༄༅།།སེམས་མི་སྐྱིད་དུས།

རྩོམ་པ་པོ། ཞོ་ར་བསམ་འགྲུབ་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 10-09


རྒྱུ་རྐྱེན་ཅི་ཡིན་མ་ངེས་མོད། དེ་རིང་ཉིན་གང་བོར་སེམས་སྐྱིད་པོ་བྱུང་མ་སོང་།བཤད་སྒྲོས་ལྟར་ན།སྤྱིར་གླུ་གཞས་ཀྱིས་འགྲོ་བ་མིའི་སེམས་ཁམས་གུ་ཡངས་དང་ལྷོད་པོར་གཏོང་ཐུབ་ཟེར་མོད། འོན་ཀྱང་།ལུས་པོའི་ཕྱི་ནང་ཀུན་ཏུ་ཟུག་ཡོད་པར་སྣང་བའི་སེམས་གཅོང་འདི་ཉིད། ཉི་མས་བདས་པའི་སྤྲིན་པ་བཞིན་རང་དགར་སངས་འགྲོ་བ་ཞིག་མིན་པར། རེ་ཞིག་སེམས་ཀྱི་གཏིང་ལ་ཐིམ་ཡོད་པར་འདྲ་བས།ངས་ནི་ཁ་པར་གྱི་སྒོ་མོ་ཡོངས་སུ་གཏན་ཏེ།ཉིན་གང་བོར་རང་ཁྱིམ་གྱི་སྒོ་ཁྱམས་ཤིག་ཏུ་ཙོག་པུར་བསྡད་པ་ཡིན།

ཕྱི་རོལ་གྱི་ཉི་འོད་ཧ་ཅང་ཚ་ལ། མགོ་ཐོག་ཏུ་སྤྲིན་པ་ཐར་ཐོར་ལས་མི་འདུག། མིག་ཟུང་བཙུམས་ཏེ་ཁ་རོག་གེར་སྡོད་དུས། མཚམས་རེར། ཁྱིམ་མཚེས་ཚང་གི་སྒོ་ཁྱིའི་ཟུག་སྐད་རྣ་བར་ཡང་ཡང་ལྷུང་ཡོང་།

སྤྱིར་བཏང་། འཚོ་བའི་བསླུ་བྲིད་དང་ཕམ་ཉེས་སྣ་ཚོགས་ཀྱིས་མིའི་སེམས་ལ་དགའ་སྐྱོ་ཆགས་སྡང་བྱོ་ཡོང་བ་ནི་འཁོར་བའི་ཆོས་ཉིད་འབའ་ཞིག་ཡིན་མོད།སྐྱེ་བོ་སུ་ཞིག་ཡིན་རུང་། མངོན་པར་འཚང་མ་རྒྱའི་བར་དེ་དག་ལ་ཁ་ལོ་དཀྲི་རྒྱུ་ཡང་ཁག་པོ་ཞིག་ཅིས་མིན། གང་ལྟར། ཅི་ཡིན་ཆ་མ་འཚལ་མོད། ནམ་རྒྱུན་དང་མི་འདྲ་བའི་རང་ཉིད་གློ་རྡེག་ཏུ་འདི་ལྟར་འགྱུར་བཞིན་པ་ནི།དངོས་གནས།དང་ལེན་སྤུ་ཙམ་ཡང་བྱེད་མི་ཐུབ་པ་ཞིག་རེད་ཨང་། དེ་ལྟར་བསམ་བློ་གཏོང་བཞིན་པའི་མོད་ལ།སྙིང་གི་འཕར་ལྡིང་ཡང་འཕྲལ་དུ་ཇེ་མགྱོགས་སུ་ཕྱིན་ལ། གློ་བུར་བའི་དོན་ག་གེ་མོར་འཕྲད་པ་ལྟར། ངོ་གནོང་སྟེ་ཡང་སྙིང་རང་ཉིད་སུ་ཞིག་ཡིན་པའང་མ་ཚོར།རེ་ཞིག། ཁེར་རྐྱང་དང་ལྷིང་འཇགས་ཀྱི་པང་དུ་མགོ་བོ་སྙེ་བཞིན། སེམས་མི་སྐྱིད་པའི་རྒྱུ་རྐྱེན་ལ་ཇི་ལྟར་འདང་བརྒྱབ་རུང་། མཐའ་མར་ངལ་བའི་རྒྱུ་ཁོ་ན་ལས་མ་མཆིས། ཡང་ན་ནི། འཇིག་རྟེན་འདིའི་སེམས་མི་སྐྱིད་པའི་རྐྱེན་ཆེ་ཕྲ་ཆུང་གསུམ། ཁྱོད་ཀྱི་མིག་གི་མཐོང་སར་འགྲེང་ཡོད་པར་མིན་པར། རང་ཉིད་ཀྱིས་འཚོལ་དགོས་པར་འདྲ་ལ། ཕྱོགས་གཞན་ཞིག་ཏུ།གཏིང་ཟབ་པའི་འཁོར་བའི་ཆོས་ཉིད་དང་དགོས་མཁོ་རིགས་ཤིག་ཏུ་བལྟ་དགོས་པར་སྙམ། གང་ལྟར། ངའི་སེམས་སྐྱིད་པོ་ཡེ་ནས་ཆགས་ཀྱི་མི་འདུག། གོག་ནུར་གྱིས་བགྲོད་པའི་དུས་ཚོད་ཀྱི་གླུ་སྐད་སྐྱ་བོ་དང་ལྷན་དུ།

ད་ནི་དུས་ཚིགས་གང་ཡིན་གསལ་ཐག་མི་ཆོད་མོད།ཞི་འཇམ་དང་གཅོམ་ཆུང་གི་ཟོལ་གྱིས་ལྡང་ཡོང་བའི་རླུང་བུ་ལྡོམ་པོས།ལན་རེར། སེམས་པ་དང་སྐྲ་ལོ་དུས་མཉམ་གྱིས་འཛིང་བར་བྱེད།

དེ་ལྟར་མིག་མདུན་དུ། རྒས་ཤིང་ཉམ་ང་བའི་ལྗོན་པའི་ཡལ་འདབ་ཏུ་འཁྱུད་པའི་ལོ་མ་མང་པོ་གཅིག་འཕྲོར་ས་རུ་ཟེགས་པར་འཁོར་ཡོང་བས། གློ་རྡེག་ཏུ།སྣང་བརྙན་དེའི་རྐྱེན་པས།ང་རང་ཡར་ལངས་ཏེ་ཅི་ཞིག་འཆད་དགོས་སྙམ་ཡང་། སྐམ་ཞིང་རེངས་པོར་གྱུར་བའི་མཆུ་འདབ་ཀྱི་རྩེ་ལས་ཡང་སྙིང་ཅི་ཞིག་བརྗོད་དགོས་པའང་ཤེས་མ་སོང་།

སེམས་མི་སྐྱིད་དུས། འཚོ་བའི་ཁྲོད་སྐུང་བ་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པར་འདྲ་ལ། ལན་རེར། ཅི་ལའང་བསམ་བློ་གཏོང་སྙིང་མི་འདུག གང་ལྟར། སེམས་མི་སྐྱིད་དུས། རང་ཁོ་ནར་དབང་ཆོག་པའི་བར་སྟོང་ཞིག་ཏུ་སྲོ་མ་བཞིན་འཚང་བཞིན། སུ་གང་གི་རང་དབང་ན་མེད་པའི་དུས་ཚོད་ཀྱི་རྒྱུ་བ་མཐའ་དག འགྱོད་གདུང་དང་བསྒྲེས་ཏེ། ཨུ་ཚུགས་ཀྱིས་ཟད་དགོས་པ་འདྲའོ།།

ངས་དེ་ལྟར་བསམ་བློ་ཡང་ཡང་གཏོང་དུས། ཉེ་ལམ་འཕྲིན་སྦྱོར་ཁག་ཏུ་ལབ་ཀྱིན་པའི་ནང་ལོགས་ཀྱི་གྲོང་ཁྱེར་དེ་ཡིད་ལ་ཡང་ཡང་འཁོར་ཞིང་། དེ་ལས་མཆེད་པའི་ནད་ཡམས་དང་། དེས་བསྐྱེད་པའི་ཆག་སྒོ་སྣ་ཚོགས་མྱོང་བཞིན་པའི་མི་དག་ལྦ་ལེར་དྲན་བྱུང་བས། ང་ལ་མཚོན་ན། བསྣོལ་མར་བྲེས་པའི་མདུད་པ་སྣ་ཚོགས་ཀྱི་སྟེང་ལ། ཡང་བསྐྱར་མདུད་པ་ཞིག་དམ་པོར་དཀྲིས་པ་དང་ཤིན་ཏུ་འདྲ་ཨང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1