དགུང་ལོ་ཉེར་བཞི་པ་ནས་རིགས་བདག་མཚུངས་མེད་རྟོགས་བླ་མ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་མདོ་སྒྱུ་སེམས་གསུམ་ཀྱི་ཆོས་བཀའ་སྤྱི་དང་། ཁྱད་པར་འོད་གསལ་གསང་བ་སྙིང་ཐིག་གི་སྙན་བརྒྱུད་མྱོང་ཁྲིད་དང་བཅས་པ་གྲུབ་དབང་རྫོགས་ཆེན་པའི་བརྒྱུད་པ་ཐུན་མིན་མ་ཚང་བ་མེད་པར་བསྩལ་ཏེ་ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པ་ཡིན་པའི་དབུགས་དབྱུང་གཟེངས་སྟོད་མཛད། དགུང་གྲངས་ཉེར་བདུན་པར་རྗེ་དེ་ཉིད་ཀྱི་དབུས་གནས་བརྟན་འདུལ་བ་འཛིན་པའི་དགེ་འདུན་གྲངས་ཚང་བའི་ཞལ་སྔ་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། གཞན་ཡང་སྔ་ཕྱི་ཀུན་ཏུ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་དང་། འབྲུག་སྤྲུལ་ཐུབ་བསྟན་ཉི་མ་རྣམ་གཉིས་ལས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པའི་ཟབ་ཆོས་མཐའ་ཡས་པ་གསན་བཞེས་གནང་སྟེ་མཁས་བཙུན་བཟང་པོའི་མངའ་བདག་ཏུ་གྱུར། གྲུབ་དབང་རྫོགས་ཆེན་དྲུག་པའི་ཡོངས་འཛིན་མཁན་ཆེན་ཡོན་ཏན་མགོན་པོའི་བརྡ་ལུང་བཞིན། གྲུབ་པའི་དབང་ཕྱུག་རྟོགས་ལྡན་བློ་གྲོས་རྒྱ་མཚོ་གཙོས་མཆོག་གཟིགས་ཚད་མའི་སྐྱེས་བུ་དུ་མས་རྫོགས་སྤྲུལ་བདུན་པར་ངོས་འཛིན་མཛད་ཅིང་དགོན་མ་ལག་བཅས་པས་གསེར་ཁྲིར་མངའ་གསོལ། 
སྔོན་གྱི་དུས་བབས་དང་དམ་པའི་བཀའ་ཡིས་གྲུབ་དབང་རྫོགས་ཆེན་དགོན་གྱི་གདན་རབས་བཅུ་གསུམ་པ་དང་། ཤྲཱི་སེང་ཆོས་གྲྭའི་སློབ་གཙོའི་འགན་བཞེས་ཏེ་གདན་ས་ཆོས་བརྒྱུད་དང་བཅས་པའི་འཁོར་ལོ་གསུམ་གྱི་མཛད་པ་རྒྱ་ཆེར་སྤེལ། ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་ཤིང་ཟླ་མེད་པའི་ལྷག་བསམ་དང་ཐུགས་སྟོབས་འཆང་བས་གངས་ལྗོངས་ཆོས་རིག་དར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་གཙང་སྲུང་སོགས་བསྟན་འགྲོར་སྨན་པའི་ལེགས་མཛད་སྐྱོང་བཞིན་བཞུགས། འབྱུང་ཆར་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་གསང་ཆེན་སྔ་འགྱུར་བསྟན་པའི་གཙུག་ནོར་གྲུབ་དབང་གོང་མ་རིམ་བྱོན་གྱི་རྣམ་ཐར་ལ་བསྙེགས་པ་ཚུལ་དགུའི་ཡོན་ཏན་གྱི་མངའ་བདག་ཏུ་ཇི་སྲིད་བསྐལ་བ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་པར་སྨོན་ནོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1