《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། 《ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས》
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་20པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
གསུང་རྩོམ་ནང་ནན་བཤད་གནང་དོན། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་གསར་པ་སྟངས་འཛིན་བྱས་ཏེ་མི་དམངས་ཡོངས་རིམ་བཞིན་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་བཏོད་ཡོད། ད་ལྟ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བར་ངེས་པར་དུ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཤུགས་རྒྱག་སར་བརྩིས་ནས་ཏང་གི་ཡུན་རིང་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
གསུང་རྩོམ་ནང་བསྟན་དོན། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་འགྱུར་ཡོང་བ་ཞིག་ཡིན་པ་ལས་མི་ཉུང་ཤས་ཕྱུག་འགྱུར་ཡོང་བ་ཞིག་མིན་ལ། གྲལ་འགྲིག་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཤིག་ཀྱང་མིན་པས་དུས་མཚམས་མི་འདྲ་བའི་དམིགས་ཚད་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དུས་མཚམས་དབྱེ་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
གསུམ་རྩོམ་ནང་བསྟན་དོན། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ལས་ཆོད་དང་དྲང་གཞག་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། ཐོག་མའི་བགོ་འགྲེམས་དང་། བསྐྱར་དུ་བགོ་འགྲེམས། བགོ་འགྲེམས་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ལེ་ལག་ཚང་བའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པ་དང་། ཁྲལ་འབབ་དང་། སྤྱི་ཚོགས་འགན་བཅོལ། སྤོ་སྒྱུར་གཏོང་སྤྲོད་སོགས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་དང་། ཡོང་འབབ་འབྲིང་གྲས་ཚོགས་སྤྱིའི་བསྡུར་ཚད་མང་དུ་གཏོང་བ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་མང་དུ་གཏོང་བ། ཡོང་འབབ་མཐོ་རིགས་ལ་སྙོམས་སྒྲིག་ལུགས་མཐུན་བྱེད་པ། ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ་བཅས་བྱས་ཏེ། ཡོང་འབབ་འབྲིང་གྲས་མང་བ་དང་ཡོང་འབབ་ཉུང་བ་དང་མང་བའི་གྲས་ཉུང་བའི་སྐྱུ་རུ་རའི་དབྱིབས་ཀྱི་བགོ་འགྲེམས་རྣམ་པ་ཆགས་པར་བྱས་ནས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་ཕྱོགས་ཡོངས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དམིགས་ཚད་ཕྱོགས་སུ་ཏན་ཏིག་ངང་སྐྱོད་ཐུབ་པ་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་སྤྱིའི་ཐ་སྙད་ཅིག་ཡིན་པ་དང་སྤྱི་ཚོགས་ཡོངས་ལ་མཚོན་ན་སྤྱི་ཡོངས་ནས་བལྟ་དགོས་པ་ཞིག་རེད། ང་ཚོས་མི་འབོར་དུང་ཕྱུར་14ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། དེ་ནི་མི་ཚང་མ་དུས་གཅིག་ཏུ་ཕྱུག་པོར་འགྱུར་བ་ཞིག་མིན་ལ། ས་ཁུལ་ཡོད་ཚད་དུས་གཅིག་ཏུ་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེའང་མིན། མི་ཚོགས་མི་འདྲ་བ་རྣམས་ཕྱུག་པོར་འགྱུར་བའི་ཚད་གཞི་མཐོ་དམན་ཡོད་ལ། དུས་ཚོད་ཐད་ལའང་སྔ་ཕྱི་ཡོད་པ་དང་། ས་ཁུལ་མི་འདྲ་བའི་དབར་ཕྱུག་པོར་འགྱུར་ཚད་ཐད་ད་དུང་ཁྱད་པར་ངེས་ཅན་ཡོད་པས་སྡེབ་གཅིག་ལ་ཕྱུག་པོར་འགྱུར་བ་ཡོང་མི་སྲིད། དེ་ནི་བབ་བསྟུན་ཁྲོད་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས།