ཨུ་རུ་སི་དཀར་པོས་ཧྥ་རན་སིར་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་ནས་གྲོས་མོལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀི་ལཱ་ཙི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སིར་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ནས་གྲོས་མོལ་བྱས་ཟེར། 
        ཀི་ལཱ་ཙི་ཡིས་ཉིན་དེར་ཨུ་རུ་སི་དཀར་པོར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་ཏི་ལཱ་ཁི་སི་ཐི་ཕྱིར་ཧྥ་རན་སིར་ལོག་པའི་གནད་དོན་ཐད་ནས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཏི་ལཱ་ཁི་སི་ཐི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པར་གཞུང་ཚབ་ཆེན་མོའི་ཐོབ་ཐང་གིས་ཨུ་རུ་སི་དཀར་པོར་ཡོང་བ་དང་། ལོ་དེའི་ཟླ་བཅུ་གཉིས་པར་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ལ་རྒྱལ་ཡིག་དཔར་མ་སྤྲད། གཞུང་ཚབ་པ་དེས་རྗེས་སུ་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡོངས་ཁྱབ་ཏུ་ཁས་ལེན་པའི་བྱེད་ཐབས་ཀྱིས་རང་གི་ལས་འགན་ཁུར་བའི་ལས་རིམ་ཡོངས་འགྲུབ་བྱེད་རྩིས་མེད་ཟེར། 
        ཀི་ལཱ་ཙི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོས་ཧྥ་རན་སིའི་ཕྱོགས་ལ་ཨུ་རུ་སི་དཀར་པོའི་ཏི་ལཱ་ཁི་སི་ཐི་ཡིས་ལས་འགན་ཁུར་བར་འཐད་པ་ཡིན་པའི་ཆོག་མཆན་དུས་ལས་བདའ་ཡོད་པར་བརྡ་མི་གཏོང་ཐབས་མེད་ཡིན། དེའི་ཞོར་དུ་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སི་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་ནས་གྲོས་མོལ་བྱས་པ་ཡིན་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་གི་གཞུང་ཚབ་པ་ཕྱིར་བོས་པ་དེ་ཐབས་ཟད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཚོགས་པས་ཕྱོགས་ཡོངས་ནས་འཁོར་རྒྱུག་བྱེད་པའི་ཆུ་ཚད་སླར་གསོ་ཐུབ་པའི་རེ་བ་ཡོད་ཟེར། 
        ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་གི་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁས་ལེན་མི་བྱེད་པར་གཞིགས་ནས། ཨུ་རུ་སི་དཀར་པོར་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་པས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་རྒྱལ་ཡིག་མ་སྤྲད་པར་བསྡད་པ་དང་། ཕྱི་འབྲེལ་གྱི་རྒྱུན་སྲོལ་ལྟར་དུ་རྒྱལ་ཡིག་དཔར་མ་དེ་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ལ་སྤྲད་པ་ཡིན་ལ། ཨུ་རུ་སི་དཀར་པོས་དེའི་དབང་གིས་ཕྱོགས་གཅིག་གི་ཆོད་དོན་སྤེལ་ཏེ་ཏི་ལཱ་ཁི་སི་ཐི་རང་གི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་པ་རེད་ཟེར། 
        སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཉེ་སྔོན་ཨུ་རུ་སི་དཀར་པོར་སྡོད་པའི་ཧྥ་རན་སིའི་ཕྱི་འབྲེལ་ལས་ཁུངས་ལ་ཚོད་འཛིན་བྱེད་པའི་བྱ་འགུལ་སྤེལ་བར་དམིགས་ཏེ། ཧྥ་རན་སིའི་ཕྱོགས་ཀྱིས་ཧྥ་རན་སིར་སྡོད་པའི་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་ལས་ཁུངས་ལ་དགོས་ངེས་ཀྱི་ཚོད་འཛིན་བྱེད་ཐབས་སྤྱད་པ་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1