ཉག་ཆུ་རྫོང་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-19
ཞིང་ཆེན་དང་ཁུལ་གྱི་ཉེན་མེད་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་གྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་ཆོད་མཐོན་པོའི་དོན་གཉེར་བྱ་ཆེད། ཉེ་ཆར་ཉག་ཆུ་རྫོང་གིས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་ནས་ནགས་ཚལ་དང་རྩྭ་ཐང་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།
རྫོང་དེའི་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་ལས་དོན་ཚོགས་ཆུང་དོ་དམ་སྲུང་སྐྱོང་རུ་ཁག་བཙུགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་ཧུར་ཐག་སྤེལ་བ་རེད། དོ་དམ་སྲུང་སྐྱོང་མི་སྣ་དང་དྲིལ་བསྒྲགས་རླངས་འཁོར་གྲོང་སྡེ་དང་། ནགས་ཁུལ་དུ་ཨར་ལས་བྱེད་མཁན་ཁེ་ལས། རྒྱལ་སྲུང་གཞུང་ལམ215པའི་མཛེས་ལྗོངས་ལ་ལྟ་སའི་སྟེགས་བུ་དང་རླངས་འཁོར་འཇོག་ས། ཆོས་ལུགས་དགོན་སྡེ། ཧོར་ལུང་ཁོག་གི་མཛེས་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར། མེ་ཟོན་སྤྱི་ཕན་བརྡ་ཁྱབ150ལྷག་ཙམ་སྦྱར་བ་དང་ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་ཚོར་ནགས་ཁུལ་དུ་སྐྱོད་པའི་མེ་ཟོན་དྲིལ་བསྒྲགས་ཤོག་བྱང300ལྷག་ཙམ་བཀྲམ། འགྲོ་སྐྱོད་བྱེད་མཁན་རླངས་འཁོར70ལྷག་ཙམ་ལ་ཞིབ་བཤེར་བྱས་ཤིང་། རླངས་འཁོར་ཐོག་གི་དུང་བརྡ་ཆེན་པོས་དྲིལ་བསྒྲགས་བྱས་པའི་ཐེངས་གྲངས14ལྷག་ཙམ་ལ་ཟིན་པ་རེད།
དེ་དང་ཆབས་ཅིག། ལས་དོན་ཚོགས་ཆུང་གིས་དོ་དམ་སྲུང་སྐྱོང་རུ་ཁག་དང་ས་གནས་དེ་གའི་མི་དམངས་སྲིད་གཞུང་། དོ་དམ་ཁོངས་གཏོགས་ཀྱི་ཨར་ལས་སྡེ་ཚན་ཁག་དང་སློབ་གྲྭ་སོགས་ལ་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མཉམ་འགོག་མཉམ་བཅོས་ཀྱི་འགན་འཁྲིའི་ཡི་གེ8བཞག་པ་རེད། དུས་མཉམ་དུ་འཛུགས་དགོས་ངེས་ཀྱི་རྩ་དོན་ལྟར་གནས་སྐབས་ཞིབ་བཤེར་བྱེད་ས3གསར་དུ་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། སྒ་རྗེ་གྲོང་རྡལ་དང་ས་དམར་ཡུལ་ཤོག་མི་དམངས་སྲིད་གཞུང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས2021ལོ་ནས2022ལོའི་བར་གྱི་གནས་སྐབས་གདན་ཞུ་བྱས་པའི་གྲོང་གསེབ་ཀྱི་ནགས་སྲུང་བ་གདམ་གསེས་དང་གདན་ཞུས་བཀོལ་སྤྱོད་ལས་དོན་སྤེལ་ནས། གང་མགྱོགས་སྒོས་མི་སྣ་སྐོར་ཞིབ་སྲུང་སྐྱོང་དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། དོ་དམ་སྲུང་སྐྱོང་ས་ཁོངས་ནང་གི་དམིགས་ཡུལ་གལ་ཆེན་དང་།གཙོ་གནད་སྒྲིག་བཀོད།མཛེས་ལྗོངས་ཁུལ་སོགས་ཀྱི་འབྱུང་རྩ་དང་མི་མངོན་པའི་རྐྱེན་ངན་མཐིལ་རྟོགས་དང་གསེད་བཀྲོལ་བྱས་ཏེ། བཅོས་སྒྲིག་བྱ་ཐབས་བཟོས་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཧུར་ཐག་སྒོས་བསལ་ཡོད་པ་རེད། ནགས་ཁུལ་བརྒྱུད་པའི་གློག་སྐྱེལ་གློག་སྒྱུར་གྱི་སྐུད་ལམ་དང་། དོ་དམ་ཁོངས་གཏོགས་ཀྱི་མི་སྣ་གྲས་ལྔ། གྲོང་སྡེ་ཁག(དགོན་སྡེ)གི་བསང་གཏོང་ས་ཚུགས་ཀྱི་ཐོ་འགོད་རྩིས་ཁྲ4བཅས་བཟོས་ནས་འཐུས་ཚང་དུ་བཏང་ཡོད། འགན་འཁུར་མི་སྣའི་བར་མཚམས་མི་ཆད་པར་དུས་བཀག་ལྟར་སྐོར་ཞིབ་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ནགས་ཚལ་ཐོན་ཁུངས་དང་མི་སྣའི་ཉེན་མེད་འགན་ལེན་བྱས་པ་རེད།།