ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-19
དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་100འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལོ་ངོ་100ཡི་རིང་གནའ་རྫས་རྟོག་ཞིབ་པ་མི་རབས་ཁ་ཤས་ཀྱིས་ དཀའ་སྤྱད་ལས་སྒྲུབ་དང་འབད་བརྩོན་ལྷོད་མེད་གནང་ནས་གནའ་རྫས་རྟོག་ཞིབ་ཐད་ཤེས་རྟོགས་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ཅིང་། དེའི་ཐོག་ནས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་། འཕེལ་རྒྱས་འགྲོ་རིམ། འོད་སྟོང་འཕྲོ་བའི་གྲུབ་འབྲས། འཛམ་གླིང་གི་ཤེས་དཔལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་མཚོན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ལ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་བྱ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་རྒྱ་ཆེའི་གནའ་རྫས་རྟོག་ཞིབ་ལས་དོན་པས་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། གཟབ་ནན་བདེན་འཚོལ་དང་། དཀའ་སྤྱད་འབད་བརྩོན། ལས་བཀུར་སྐྱེས་འབུལ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མུ་མཐུད་དུ་ཤེས་མེད་པའི་གནས་འཚོལ་ཞིབ་དང་གཞི་ཁུངས་གསལ་སྟོན་གནང་སྟེ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་སྣང་། ཀྲུང་གོའི་འགྱིང་ཉམས་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་ཧུར་ཐག་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་ཉམས་བཟང་སྟོན་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་བྱུང་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཚེས་17ཉིན་ཧོ་ནན་ཞིང་ཆེན་སན་མོན་ཞྭ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། རྒྱལ་ཁབ་རིག་དངོས་ཅུད། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་ཡོད། སྤྱི་ལོ་1921ལོའི་ཟླ་10པར། ཧོ་ནན་ཞིང་ཆེན་གྱི་མན་ཁྲི་རྫོང་གི་དབྱང་ཧྲའོ་གནའ་ཤུལ་སྔོག་འདོན་ཐུབ་པ་དང་། དེ་ནས་བཟུང་ཀྲུང་གོའི་དེང་རབས་གནའ་དཔྱད་རིག་པའི་འགོ་བརྩམས་ཡོད་པ་རེད།