ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཚེས་བཅུ་དྲུག་ཉིན་འཛམ་གླིང་འབྲུ་རིགས་ཉིན་མོའི་སྔོན་ལ་ཉེན་བརྡ་བཏང་སྟེ། གལ་ཏེ་འཛམ་གླིང་ཡོངས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་ཉམས་ཞན་གྱི་སྡོད་ཁུལ་དག་ནམ་ཟླའི་འགྱུར་ལྡོག་གི་གནོན་ཤུགས་དང་འཚམ་པར་རོགས་རམ་མ་བྱས་ན། འཛམ་གླིང་ཧྲིལ་བོ་ནམ་ཟླའི་ཉམས་ཉེན་ལས་བྱུང་བའི་ལྟོགས་སྐོམ་དམིགས་ཚད་ཇེ་མང་དུ་འགྲོ་བའི་གནད་དོན་ལ་འཕྲད་སྲིད་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་དབྱེ་ཞིབ་ཅིག་ལས་མངོན་པ་ལྟར་ན། གལ་ཏེ་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གྱི་སྔ་རོལ་གྱི་ཆུ་ཚད་ལས་དྲོད་གྲངས་གཉིས་འཕར་ན། ལྟོགས་སྐོམ་མྱོང་བའི་མི་གྲངས་དུང་ཕྱུར་དང་གཅིག་དབྱེ་བ་བརྒྱད་ས་ཡ་དགུ་ཇེ་མང་དུ་འགྲོ་སྲིད། ཉམས་ཞན་གྱི་སྡོད་ཁུལ་དུ་ཡོད་པའི་མི་མང་ཆེ་བས་ཞིང་ལས་དང་ཉ་གསོ། ཕྱུགས་ལས་བཅས་ལ་བརྟེན་ནས་འཚོ་བཞིན་ཡོད་ལ། ཁོ་ཚོར་ཐེབས་པའི་ནམ་ཟླའི་ཉམས་ཉེན་གྱི་ཤུགས་རྐྱེན་ཆེས་ཆུང་བ་ཡིན་ཡང་། ནུས་ལྡན་བྱེད་ཐབས་ལ་ཚད་ཡོད་པས་མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་གི་གནོད་པ་མྱོང་དགོས་ཡོད་ཟེར།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་བཤད་རྒྱུར། མཱ་ཏཱ་ཀཱ་སི་ཁཱ་ནས་ཧོང་ཏུ་ར་སི། དེ་ནས་བྷང་ག་ལོའི་བར། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་དཀའ་སྡུག་ཐེབས་བཞིན་ཡོད། དེ་ནི་མི་ས་ཡ་མང་བོས་གདོང་གཏོད་དགོས་པའི་ཉིན་རྒྱུན་གྱི་དངོས་ཡོད་ཡིན་ལ། ནམ་ཟླའི་ཉམས་ཉེན་ལས་འབྲུ་རིགས་ཀྱི་ཉམས་ཉེན་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།
ནམ་ཟླའི་འགྱུར་ལྡོག་ལས་འཛམ་གླིང་སྟེང་གི་ས་ཁུལ་མང་བོར་རིགས་དེ་མཚུངས་ཀྱི་ལྟོགས་སྐོམ་གནས་ཚུལ་འབྱུང་སྲིད་པ་དང་། མཱ་ཏཱ་ཀཱ་སི་ཁཱ་ནི་དེའི་གྲས་ཀྱི་གཅིག་རེད། དེའི་ལྷོ་ཕྱོགས་ཀྱི་མི་ཁྲི་ཕྲག་མང་བོ་ཉེན་ཁའི་ཁྲོད་དུ་གནས་ཡོད། བསྟུད་མར་ཐན་པ་བྱུང་བ་ལས་མཱ་ཏཱ་ཀཱ་སི་ཁཱའི་མི་ས་ཡ་གཅིག་དང་འབུམ་གཅིག་ཙམ་གྱིས་ལྟོགས་སྡུག་ཚབས་ཆེན་མྱོང་བཞིན་ཡོད་ལ། དེའི་ནང་མི་ཁྲི་གཅིག་དང་སྟོང་བཞི་རིགས་མཚུངས་པའི་ལྟོགས་སྡུག་མྱོང་བའི་རྣམ་པར་གནས་ཡོད། ཚོད་དཔག་བྱས་ན་ད་ལོའི་ལོ་མཇུག་ལ་ཁ་གྲངས་དེ་ལྡབ་གཅིག་གིས་འཕར་ངེས་རེད། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་བརྒྱ་ཆའི་རེ་གསུམ་ལྷག་གི་མི་གྲངས་ཟིན་པའི་ཞིང་བས་ལྟོ་བ་ཕུད་ཐུབ་པ་ཙམ་ཡིན་ཡང་། ཐན་སྐྱོན་དབང་གིས་ཁོ་ཚོས་རང་ཉིད་ཀྱི་འཚོ་བ་དེ་རྒྱུན་སྐྱོང་དཀའ་བར་གྱུར་ཡོད། འབྲུ་རིགས་ཐོན་སའི་གནས་གཅིག་པུར་ཐན་སྐམ་གྱི་གནོད་པ་ཐེབས་ཡོད་པ་རེད།
ནམ་ཟླའི་འགྱུར་ལྡོག་གི་ཁར་འཁྲུག་རྩོད་ཚབས་ཆེན་བྱུང་བས། ད་ཡོད་ཀྱི་ཉམས་ཞན་རྣམ་པ་དེ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། གྱོང་གུད་དང་གཏོར་བརླག རེ་ཆད་བཅད་ཀྱང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་ཐལ་དྲགས་པའི་ནམ་ཟླའི་དོན་རྐྱེན་གྱིས་ས་དེའི་ཁྱིམ་ཚང་གི་མ་གཞི་ནས་ཉམས་ཞན་ཡིན་པའི་ཐོན་ཁུངས་ལ་གཏོར་བརླག་ཐེབས་པ་དང་། ཐ་ན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་སྡོད་ཁུལ་དུ་འབྱོར་བར་བཀག་རྒྱ་བཟོས་ཡོད། ཨ་ཧྥུའུ་ཧན་དུ་འཁྲུག་རྩོད་དང་དཔལ་འབྱོར་དཀའ་ཁག་ལས་བྱུང་བའི་ཐན་སྐྱོན་ཛ་དྲག་གིས་སུམ་ཆའི་གཅིག་གི་མི་གྲངས་ལྟོགས་སྐོམ་གྱི་གནས་སུ་ལྷུང་ཡོད་པ་རེད།
འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་བཤད་རྒྱུར། ང་ཚོས་བསྒྲུབ་དགོས་པ་ནི་ཉམས་ཉེན་བྱུང་རྗེས་ཀྱི་ཡ་ང་བའི་རྣམ་པ་དེ་བདག་བྱེད་པ་མ་ཡིན་པར། ནམ་ཟླའི་ཉེན་ཁར་དོ་དམ་བྱས་ཏེ། དེས་ཉམས་ཞན་ས་ཁུལ་གྱི་འབྲུ་རིགས་བདེ་འཇགས་ལ་གཏོར་བརླག་གཏོང་མི་ཐུབ་པར་བྱེད་དགོས། དེ་ནི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཆེད་ལས་ཀྱི་དམིགས་ཡུལ་ཡིན་ཟེར།
ནམ་ཟླའི་འགྱུར་ལྡོག་ལས་སྡོད་ཁུལ་གྱི་འབྲུ་རིགས་འདེབས་འཛུགས་དང་ཡོང་འབབ་འགན་སྲུང་། ཤུགས་རྐྱེན་སྔོན་འགོག་བཅས་ཀྱི་ནུས་པ་འཇིགས་ཉེན་བཟོས་ཡོད། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་སྡོད་ཁུལ་དག་ནམ་ཟླའི་འགྱུར་ལྡོག་འདི་འདྲར་འཚམ་པར་རོགས་རམ་བྱེད་བཞིན་ཡོད། མིག་སྔར་རྒྱལ་ཁབ་སོ་དགུའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། ཁོ་ཚོས་རྒྱལ་ཁབ་རང་གི་ནམ་ཟླའི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱས་ཡོད།
ཉིས་སྟོང་ཉི་ཤུ་ལོར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་རྒྱལ་ཁབ་ཉེར་བརྒྱད་ནས་ནམ་ཟླའི་ཉེན་ཁའི་དོ་དམ་གྱི་ཐག་གཅོད་ཇུས་གཞི་ལག་བསྟར་བྱས་ཏེ། ཁེ་ཕན་ཐོབ་པའི་མི་ས་ཡ་དྲུག་ལྷག་གིས་ནམ་ཟླའི་ཤུགས་རྐྱེན་ལས་བྱུང་བའི་གནོན་ཤུགས་སྔོན་འགོག་བྱེད་པར་རོགས་རམ་བྱས་ཡོད། འདས་པའི་ལོ་བཅུའི་ནང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ནམ་ཟླའི་འགུལ་སྐྱོད་ཐད་མེ་སྒོར་དུང་ཕྱུར་གསུམ་ཙམ་གྱི་མ་དངུལ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད།
ཨ་ཧྥེ་རི་ཁ་གླིང་གི་ཉེན་ཁའི་ནུས་པ་ལད་མོ་བྱེད་པའི་གྲོས་གཞིར་བརྟེན་ནས། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་མཉམ་ལས་གྲོགས་པོས་ནམ་ཟླའི་ཉེན་ཁའི་ཉེན་ཚབ་བེད་སྤྱད་དེ། མཱ་ལི་དང་མའོ་ལི་ཐཱ་ནི་ཡཱ། པུ་ཁི་ནཱ་ཧྥ་སོ། ཙེམ་པབ་ཝེ། ཀང་པུ་ཡཱ་བཅས་ཀྱི་མི་ས་ཡ་གཅིག་དང་འབུམ་ལྔ་ལྷག་ལ་གནོད་འཚེ་རང་བཞིན་གྱི་ཐན་སྐྱོན་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱས།