སྡེ་དགེ་རྫོགས་ཆེན་དགོན་པའི་མཁས་ཆེན་དམ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18



རྒྱལ་སྲས་གཞན་ཕན་མཐའ་ཡས།

  རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་གཉིས་པ་སྟེ། རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ཕྱི་ལོ་༡༨༠༠ ལོར་མདོ་སྨད་གླིང་དཀར་གྱི་སའི་ཐིག་ལེ་རྫ་ཆུ་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་དགེ་མང་སྐམ་ཆུང་དུ་ཡབ་ཨ་དོན་ཚེ་དབང་ནོར་བུ་དང་། ཡུམ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ལུང་གིས་ཟིན་ཅིང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་པད་བསྙེན། རྫོགས་ཆེན་མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ།  དེ་བཞིན་གྲུབ་དབང་འཇིགས་མེད་ཕྲིན་ལས། འཇིགས་མེད་རྒྱལ་བའི་མྱུ་གུ། སེང་ཕྲུག་པདྨ་བཀྲིས། གྲུབ་དབང་བྱུང་ཆུབ་རྡོ་རྗེ་དང་། སྨིན་གླིང་ཁྲི་ཆེན་སོགས་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་བསྟེན་ནས་ཟབ་ཆོས་དུ་མ་གསན་བསམ་སྒྲོ་འདོགས་བཅད། སྟོད་ཀྱི་གངས་ཏི་སི་སྨད་རྒྱ་ནག་གླང་ཆེན་འགྱིང་རིའི་ཡན་གྱི་སྒྲུབ་གནས་ཁག་ཏུ་སྒྲུབ་པ་ཉམས་སུ་བཞེས་པས་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར། ཕྱི་ལོ་༡༨༤༨ པར་མི་འགྱུར་ནམ་མཁའི་རྡོརྗེའི་བཀའ་ལུང་ལྟར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་གསར་དུ་ཕྱག་བཏབ། རྗེ་ཉིད་མཁན་རབས་གཉིས་པའི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་གཞུང་འགྲེལ་གྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་དང་དབུ་སེམས་བཀའ་སྲོལ་གཅིག་འདུས་ཀྱི་བྱང་སྡོམ། མཁན་ཆེན་ཞི་འཚོ་རྒྱུད་པའི་སྨད་འདུལ་སོ་ཐར་སྡོམ་རྒྱུན་བཅས་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པའི་རྒྱུན་ཕྱོགས་ཀུན་སྤེལ་བས། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཞེས་སྙན་པའི་གྲགས་པ་ཀུན་ལ་ཁྱབ། དཔལ་རི་སྤྲུལ་སྐུ་པདྨ་དབང་རྒྱལ་དང་། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས་ཀྱིས་བསྐུལ་བ་བཞིན། སྔ་འགྱུར་གྱི་ཕྲིན་ཆོག་ཀུན་ཆོག་སྒྲིག་གནང་། སྔ་འགྱུར་བཀའ་མའི་གླེགས་བུམ་རིན་པོ་ཐེག་དགུའི་གྲངས་ལྡན་དུ་པར་དུ་བརྐོས་ཏེ་དབང་ལུང་གི་རྒྱུན་སྤེལ། གསང་བ་སྙིང་པོའི་རྒྱུད་འགྲེལ་ཆེན་མོ་རྣམས་དང་ཀུན་མཁྱེན་རོང་ཟོམ་པའི་གསུང་འབུམ་སོགས་གསུང་རབ་དུ་མ་དབུས་གཙང་གི་ཕྱོགས་ནས་འཚོལ་བསྡུ་མཛད་ཅིང་། པར་དུ་བརྐོས་ནས་བཤད་ལུང་གི་རྒྱུན་སྤེལ་བ་སོགས་བསྟན་པ་སྤྱི་དང་དགོས་སུ་སྔ་འགྱུར་བའི་བསྟན་པ་ལ་སྨན་པའི་མཛད་པ་མཐའ་ཡས་པ་བསྐྱངས་ནས་མཐར། ཕྱི་ལོ་༡༨༥༥ ལོར་སྐུ་གཤེགས། གསུང་རྩོམ་ལ། གསང་སྙིང་སྤྱི་འབྲེལ། ཞི་ཁྲོའི་དཀའ་འགྲེལ། སུམ་རྟགས་འབྲུ་འགྲེལ་སོགས་བཞུགས། ཞལ་སློབ་ལ། འཇིགས་མེད་རྒྱལ་བའི་མྱུ་གུ། དཔལ་སྤྲུལ་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་བཛྲ། ཞེ་ཆེན་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ། རྒྱལ་རོང་དབོན་སྤྲུལ། པད་གླིང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེ། རྡོ་བྲག་རིག་འཛིན་ཆེན་མོ་སོགས་བསྟན་པ་འཛིན་ནུས་ཀྱི་སྐྱེས་ཆེན་གྲངས་ཀྱིས་མི་ལང་པ་བྱུང་། རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་་སོགས་རྙིང་མའི་ཆོས་འབྱུང་ཁག་ཏུ་གསལ།


 མཁན་པོ་པདྨ་བཛྲའམ་པད་རྡོར

རྫོགས་ཆེན་མཁན་པོ་པདྨ་བཛྲའམ་མཁན་ཆེན་པད་རྡོར་ནི། རབ་བྱུང་བཅུ་བཞི་པའི་དཀྱིལ་སྟོད་དུ་མདོ་ཁམས་རུ་དམ་གདུང་ནང་དུ་སྨུག་པོ་ལྡོང་གི་རུས་རྐང་ཚ་ཞེས་པའི་རིགས་སུ་འཁྲུངས། སྐྱེས་ཆེན་དུ་མས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་སྤྲུལ་དུ་ལུང་གིས་བསྔགས། ཆུང་ནས་གྲུབ་དབང་རྫོགས་ཆེན་དགོན་དུ་ཚོགས་ཞུགས་མཛད། སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་ཟླ་བྲལ་བས་སྒྲུབ་འཕྲིན་ཆོ་གའི་ཕྱག་ལེན་སོགས་བསླབ་པ་ཙམ་གྱིས་མཁྱེན། རིམ་པར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས་སོགས་མཁས་གྲུབ་དུ་མ་ལས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་དང་།  བཀའ་གཏེར་སྨིན་གྲོལ་གྱི་ཉེ་བརྒྱུད། མན་ངག་སྙན་བརྒྱུད་ཀྱི་ཞལ་ཤེས་བཅས་བུམ་པ་གང་བྱོས་ཚུལ་དུ་གསན་བཞེས་མཛད་པས་མཁས་གྲུབ་ཀྱི་རྒྱལ་ས་མཐོན་པོར་གཤེགས། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་པས་དོན་བརྒྱུད་རྟོགས་པའི་དྲོད་ཚད་བརྙེས་ཏེ་འོད་གསལ་གསང་བ་སྙིང་ཐིག་གི་བཀའ་བབ། སྐུ་ཚེའི་སྟོད་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་བཞུགས་ཏེ་མདོ་སྔགས་གཞུང་ལུགས་ཀྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་དུ་རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བའི་བཤད་པ་མཛད་པས་ཕུར་ཚའི་མཁན་པོ་ཨ་དཀོན་དང༌། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་མགོན་མི་ཕམ་རྣམ་རྒྱལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་བརྒྱུད་པ་ཟིན་ངེས་ཀྱི་སྐྱེས་ཆེན་དུ་མ་བྱུང་།  སྐུ་ཚེའི་སྨད་དུ་རྫོགས་ཆེན་པདྨའི་ཐང་དུ་གདན་སའི་གཙོར་མཛད་དེ་རྒྱུད་ལུང་མན་ངག་རྒྱ་མཚོའི་མངའ་བདག་ཏུ་བཞུགས་པས་སྐབས་དེའི་རིས་མེད་བསྟན་འཛིན་སྐྱེས་ཆེན་དག་གིས་གཙུག་རྒྱན་དུ་བསྙེན་ནས་སོ་བྱང་སྔགས་ཀྱི་སྡོམ་རྒྱུན་དང༌། བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་། མན་ངག་སྙིང་ཐིག་གི་གདམས་ཁྲིད་ཀུན་རྗེ་འདི་ལས་གསན་བཞེས་མཛད་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་དུ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར། དེ་ནུབ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ། ཅེས་དང་དེ་བཞིན་ཞེ་ཆེན་རྒྱལ་ཚབ་བཞི་པས་ཐུན་མིན་རིགས་བདག་ཏུ་བསྙེན་ཞིང་རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་རྗེ་འདིས་གསོལ་བ་དང༌། ཞེ་ཆེན་རྒྱལ་ཚབ་མཆོག་གི་གསུང་འབུམ་ལས། མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་ཞེས་དང་། བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་ལས། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཐེག་གསུམ་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །མཐའ་ཡས་སྐྱེ་དགུའི་འདྲེན་པ་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་པདྨ་བཛྲ་དེ་མཁྱེན་ནོ། །ཐོག་མར་བསྟན་སྒོར་འཇུག་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། ། ཞེས་སོགས་གསོལ་འདེབས་དང་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་རྗེ་འདི་ལས་གསན་ཞིང་རིམ་པར་བརྒྱུད་པའི་རྒྱུན་བཟང་ད་ལྟའི་བར་དུ་མ་ཉམས་པར་བྱུང་བ་དང༌། ཨ་འཛོམས་འབྲུག་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཟབ་གསང་སྙིང་པོའི་མན་ངག་བླ་མ་ཡང་ཏིག་བསྩལ་ཞིང་ལྷ་བཙུན་ནམ་མཁའ་འཇིགས་མེད་ལྟ་བུའི་རྣལ་འབྱོར་པའི་མཛད་པ་སྐྱོང་དགོས་པའི་ལུང་བསྟན་གནང༌། དེ་མཚུངས་རྫོགས་སྤྲུལ་ལྔ་པ་དང་། ཞེ་ཆེན་རབ་འབྱམས་ལྔ་པ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། གཏེར་ཆེན་ལས་རབ་གླིང་པ། བདུད་འཇོམས་རོལ་པ་རྩལ་སོགས་སྐྱེས་ཆེན་དུ་མ་ལ་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་བསྩལ་བ་སོགས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། ཕྱི་རབས་གདུལ་བྱའི་བགོ་སྐལ་དུ་མཚན་ཉིད་ཀྱི་གཞུང་འགྲེལ་དང་གསར་རྙིང་གི་རྒྱུད་བཤད་སོགས་གླེགས་བམ་དྲུག་ལྷག་ལྗགས་བརྩམས་མཛད་ཀྱང་། ཐོག་མ་ནས་པར་དུ་མ་འཁོད་པ་དང་དུས་འགྱུར་གྱི་གོད་ཆག་སྐབས་འཐོར་བརླག་ཏུ་སོང་སྟབས། ད་ལྟ་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་པ་གླེགས་བམ་གཉིས་ཙམ་མཇལ་དུ་ཡོད། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། ། རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།

  རྒྱ་ཀོང་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ།
      མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའམ་གཞན་དགའ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ཕྱི་ལོ་༡༨༧༡ ལོར་མདོ་ཁམས་རྫ་ཆུའི་སྟོད་རྒྱུད་ཀྱི་ཁ་ནར་ཞེས་པའི་འབྲོག་སྡེ་རུ་རྒྱ་ཀོང་དཀོན་མཆོག་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆེར་སོན་སྐབས་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་ནས་གཙུག་ཕུད་བཞེས་ཏེ་ཁྲིད། རྗེ་དབོན་མཁས་པ་ཨོ་རྒྱན་བསྟན་འཛིན་ནོར་བུ་ཡོངས་འཛིན་དུ་བཞག་ནས་རབ་ཏུ་བྱུང་བའི་མཚན་ལ་གཞན་ཕན་ཆོས་ཀྱི་སྣང་བ་གསོལ། ཁྱད་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་མི་ཕྱེད་པའི་དད་གུས་ཀྱིས་གསོལ་བ་བཏབ་པས་ཞལ་མངོན་སུམ་དུ་མཇལ་ཞིང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་རྟོགས་པ་མངོན་དུ་གྱུར།
 རྒྱལ་སྲས་གཞན་ཕན་མཐའ་ཡས་དང་དཔལ་སྤྲུལ་རིན་པོ་ཆེ་སོགས་གྲུབ་དབང་རྫོགས་ཆེན་པའི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་བའི་སྤྱོད་འཇུག་དང༌། རྩ་ཤེར་སོགས་རིགས་ཚོགས། འཇུག་པ། བཞི་བརྒྱ་པ། མདོ་རྒྱན། ཤེར་ཕྱིན། རྒྱུད་བླ། འབྱེད་གཉིས། ཀཱ་རི་ཀ་ཆེ་ཆུང༌། མདོ་རྩ། སྡོམ་གསུམ། མངོན་པ་གོང་འོགཚད་མ་རིགས་གཏེར། སྡོམ་པ་ཉི་ཤུ་པ། ལམ་གཙོ་རྣམ་གསུམ། ཕྱག་ཆེན་ལྔ་ལྡན། ཞེན་པ་བཞི་བྲལ། ཀུན་མཁྱེན་མཛོད་བདུན། ངལ་གསོ་སྐོར་གསུམ། ཡོན་ཏན་མཛོད། གསང་སྙིང་འགྲེལ་ཆེན་ཁག །ཡེ་ཤེས་བླ་མ་སོགས་ནས། སྒྲ་སྙན་སྨན་རྩིས་སོགས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ལ་ལན་གྲངས་དུ་མར་གསན་སྦྱང་མཛད་པ་དང༌།ཁྱད་པར་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་ཉེ་བརྒྱུད་དུ་བྱོན་པའི་བླ་མ་ཡང་ཏིག་གི་གྲོལ་ཁྲིད་ཆིག་བརྒྱུད་ཀྱི་ཚུལ་དུ་བཀའ་གཏད་མཛད་ནས་འོད་གསལ་གསང་བ་སྙིང་ཐིག་གི་བསྟན་པའི་བདག་པོར་མངའ་གསོལ། 
རྫོགས་སྤྲུལ་ལྔ་པ་རིན་པོ་ཆེའི་གསུང་བསྐུལ་ལྟར་མདོ་ཁམས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཁྲིར་བཞུགས་ནས། འཕགས་ཡུལ་མཁས་པའི་ལེགས་བཤད་དྲི་མ་མེད་པ་རང་འགྲེལ་རྣམས་དང༌། རྒྱ་གཞུང་འགྲེལ་ཆེན་གྲགས་ཆེ་བ་དག་གིས་གཞུང་བསྲང་ཐོག བོད་ཡུལ་གྲུབ་མཐའ་ཆེན་མོ་བཞིའི་མཁས་པ་དག་གི་འགྲེལ་བཤད་གྱིས་ཟུར་བརྒྱན་ཅིང༌། རྒྱལ་སྲས་གཞན་ཕན་མཐའ་ཡས་དང༌། དཔལ་སྤྲུལ་སེམས་དཔའ་ཆེན་པོ། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་སོགས་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་གོང་མ་རྣམས་ཀྱི་ཞལ་རྒྱུན་མ་ཉམས་པ་རང་ལུགས་སུ་བཞག་སྟེ་འཆད་ཁྲིད་མཛད། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། འབྲི་གུང་སྐྱབས་མགོན་སོགས་རིས་མེད་བསྟན་འཛིན་ཆེན་མོ་དག་གི་གདན་ཞུས་བཞིན། རྫོང་སར་ཁམས་བྱེ་བཤད་གྲྭ་དང༌། དཔལ་སྤུངས་བཤད་གྲྭ། འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭ། རྒ་སྟོད་སྐྱེ་དགུའི་བཤད་གྲྭ་སོགས་སུ་ཕེབས་ནས་མཁན་རབས་དང་པོའི་གསེར་ཁྲིར་བཞུགས་ཏེ་རྒྱ་གཞུང་བཅུ་གསུམ་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་འཆད་སྲོལ་བཙུགས་པས་དེ་དག་ཏུ་ཞལ་སློབ་མཁས་པའི་དབང་པོས་གང་སར་ཁྱབ་ཅིང་ངེས་དོན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཕྱི་ལོ་༡༩༢༧ ལོར་གཤེགས། གསུང་རྩོམ་ལ། རྒྱ་གཞུང་ཆེན་མོ་བཅུ་གསུམ་གྱི་མཆན་འགྲེལ། གཏམ་ཚོགས་དང་བསྟོད་ཚོགས། ཞལ་གདམས་སོགས་པོད་བཅུ་ཕྲག་ལྷག་བཞུགས། 
 ཞལ་སློབ་མཁས་གྲུབ་ཀྱི་སྐྱེས་བུ།  དཔལ་སྤུངས་སི་ཏུ་པདྨ་དབང་མཆོག། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།  རྫོགས་ཆེན་ཡོན་ཏན་མགོན་པོ། མཁན་འཆི་མེད་ཡེ་ཤེས།  ར་ཧོར་ཆོས་གྲགས། གསེར་ཁ་ཆོས་གྲགས། ཨ་གྲོའི་ཡེ་ཤེས་རྒྱ་མཚོ། མཁན་ཆེན་བློ་ལྡན། མཁན་ཆེན་པདྨ་ཚེ་དབང་། རྫོང་སར་དབོན་སྟོད་མཁྱེན་རབ། མཁན་ནོར་དབྱངས། ཨ་པཎ་ཆོས་དཔལ། ཁམས་བྱེའི་འཇམ་དབྱངས་རྒྱལ་མཚན། སྡེ་གཞུང་ཆོས་འཕེལ་ཀུན་དགའ། ངོར་ཁང་གསར་མཁན་ཆེན། ས་སྐྱའི་མཁན་ཆེན་ཐུབ་བསྟན་བྱང་ཆུབ། འབོ་གངས་དཀར་སྤྲུལ་སྐུ། ཟུར་མང་པད་མ་རྣམ་རྒྱལ། ཟླ་གཞུང་མཆོག་སྤྲུལ། རྫོང་སར་བྲག་ཡབ་བློ་གྲོས། སྡེ་གཞུང་མཆོག་སྤྲུལ་ཨ་འཇམ། ཁང་དམར་རིན་ཆེན། མདོ་སྲིབ་ཐུབ་བསྟན། ཁྲི་ཚོ་རིན་ཆེན། མི་ཉག་དམ་ཆོས། བ་ཐུར་ཐུབ་དགའ། རྟ་ནག་མཁན་པོ་གཞན་ཕན་ལེགས་གྲུབ། དཀར་མཛེས་བུ་རམ་སྣ་བ་བློ་བཟང་བསྟན་འཛིན། ལྷོ་འབྲུག་མཁན་ཆེན་བསྟན་པ་རིན་ཆེན། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། དིལ་མགོ་མཁྱེན་བརྩེ། དགེ་བཤེས་རིན་ཆེན་རྡོ་རྗེ་སོགས་ སྐབས་དེའི་མདོ་སྨད་ཀྱི་མཁས་པ་ཐམས་ཅད་ཀྱིས་རྗེ་འདིའི་གསུང་གི་བདུད་རྩི་མ་བཞེས་པ་མེད་པ་ལྟ་བུར་མངོན་ཞིང༌། དེ་དག་སློབ་བརྒྱུད་ཡང་སློབ་དང་བཅས་པས་ཤར་ནུབ་འཛམ་གླིང་གི་ས་ཆེན་པོའི་ཁྱོན་ཀུན་ཡོངས་སུ་ཁྱབ་པ་བྱུང་ངོ་། །  རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།


མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོ

   རྫོགས་ཆེན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོའམ་མགོན་རིས་མཆོག་ནི། ཁམས་རྫོགས་ཆེན་དུ་རིག་སྔགས་འཆང་བ་སྐྱ་མོ་སྨན་ལྷ་དང་ཡུམ་ཡང་ཆུང་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༨༩༩པ་བོད་རབ་བྱུང་བཅོ་ལྔ་པར་སྐུ་འཁྲུངས། ཆུང་ནས་སྐྱེས་བུ་ཆེན་པོའི་མཚན་རྟགས་ལྷན་སྐྱེས་སུ་མངའ་ཞིང་རྫོགས་ཆེན་དགོན་དུ་ཞུགས་ནས་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གཙུག་ཕུད་ཕུལ། རྗེ་དེ་ཉིད་ལས་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་སྨིན་དབང་གྲོལ་ཁྲིད་དང་བཅས་པ་གསན་པས་ཐུགས་རྒྱུད་རྟོགས་པའི་བྱིན་རླབས་འཕོས།  དེ་ནས་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་བླ་མར་བསྟེན་ནས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་གི་རིང་སྐུ་གམ་དུ་བཞུགས་པས་ཐུན་མོང་ཐུན་མིན་གྱི་གཞུང་ལུགས་དག་གི་བཤད་ཁྲིད་མ་ལུས་པ་གསན་ཅིང་། ཁྱད་པར་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཉེ་བརྒྱུད་དུ་བྱོན་པའི་ཡང་ཏིག་གི་ཁྲིད་རྒྱུན་རྗེ་དེས་དབོན་པོ་བསྟན་དགའ་དང་དེས་གཞན་ཕན་ཆོས་ཀྱི་སྣང་བ་ལ་གནང་བའི་བླ་མ་ཡང་ཏིག་གི་བཀའ་ལུང་གཏད་རྒྱ་དང་བཅས་པའི་མན་ངག་ཟབ་མོ་ཆིག་བརྒྱུད་དུ་བསྩལ་ནས་དོན་བརྒྱུད་བསྟན་པའི་བཀའ་གཏད་ཀྱི་ཐུགས་སྲས་བུ་ཆེན་དུ་གྱུར། དགུང་གྲངས་བཞི་བཅུའི་སྐོར་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་ཀྱི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་གནང་།  གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཡོངས་འཛིན་དུ་བཞུགས། སྐུ་ཚེ་ཧྲིལ་པོར་བསྐྱེད་རྫོགས་རྫོགས་ཆེན་གྱི་རྣལ་འབྱོར་ལས་མི་འདའ་བར་ཐུན་བཞི་ཆག་མེད་དུ་མཛད། སོར་བྱང་སྔགས་ཀྱི་བསླབ་སྡོམ་ལ་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་གང་དུ་བཞུགས་ཀྱང་ཚུལ་ཁྲིམས་ཀྱི་དྲིས་ཡོངས་སུ་ཁྱབ། ཕྱག་དཔེ་ཁ་ཤས་དང་ཆོས་གོས་རྣམ་གསུམ་ཙམ་ལས་དངོས་རྫས་ཅུང་ཟད་ཀྱང་བདག་ཏུ་མི་འཛིན་པར་གནང་སྦྱིན་མཛད་པས་བྱ་བྲལ་གྱི་རྒྱལ་པོར་བསྔགས། རྟག་པར་ཞུ་བ་པོའི་མོས་ཁམས་ལྟར་སྔོན་འགྲོ་བློ་སྦྱོང་ནས་དངོས་གཞིའི་སྨིན་ཁྲིད་ཀྱི་བར་རྫོགས་པ་ཆེན་པོའི་ཆོས་འཁོར་བར་མེད་དུ་བསྐོར་ནས་འོད་གསལ་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། ཞལ་སློབ་ཐུགས་སྲས་ཀྱི་ཐུ་བོ་གྲུབ་དབང་རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང༌། སྐྱབས་རྗེ་པདྨ་སྐལ་བཟང་། རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་སྟེ་བརྒྱུད་འཛིན་བཀའ་བབ་ཀྱི་སྐྱེས་བུ་རྣམ་གཉིས། གདན་སའི་མཁན་སྤྲུལ་སྐྱེས་ཆེན་གྲངས་མེད་པ་དང་། མདོ་མཁྱེན་བརྩེའི་མཆོག་སྤྲུལ། རྡོ་གྲུབ་སྤྲུལ་སྐུ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཆོས་རྗེ་འཇིགས་མེད་ཕུན་ཚོགས། མི་ཉག་རྩ་ར་ཆོས་གྲགས། རྨེ་བ་མཁན་ཆེན་འཇམ་དཔལ་དང༌། ནོར་བུ་བཟང་པོ། ཨ་སྐྱོང་མཁན་ཆེན་བརྩོན་འགྲུས། དགེ་མང་མཁན་པོ་དབང་སྡིས་དང་དབང་ལོ། དགེ་རྒྱལ་མཁན་པོ་ཐུབ་བསྟན་རྣམ་རྒྱལ། འབའ་ཐང་བླ་མ་སྒྲོན་མ་ཚེ་རིང་དང་ལི་ཐང་རྡོ་རྗེ་རིག་འཛིན། རྨེ་བ་ཤེར་ཕྲེང་སྤྲུལ་སྐུ། ཨ་སེ་ཆོས་གྲགས། གཞག་སར་བླ་མ། མཁན་འཇམ་དབྱངས། མཁན་པོ་ལེགས་བཤད། མཁན་འཇམ་རྒྱལ། དབོན་སྤྲུལ་ཕྲིན་ལས། མཁན་འགྱུར་མེད་ཚེ་རིང༌། འབའ་ཕུག་མཆོག་སྤྲུལ། མཁས་དབང་ཤྲཱི་ན་ཐ་སོགས་རྒྱལ་བསྟན་འཛིན་པའི་སློབ་ཚོགས་བརྒྱ་སྟོང་དུ་མ་བྱོན་ཞིང༌། དེ་དག་རེ་རེས་ཀྱང་བཤད་སྒྲུབ་ཀྱི་བསྟན་རྒྱུན་མཐར་རྒྱས་སུ་བསྐྱངས་དང་སྐྱོང་བཞིན་པའོ། །དགུང་གྲངས་རེ་གཅིག་པ་སྤྱི་ལོ་༡༩༥༩པ་ས་ཕག་ལོའི་དུས་ཟིང་སྐབས་རྫོགས་ཆེན་དྲུག་པའི་སྐུ་གདུང་ཞུགས་འབུལ་དང་དགོངས་རྫོགས་ལེགས་པར་གྲུབ་རྗེས། རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་བརྡའ་ལུང་ཕྱག་བྲིས་མཛད་པ་སྐུ་ཚ་བསོད་ནམས་སྟོབས་ལྡན་གྱི་ལག་ཏུ་བཞག རྗེ་ཉིད་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་དང་འབྱུང་ཆར་རྒྱལ་བསྟན་སོར་ཆུད་ཡོང་བའི་ལུང་བསྟན་ཞལ་གདམས་བཅས་བསྩལ། དེ་ནས་ཟླ་བ་གཉིས་ཀྱི་རྗེས་སུ་སྐུ་ལ་མཚོན་གྱིས་མ་གོས་པར་མནབ་གཟན་གྱིས་དབུ་བཏུམས་ཏེ་སྐུ་མཉམ་བཞག་མཛད་ནས་ཧིཀ་གསུམ་བརྗོད་པ་དང་མཉམ་དུ་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་ཀ་དག་གི་རྒྱལ་སར་མངོན་པར་གཤེགས་པར་མཛད་དོ། ། རྣམ་ཐར་རྒྱས་པ་རྫོགས་ཆེན་ཆོས་འབྱུང་སོགས་སུ་གསལ།

རྫོགས་ཆེན་པདྨ་སྐལ་བཟང་།

 རྫོགས་ཆེན་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནི་སྔ་འགྱུར་གདན་ས་དྲུག་གི་ཡ་གྱལ་གྲུབ་དབང་རྫོགས་ཆེན་པའི་གདན་རབས་བཅུ་གཉིས་པ་སྟེ། རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོའམ་ཕྱི་ལོ་༡༩༤༣ལོར་ཁམས་རྫ་ཆུ་ཁར་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ཀྱིས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་མཁན་ཆེན་པདྨ་བཛྲ་གྱི་ཡང་སྲིད་སྐུ་ཕྲེང་གསུམ་པར་ངོས་བཟུང་། དགུང་ལོ་བདུན་པར་ཁྱིམ་ལས་བྱུང་སྟེ་རྫ་སྟོད་ལྕང་མའི་ཆོས་སྒར་ནས་རྫོགས་ཆེན་མཁན་རབས་སོ་གསུམ་པ་ཚེ་རིང་ཆོས་འབྱོར་ལས་ཀློག་དང་ཡིག་རྩིས་བསླབས། དགུང་ལོ་བཅུ་པར་རྫོགས་ཆེན་གདན་སར་གསེར་ཁྲིར་མངའ་གསོལ། དེ་མུར་མཁན་རབས་ཉེར་བདུན་པ་ཡོངས་འཛིན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་མདུན་ནས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་ཞུས། མཁན་རབས་ཉེར་བརྒྱད་པ་ཡོངས་འཛིན་པདྨ་ཚེ་དབང་གིས་ཆེད་གཏད་གཞུང་ཆེན་བཅུ་གསུམ། གསང་བ་སྙིང་པོ་རྒྱུད་འགྲེལ་ཁག་དང་བཅས་པའི་འཆད་ཁྲིད་བསྩལ། གཞན་ཡང་སྔ་ཕྱིར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་རྫོགས་ཆེན་དྲུག་པ་སོགས་ལས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་སྤྱི་དང་། སྒྱུ་འཕྲུལ་ཞི་ཁྲོ། འདུས་པ་མདོ་དབང་། འདོད་འཇོའི་བུམ་བཟང་སོགས་ཀྱི་བཀའ་དབང་གསན། རྫོགས་ཆེན་མཁན་རབས་ཉི་ཤུ་པ་ཨ་བུ་ལྷ་སྒོང་དང་མཁན་རབས་ཉེར་གསུམ་པ་ཐུབ་བསྟན་སྙན་གྲགས། མཁས་གྲུབ་ངག་དབང་ནོར་བུ། རྫ་མུ་ར་པདྨ་ནོར་བུ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་ལས་མདོ་རྒྱུད་མན་ངག་གི་ཁྲིད་དང་། སྔ་འགྱུར་རྒྱུད་འབུམ་ཆེན་མོའི་བཀླག་ལུང་སོགས་གསན། ཁྱད་པར་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་དང་རྫོགས་ཆེན་དྲུག་པ། ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་ཉིད་བཅས་བླ་བྲང་གཅིག་གི་གཟིམ་ཁང་གཅིག་ནང་ཉིན་མཚན་རྒྱུན་དུ་མཉམ་བཞུགས་ཀྱི་སྐབས་སྤྱི་དང་། ཡང་སྒོས་ལོ་གསུམ་དགུན་དཔྱིད་བཅད་རྒྱའི་དམ་མཚམས་ནང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་ཞལ་སྔ་ནས་རྫོགས་ཆེན་དྲུག་པ་དང་རྣམ་གཉིས་ལ། མན་ངག་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་དབང་བཀའ་དང་བཅས་པ་ཆིག་བརྒྱུད་དུ་བསྩལ། དགུང་ལོ་བཅོ་ལྔ་པ་སྟེ་ཕྱི་ལོ་༡༩༥༨ལོའི་ལོ་མཇུག་དུས་འགྱུར་རན་ཁར། ཡོངས་འཛིན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། རྫོགས་ཆེན་དྲུག་པ་བཅས་རྣམ་གསུམ་གདན་གཅིག་ཏུ་འཛོམས་ནས་སྟབས་གཅིག་ཏུ་ཚེ་དབང་དགུང་གྲངས་ཤིག་གནང་སྟེ། མ་འོངས་ཕྱི་རབས་ཀྱི་བསྟན་རྒྱུན་འཛིན་པའི་ཐུགས་རྩེ་གཏད་ནས་ཞལ་ཆེམས་ཕོག ཕྱི་ལོ་༡༩༥༩ལོ་ནས་བཟུང་དུས་རབས་ཕྱེད་ལ་ཉེ་བའི་བར་ལོ་མང་སྐུ་ངལ་སྣ་ཚོགས་ཀྱི་རླབས་དྲག་རླུང་འཚུབ་དང་ཕྲད་ཀྱང་དུས་བསྟུན་སྒོམ་སྒྲུབ་ཉམས་ལེན་དང་རང་རྒྱུད་བསྟན་པའི་བྱི་དོར་མ་ལྷོད་པར། ཡང་དར་བསྟན་པའི་མེ་རོ་བོད་དུ་བསླངས་པ་ནས་ཐོག་མར་གང་ཉིད་བསྙེན་པར་རྫོགས་ཏེ་བསྟན་འགྲོར་སྨན་པའི་ཕྱག་བཞེས་མཛད་འཕྲིན་བསྐྱངས་པ་བསྡུས་ན་གསུམ་སྟེ། གཅིག མདོ་ཁམས་སྨད་ཀྱི་སྔ་འགྱུར་པ་གཙོ་བོར་བྱས་པའི་རིས་མེད་དགོན་སྡེ་མང་པོར་དམ་ཆོས་འདུལ་བསྟན་དར་བའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པའི་གདན་སར་རྟེན་དང་བརྟེན་པའི་བཞེངས་བསྐྲུན་དང་བཅས་གཞི་གསུམ་གཙང་མའི་སྔར་སྲོལ་གྱི་ཕྱག་རྒྱུན་སྤེལ་ཞིང་། འཕགས་ཡུལ་མཁས་པའི་བཞེད་གཞུང་གཅིག་པུར་ཐོས་བསམ་གནང་སྲོལ་མ་ཉམས་པ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་སླར་གསོ་རྒྱ་བསྐྱེད་གནང་བ་དང་འབྲེལ། བོད་མདོ་དབུས་ཁམས་གསུམ་སོགས་ཀྱི་ས་ཆ་དང་དགོན་སྡེ་མང་པོར་བཤད་སྒྲུབ་ཀྱི་སྡེ་བཙུགས་པ་དང་།

གཉིས། དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ཕྱུག་པའི་བསྟན་འཛིན་མི་རབས་གསར་པ་མཁན་སྤྲུལ་སྡེ་སྣོད་འཛིན་པ་མང་པོ་བསྐྱེད་བསྲིང་གནང་བ། གསུམ། མདོ་དབུས་ཁམས་གསུམ་སོགས་ཀྱི་རིས་མེད་དགོན་སྡེ་དང་ས་ཆ་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསུངས་ཤིང་། ལྷག་ཏུ་མི་ལོ་ཉི་ཤུ་བསྟུད་མར་རྫོགས་ཆེན་པདྨ་ཐང་ནས་ཟབ་གསང་རྫོགས་པ་ཆེན་པོའི་བཀའ་ཁྲིད་གནང་ནས་སློབ་བུ་ཁྲི་ཕྲག་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་ཆབས་ཅིག གསུང་འབུམ་པོད་གྲངས་བཞི་བཅུར་ཉེ་བ་ཕྱི་རབས་བསྟན་པའི་བཙས་སུ་བཞག་པ་བཅས་ད་ལྟར་འཚོ་ཞིང་གཞེས་བཞིན་པ་ཉིད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1