འདི་ནི་དགེ་རྒྱས་རྫོང་གི་འབྲོག་པ་ཚོས་སྲོལ་རྒྱུན་གྱི་ཚྭ་འདོན་སྟངས་ངོམ་སྟོན་བྱེད་བཞིན་པ།
ས་བབ་མཐོ་ཚད་སྨི4500ལྷག་ཙམ་ཡོད་པའི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་མཚོ་ཤང་བྱང་སྨད་གྲོང་ཚོའི་ཚྭ་མཚོའི་ངོགས་སུ། ལོ76ལ་སླེབས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བུ་དམར་གྱིས་ཚྭ་མཚོའི་འབྲོག་པས་མི་རབས་ནས་མི་རབས་བར་དར་ཁྱབ་བྱུང་བའི་གནའ་བོའི་གླུ་ཞིག་བླངས།
ཀླུ་མ་རིང་པོ་མཚོ་དང་། དཀྱིལ་དཀར་མཚོ། ཁ་ཆེན་མཚོ་བཅས་ལས་གྲུབ་པའི་བོད་ནུབ་རྒྱུད་ཀྱི“ཚྭ་མཚོ”ཆེ་ཤོས་དེར“བྲག་མཚམས་མཚོ་གསུམ”ཞེས་བརྗོད་ཅིང་། ཚྭ་ཞིང་རྒྱ་ཁྱོན་སྨི་ངོས་གྲུ་2500ལྷག་ཙམ་ཟིན་པ་དང་ལོ་རེར་ཚྭའི་ཐོན་ཚད་ཏུན་3000ཟིན་གྱི་ཡོད། མངའ་རིས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་མིག་དམར་ཚེ་རིང་གིས་གསར་འགོད་པར། ལོ་1000ལྷག་ཙམ་གྱི་གོང་ནས་འདི་ག་ནི་བོད་ནུབ་རྒྱུད་ཀྱི་སྐད་གྲགས་ཆོད་པའི“ཚྭ་ལུག་ཚོང་ལམ”གྱི་འགོ་འཛུགས་སར་གྱུར་ཡོད། ཚྭ་མཚོ་ལྟེ་བར་བྱས་ནས་ནུབ་མངའ་རིས་ཀྱི་སྤུ་ཧྲེང་རྫོང་དང་། ཤར་ལྷ་ས། ལྷོ་གཞིས་རྩེ། བྱང་ཤིན་ཅང་བཅས་བར་དང་ཐ་ན་རྒྱ་གར་དང་ནེ་པ་ལ་ཚང་མ་ནས“ཚྭ་ལུག་ཚོང་ལམ”གྱི་རྗེས་ཤུལ་འཚོལ་ཐུབ་ཅེས་བཤད་བྱུང་།
བུ་དམར་གྱིས་རང་ཉིད་ལོ་18ལ་སླེབས་པའི་ལོ་དེར་ཚྭ་ཐེངས་དང་པོ་དབོར་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། ཚྭ་པ་ཚོའི་རྗེས་སུ་སྙེག་ནས་ལུག་ཁྱུ་དེད་དགོས་པ་དང་། ལུག་རེར་ཚྭ་རྒྱ་མ་20བཀལ་ཡོད། དགེ་རྒྱས་ནས་སྤུ་ཧྲེང་རྫོང་བར་གྱི་རི་ལམ་ཧ་ཅང་བགྲོད་དཀའ་ལ་ལམ་བར་དུ་ད་དུང་ཇག་པ་འཕྲད་ཀྱི་ཡོད་པས། ང་ཚོ་ཉིན་མོ་འཇབ་ནས་སྡོད་པ་དང་མཚན་མོ་གྲི་འཁྱེར་ནས་འགྲོ་དགོས་ཀྱི་ཡོད། ལམ་བར་དུ་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པས་གཟབ་གཟབ་མ་བྱས་ན་ལུག་རྣམས་ཆུས་འཁྱེར་ཉེན་ཆེ། ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་ཟླ་གཅིག་དང་ཟླ་ཕྱེད་ཙམ་འགོར་བས། ལུག་གི་སྒལ་པ་ཚྭ་ཕད་ཀྱིས་བརྡར་ནས་སྒལ་པར་རྨ་ཆགས་ལ་འབུ་ཡང་རྒྱག་པ་དང་། ཚྭ་པ་ཚོ་ཡང་ཤ་རིད་ནས་རུས་སྒྲོམ་ལྟ་བུར་གྱུར་གྱི་ཡོད། སྐབས་དེ་དུས་མི་དང་ཁལ་ལུག་གཉིས་ཀས་དཀའ་སྡུག་ཚད་མེད་མྱང་དགོས་ཀྱི་ཡོད་ཅེས་བཤད།
“ལུག་གཉིས་ཀྱིས་དབོར་བའི་ཚྭ་ཡིས་ནས་རྒྱ་མ་20ལས་བརྗེ་ཐུབ་ཀྱི་མེད། དེའང་ཚོང་ཡག་པོ་བྱུང་བར་བརྩི་ཡི་ཡོད”བུ་དམར་གྱིས། སྐབས་དེ་དུས་ཚྭ་ཐེངས་གཅིག་དབོར་ནའང་ཁྱིམ་ཚང་གཅིག་གི་ཟླ་གཉིས་ཀྱི་འཚོ་བ་འཕྱིད་ཙམ་ལས་མེད། དེས་ན་ཡང་སྐོར་བསྐྱར་སྐོར་གྱིས་ཚྭ་དབོར་དགོས་ཀྱི་ཡོད་ཅེས་བཤད།
འདི་ལྟ་བུའི་འཚོ་བ་ནི་སྔ་ས་ནས་འདས་ཟིན། ད་ཆ་ཚྭ་མཚོའི་ཚྭ་ནི་ངོ་མ་ཚྭ་ཁའི་འབྲོག་པ་ཚོ་ཕྱུག་པོ་ཆགས་སའི“ནོར་བུ”ཞིག་ཏུ་གྱུར་ཡོད།
2010ལོར་ཚྭ་ཁར་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གིས་ཚྭ་ཁའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་ཐབས་ལ་བརྟེན་ནས་ཚན་རིག་དང་མཐུན་སའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བྱས་ཏེ། གཅིག་གྱུར་སྔོག་འདོན་དང་གཅིག་གྱུར་ཕྱིར་ཚོང་བྱེད་ཀྱི་ཡོད། ཚྭ་སྔོག་འདོན་གྱི་དཀའ་ཚེགས་ཆེ་ཆུང་ལ་གཞིགས་ནས་གྲོང་མི་ཚོར་ཚྭ་ཕད་རེར་སྒོར་9ནས་15བར་གྱི་གླ་ཆ་སྤྲོད་ཀྱི་ཡོད། “ན་ནིང་ང་ཚོའི་ཁྱིམ་ལ་ཚྭ་སྔོགས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་གཉིས་ཙམ་བྱུང་། ཟས་གོས་ལ་སྔ་ས་ནས་སེམས་ཁྲལ་བྱེད་དགོས་མེད”ཅེས་བུ་དམར་གྱིས་འཛུམ་དམུལ་དམུལ་ངང་བཤད།
བགྲེས་སོང་དཀྱུས་མའི་གྱོན་ཆས་ཀྱི་འཕོ་འགྱུར། “དུས་བཞིར་གོས་སྣ་གཅིག”ནས“དུས་ཚིགས་གཅིག་ལ་གོས་སྣ་མང་བའི”བར་འགྱུར་ལྡོག་བྱུང་བ་དེ་དག་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་མི་སེར་གྱི་འཚོ་བར་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་རེད།
ཚྭ་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དཀོན་མཆོག་ཚེ་རིང་གིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་འགོ་ནས་བཟུང་། ལུག་གིས་ཚྭ་དབོར་བ་དེ་ལོ་རྒྱུས་སུ་གྱུར་བ་དང་ད་ཆ་རླངས་འཁོར་གྱིས་ཚྭ་དབོར་གྱི་ཡོད་ཅེས་སྐད་ཆའི་བར་དུ་འཚང་ནས་བཤད།
2005ལོར་བྱང་སྨད་གྲོང་ཚོས་དགེ་རྒྱས་རྫོང་དབུལ་སྐྱོར་གཞུང་ལས་ཁང་ལ་དབུལ་སྐྱོར་མ་དངུལ་སྒོར་ཁྲི་14རེ་ཞུ་བྱས་པ་དང་། དེའི་ཁར་གྲོང་ཚོས་རང་གྲབས་བྱས་པའི་སྒོར་ཁྲི་13.8བརྒྱབ་ནས་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་དབུལ་སྐྱོར་ཚྭ་ར་བཙུགས།
2010ལོར་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་ཚྭ་ལས་མཉམ་ལས་ཁང་གི་སྒོ་བྱང་བཀལ་ནས་བཙུགས། “བྱང་སྨད་གྲོང་ཚོར་མི་2400ལྷག་ཙམ་ཡོད་པའི་ནང་ནས་མཉམ་ལས་ཁང་ནང་ཐོག་མར་ཞུགས་མཁན་ཡུལ་མི་30%ཡང་ཟིན་གྱི་མེད། སྐབས་དེ་དུས་མཉམ་ལས་ཁང་གིས་ཚང་མའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་མིན་ལ་མང་ཚོགས་ཕལ་ཆེ་བས་ཐེ་ཚོམ་བྱེད་ཀྱི་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་མགོན་པོས་བཤད།
ཚྭ་ཁ་ཤང་ཏང་ཨུད་དང་སྲིད་གཞུང་དང་བྱང་སྨད་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཡིད་ཐང་མ་ཆད་པར་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ཤིང་། ཚྭ་སྔོག་འདོན་བྱེད་ཚད་མང་དུ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཟུར་བསྣན་རིན་ཐང་མཐོ་བའི་ཚྭ་ལས་ཐོན་རྫས་འཕེལ་རྒྱས་བཏང་བ་དང་། ཚྭ་ཁ་ཤང་གི་ཚྭ་ལས་ཁྱད་ལྡན་སྤུས་རྟགས་བཏོད་དེ་འབྲོག་པ་ཚོར་འབབ་འཕར་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་ཡོད།
ཚྭ་ལས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་ཇི་ལྟར་གཏོང་དགོས་སམ། ཚྭ་ཁ་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚྭ་མཚོའི་ཚྭ་བེད་སྤྱོད་བྱེད་སྟངས་གསར་པ་ཞིག་བཟོས་ཡོད།
——“གསར་བརྗེའི་ཚྭ” ཚྭ་ཁ་ཤང་དུ་ལོ་བཅུ་ཕྲག་ཁ་ཤས་རིང་དམག་དམངས་དབར་ཉ་ཆུ་ལྟར་ཟབ་པའི་འབྲེལ་བའི་སྐོར་གྱི་གཏམ་བཟང་ཁྱབ་ཡོད། 1950ལོའི་སྟོན་ཁར། ཡ་མཚན་ཅན་གྱི་དཔུང་སྡེ་ཞིག་ཚྭ་ཁ་དང་མི་རིང་བའི་སར་ཡོད་པའི་སྒེར་རྩེའི་གྲ་མ་མང་པོར་བཅའ་སྡོད་བྱས་ཏེ། ཕྱོགས་གཅིག་ནས་མང་ཚོགས་ལ་ནད་བཅོས་པ་དང་ཕྱུགས་འཚོ་རོགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད། མ་གཞི་དཔུང་སྡེ་དེའི་ཟས་གོས་དེ་ཙམ་ཡག་པོ་མེད་མོད། འོན་ཀྱང་ཁོང་ཚོས་རང་ཉིད་ཀྱིས་འཁྱེར་བའི་གྱོན་ཆས་དང་། འབྲུ་རིགས། ཇ་བཅས་འབྲོག་པ་དབུལ་པོ་ཚོར་རྒུད་སྐྱོབ་ལ་སྤྲད། མང་ཚོགས་ཀྱིས“བྱང་ཆུབ་སེམས་དཔའ”ཞེས་འབོད་པའི་དཔུང་སྡེ་འདི་ནི་ཤིན་ཅང་ནས་བོད་དུ་ཡོང་བའི་རང་ཚུགས་རྟ་དམག་ཧྲི་ཤོག་གི་སྔོན་སྐྱོད་ལེན་ཤོག་རེད། སྔོན་སྐྱོད་ལེན་ཤོག་ལ་འབྲུ་རིགས་དང་ཚྭ་ཆད་ཉེར་ཡོད་པ་མཐོང་སྐབས། “ཚྭ་པའི”ནང་གི་འབྲོག་པ་བཀྲ་ནོར་དང་ཆོས་འཛིན་གྱིས་ས་གནས་དེ་གའི་འགོ་དཔོན་གྱིས་བཅིངས་འགྲོལ་དམག་དང་འབྲེལ་གཏུག་བྱེད་མི་ཆོག་པའི་བཀག་རྒྱ་བཏང་བར་མི་སྐྲག་པར་གྲ་མང་མང་པོ་བརྒྱུད་ནས་ཚྭ་དབོར་སྐབས། རྐང་བཙུགས་ནས་ཚྭ་ཕད་དབྲལ་ཏེ་སྔོན་སྐྱོད་ལེན་ཤོག་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་དུ་གཏོར་གྱི་ཡོད། ཕྱི་ལོར། ཁོ་ཚོས་ཡང་བསྐྱར་དཔའ་ངར་ཆེན་པོས་ལམ་སྟོན་གྱི་འགན་ཁུར་ནས་སྔོན་སྐྱོད་ལེན་ཤོག་གི་སྣེ་ཁྲིད་དེ་སྤུ་ཧྲེང་རྫོང་དུ་བསྐྱོད།
——“རིག་གནས་ཀྱི་ཚྭ” རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི“ཚྭ་ལུག་ཚོང་ལམ”ལ་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དུས་ཡུན་རིང་པོའི་སྐྱེལ་འདྲེན་ལས་ལ་གཞོལ་བའི་བརྒྱུད་རིམ་ནང་ཁོང་ཚོས་ས་གནས་དེ་གར་དམིགས་སུ་ཡོད་པའི་ཚྭ་སྔོགས་འདོན་དང་ཚྭ་དབོར་བའི་དམངས་གཞས་དང་། གཏམ་དཔེ། གབ་ཚིག་བཅས་གསར་རྩོམ་བྱས་པ་མ་ཟད། སྐད་གྲགས་ཆོད་པའི“ཚྭ་ལུག་ཚོང་ལམ”གྱི་ངོ་མཚར་གཏམ་རྒྱུད་ཀྱང་བཏོད་ཡོད།
——“དཔལ་འབྱོར་གྱི་ཚྭ” ཚྭ་ཁས་ས་གནས་དེ་གའི་མི་སེར་བསྐྱངས་པ་དེ་ནི་ཚྭ་ཁའི་འབྲོག་པ་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་རེད། དུས་ཡུན་རིང་པོའི་ནང་ཚྭ་ཁའི་འབྲོག་པ་ཚོས་ཕྱུགས་འཚོ་ཞོར་ཚྭ་དབོར་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། 2015ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ཇུས་བཀོད་སྒྲིག་བྱས་རྗེས། ཚྭ་ཁ་ཤང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པའི་ཚྭ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད།
——“སྐྱེ་ཁམས་ཀྱི་ཚྭ” ལོ་ངོ་སྟོང་ཕྲག་གི་རིང་། ཚྭ་ཁའི་འབྲོག་པ་ཚོས་ཐོག་མཐའ་བར་གསུམ་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་གུས་སྐྲག རང་བྱུང་ལ་སྲུང་སྐྱོང་བཅས་ཀྱི་སྲོལ་རྒྱུན་འདུ་ཤེས་རྒྱུན་འཛིན་བྱས་ནས་ཚྭ་མཚོའི་རང་བྱུང་ཁམས་ཀྱིས་ཁོང་ཚོར་བསྩལ་བའི“ནོར་བུ”ལྟ་བུའི་ཚྭ་ཁ་འདིར་སྲུང་སྐྱོབ་བྱས་པ་དང་། སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་ཚྭ་སྔོག་སྟངས་མཐའ་འཁྱོངས་བྱེད་པ་ལས་གང་བྱུང་དུ་སྔོག་འདོན་གཏན་ནས་བྱེད་ཀྱི་མེད། མཉམ་ལས་ཁང་བཙུགས་རྗེས་ཤང་ཏང་ཨུད་ཀྱིས་ཡང་བསྐྱར“གཅིག་གྱུར་སྔོག་འདོན་དང་། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་ཕྱིར་ཚོང་། གཅིག་གྱུར་བགོ་འགྲེམས”བཅས་ཀྱི“གཅིག་གྱུར་ལྔའི”གཉེར་སྐྱོང་དོ་དམ་བྱེད་སྟངས་བཟོས་ནས་ཚྭ་ཁའི་ཐོན་ཁུངས་ལ་སྲུང་སྐྱོང་གང་ཐུབ་བྱས་ཡོད།
བྱང་སྨད་གྲོང་ཚོའི་ཚྭ་ལས་མཉམ་ལས་ཁང་གིས་ཁྲོམ་ར་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཤིང་། ས་གནས་དེ་གའི་གཉེར་སྐྱོང་ཤེས་པ་དང་། དོ་དམ་ཤེས་པ། རྩལ་ནུས་ལྡན་པ་བཅས་ཀྱི་ཏང་ཡོན་དང་མང་ཚོགས་གཉེར་སྐྱོང་དང་དོ་དམ་པ་བྱེད་པར་བསྡུས་ཏེ། བཟའ་ཚྭ་ཐོན་སྐྱེད་དང་བྲིན་ཚོང་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་བྱས་པས་ཚྭ་ལས་ཀྱི་ཐོན་རྫས་རིན་ཐང་ལ་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
ཚྭ་རྩིང་པོ་དང་། འཕྲོད་སྦྱོར་ཚྭ། ལུམས་ཚྭ་སོགས།
“ལོ་བཅུ་གྲངས་རིང་ང་ཚོས་ཐོན་རྫས་རབས་བདུན་སྔ་རྗེས་སུ་ཞིབ་འཇུག་གསར་སྤེལ་བྱས་ཡོད་ལ། ཐོན་རྫས་ཀྱི་རིན་གོང་ཡང་རབས་གཅིག་ལས་གཅིག་མཐོ་བ་ཡོད” དཀོན་མཆོག་ཚེ་རིང་གིས་ན་ནིང་ཞིབ་འཇུག་གསར་སྤེལ་བྱས་པའི་རྐང་འཁྲུད་ཚྭ་ལུམས་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“ང་ཚོས་བོད་ལུགས་གསོ་རིག་མཁས་ཅན་གདན་དྲངས་ཏེ། གནའ་དུས་ཀྱི་སྨན་སྦྱོར་ཐབས་ལམ་ལྟར་ཚྭ་ལུམས་སྡེབ་སྦྱོར་བྱས་པ་ཡིན། ཚྭ་ལུམས་ནང་བོད་སྨན་སྣ་ཁ་བཅུ་གྲངས་བསྲེས་རྗེས། ཚྭའི་རིན་གོང་སྤྱིར་བཏང་གི་ཚྭ་ལས་ལྡབ་བཅུ་གྲངས་ཀྱིས་མཐོ་རུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།
ལག་ལེན་ལས་ཤེས་བྱ་ངོ་མ་ཤེས། ལོ་ཉི་ཤུ་ལྷག་ཙམ་གོང་། ཡུལ་དེ་ནས་ཐོན་པའི་རྒྱ་མ་100ཡོད་པའི་ཚྭ་དོ་པོ་གཅིག་ལ་སྒོར་10བྱེད་ཀྱི་ཡོད། སྐབས་འགར་ཡུལ་མི་ཕན་ཚུན་གོང་ཚད་གཅོག་གང་ཐུབ་བྱས་པས་ཁེ་བཟང་ཕྲན་བུ་ལས་མེད། ད་ཆ་ཐུམ་སྒྲིལ་བརྒྱབ་པ་དང་རྒྱ་མ་བཞི་ཡོད་པའི་འཕྲོད་སྦྱོར་ཚྭར་སྒོར་60བྱས་ནས་འཚོང་བ་དང་རྐང་ཁྲུད་ཚྭ་ལུམས་རྒྱ་མ་གང་ལ་སྒོར་བརྒྱ་ཕྲག་རག་གི་ཡོད།
འཕེལ་རྒྱས་ལམ་བུ་བཏོད། ཧེ་བག་གནམ་ས་འཛོལ།
ད་ཆ་བྱང་སྨད་གྲོང་ཚོའི་ཡུལ་མི་ཚང་མ་མཉམ་ལས་ཁང་ནང་ཞུགས་ཡོད། ཚྭ་ལས་ཁེ་འབབ་མང་པོ་བྱུང་ཞིང་། ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4ཟིན་པ་དང་ཡུལ་མི་རེར་བགོ་འགྲེམས་སྒོར་670རག་ཡོད།
འདི་ནི་ཚྭ་ཁ་བའི་བློ་གྲོས་རེད། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནས་དོ་མཉམ་གྱི་གནས་གསར་པ་རྙེད་ཡོད།
“ད་ཆ་མཉམ་ལས་ཁང་ཡོངས་ཀྱི་མ་རྩ་བསྡོམས་འབོར་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་། ཚྭ་རྩིང་ལས་སྣོན་བཟོ་གྲྭ་དེ་ཚྭ་བསྡུ་དང་། གསོག་འཇོག ལས་སྣོན། ཐུམ་སྒྲིལ། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཁེ་ལས་སུ་འགྱུར་ཡོད” དཀོན་མཆོག་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་མཉམ་ལས་ཁང་དེར་ཚྭ་ཁོ་ནའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་172ཟིན་པ་དང་ཁེ་སྤོགས་སྒོར་ཁྲི་104ཟིན་ནས་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། །