ཟླ་དང་པོ་ནས་བདུན་པའི་བར་མཚོ་སྔོན་གྱི་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་218.6ཟིན་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཞིང་ཆེན་ཡོངས་སུ་ཡུལ་སྐོར་ཡོང་མཁན་མི་ཐེངས་བསྡོམས་ཁྲི་2455.3བྱུང་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་218.6ཟིན་ཏེ་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་འཕར་ཡོད།
རྒྱལ་ནང་གི་ཡུལ་སྐོར་བྱ་ཡུལ་མང་ཤོས་ཀྱི་ས་ཆ་བཅུའི་གྲས་དང་ནུབ་རྒྱུད་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་ཡིན་པས། མཚོ་སྔོན་གྱི་མིང་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ཆ། སྐྱེ་ཁམས་རིག་གནས་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱེད་སའི་བཀྲག་མདངས་འཚེར་ས་དང་ལས་རྣམ་གསར་པར་གྱུར་ཞིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གྱི“སྐོར་ལམ་ཆེན་པོ་གཅིག”དང་། མཚོ་སྔོན་པོ་དང་། གཙང་གསུམ་ཆུ་འགོ མདོ་ལ་རིང་མོའི་མཛེས་ལྗོངས། ཁུ་ནུའི་འབྱུང་རྩ་སོགས་སྐྱེ་ཁམས་ཡུལ་སྐོར་མཉམ་སྒྲུབ“ཁུལ་ཆེན་པོ་དྲུག”མཚོ་བོད་ཀྱི་འཛམ་གླིང་ཡང་རྩེ་དང་ཐང་བོད་གནའ་ལམ་གྱི་སྐྱེ་ཁམས་ཡུལ་སྐོར་གྱི“བར་ཁྱམས་གཉིས”བཅས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་ཇུས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་བྱེད་གནས་གཏོད་བཞིན་ཡོད།
གཞན་ཡང་། མཚོ་སྔོན་གྱིས་ད་དུང“མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”དང་2021ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱེད་སྒོ་རབ་དང་རིམ་པ་དང་དྲ་ཐོག་དྲ་ཕྱིར་མཉམ་སྦྲེལ་མཉམ་འགུལ་བྱས་པ་བརྒྱུད། སྐྱེ་ཁམས་ཡུལ་སྐོར་དང་། ཞིབ་སློབ་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། སྒེར་འཁོར་གཏོང་བའི་ཡུལ་སྐོར་སོགས་གཞི་ཁྱོན་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས་སྐྱེ་ཁམས་ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་དང་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཏོད་ཡོད། གཞན་ཡང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རིམ་བཞིན་སྒེར་འཁོར་གཏོང་བའི་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་100ལྷག་ཙམ་སྔ་རྗེས་སུ་ཁྱབ་གདལ་བཏང་སྟེ། རིགས་མི་འདྲ་བའི་ཡུལ་སྐོར་ལམ་ཐིག་གིས་མཚོ་སྔོན་གྱི་མཛེས་ལྗོངས་སྦྲེལ་མཐུད་བྱས་པ་དང་དུས་མཚུངས་ཡུལ་སྐོར་བས་མཚོ་སྔོན་གྱི་ལྟ་བས་མི་ངོམ་པའི་མཛེས་ལྗོངས་མཐའ་དག་མྱོང་རོལ་ཐུབ་པ་བྱས་ཡོད།