——ཨ་རིས་པྲོག་གསར་ནད་དུག་གི་ཁུངས་འདེད་ལ་ཆབ་སྲིད་ཀྱི་ཐེ་ཚོགས་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་དུ་སྐྱོན་བརྗོད་བྱས་པ།
ཨ་རིས་པྲོག་གསར་ནད་དུག་གི་ཁུངས་འདེད་པའི་གནད་དོན་ཐད་ནས་བདེན་རྫུན་གོ་ལྡོག་ཅིང་དཀར་ནག་གི་དབྱེ་བ་མེད་ལ། རྒྱུན་ཆད་མེད་པར་རིམས་ནད་ཆབ་སྲིད་ཅན་དང་ནད་དུག་མིང་ངན་ཅན། ཁུངས་སྐྱེལ་ལག་ཆ་ཅན་དུ་བསྒྱུར་ཏེ། གོ་ལ་ཡོངས་ཀྱི་རིམས་འགོག་མཉམ་ལས་ལ་གྲིབ་ནག་གཡོགས་ཤིང་། རྒྱལ་སྤྱིའི་ཁུངས་འདེད་ཞིབ་འཇུག་མཉམ་ལས་ལ་འགལ་རྐྱེན་ཚབས་ཆེན་བཟོས། ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་དང་ཡོན་ཏན་པ་སོགས་ཀྱིས་ཨ་རིའི་ཕྱོགས་ལ་ཚན་རིག་ལ་བརྩི་སྲུང་དང་ཀྲུང་གོར་ཉེས་འགེལ་ཕར་རྒོལ་བྱེད་མཚམས་འཇོག་པ། ནད་དུག་ཁུངས་འདེད་ལ་ཆབ་སྲིད་ཀྱི་ཐེ་གཏོགས་བྱེད་མཚམས་འཇོག་པ་བཅས་ཀྱི་འབོད་སྐུལ་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་འོས་པ་ནན་གྱིས་བསྟན།
“པྲོག་གསར་ནད་དུག‘ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བ’འུད་སྒྲོག་བྱེད་པ་ནི་བྱུར་ཉེས་ཀྲུང་གོའི་སྟེང་དུ་འདེད་པའི་བསམ་ངན་ཡིན།”
གསར་འགྱུར་སྟེང་བཀོད་པ་ལྟར་ན། རྒྱུས་མངའ་ཡོད་མཁན་གྱིས་བཤད་དོན། ཨ་རིའི་གསང་འཕྲིན་སྡེ་ཁག་གིས་སྣེ་ཁྲིད་པའི་པྲོག་གསར་ནད་དུག་གི་ཁུངས་འདེད་བརྟག་དཔྱད་ལ་མིག་སྔར་དོན་དམ་གྱི་འཕེལ་ཚུལ་ཅི་ཡང་མེད་མོད། འོན་ཀྱང་ཨ་རིས་སྔར་བཞིན་དུས་ལྟར་སྙན་ཞུ་ཁྱབ་སྒྲོག་བྱེད་པར་མ་ཟད། སྙན་ཞུའི་ནང་ནད་དུག་ནི་ཝུའུ་ཧན་གྱི་ནད་དུག་ཞིབ་འཇུག་ཁང་ནས་ཡོང་བའི་བསླུ་བྲིད་རང་བཞིན་གྱི་སྡོམ་ཚིག་ཧམ་བཤད་བྱ་རྩིས་ཡོད་པ་རེད། དེ་དང་མཉམ་དུ། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནོན་ཤུགས་སྤྲད་དེ་གང་མགྱོགས་སྒོས་ཀྲུང་གོར་ཁུངས་འདེད་པའི་དུས་རིམ་གཉིས་པ་མགོ་རྩོམ་དགོས་ཚུལ་བཤད་པར་མ་ཟད། མནའ་གྲོགས་བསྡུ་རུབ་བྱས་ཏེ་དགོས་ངེས་ཀྱི་སྐབས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྒྲོམ་གཞིའི་ཕྱི་ནས་ཕྱོགས་གསུམ་པའི་རང་ཚུགས་བརྟག་དཔྱད་ཟེར་པ་ཞིག་སྐུལ་འདེད་གཏོང་བའི་བསམ་ངན་བཅངས་ཡོད།
ཨུ་རུ་སུའི་ནད་དུག་རིག་པ་བ་དང་མོ་སི་ཁོ་རྒྱལ་བཙུགས་སློབ་ཆེན་གྱི་སྐྱེ་དངོས་ཚན་རིག་གི་དགེ་རྒན་ཆེན་མོ་ཨ་ལིའེ་ཁེ་ཞིའེ·ཨ་ཀེ་ལ་ནུའོ་ཧྥུའུ་སི་ཅི་ཡིས་རང་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཐད་ཀར་བརྗོད་དོན། ཨ་རིའི་ཕྱོགས་ནས་མིག་སྔར་ཁྱབ་སྤེལ་བྱས་པའི་ནད་དུག་ཁུངས་འདེད་སྐོར་གྱི་སྙན་ཞུ་ནི་ཆབ་སྲིད་ཀྱི་རོལ་རྩེད་རྐྱང་རྐྱང་ཡིན་ལ་ཚན་རིག་དང་འབྲེལ་བ་མི་འདུག “དེའི་ནང་དུ་སྙན་ཞུ་འདི་ནི་གཞན་བརྒྱུད་གཞི་གྲངས་དང་སྨྱད་བྱེད་སྙན་ཞུ་ལ་གཞིགས་ནས་བརྩམས་གྲུབ་པ་ཡིན་ཞེས་གསལ་པོར་བསྟན་འདུག ང་ལ་ཨ་རིའི་སྲིད་ཚོང་པར་པྲོག་གསར་ནད་དུག་ནི་ཚོད་ལྟ་ཁང་ནས་ཕྱིར་གྱར་བར་རྒྱབ་སྐྱོར་བྱེད་ཐུབ་པའི་གཞི་གྲངས་གསར་པ་ཅི་འདྲ་ཐོབ་ཡོད་མེད་སྐོར་ནས་ཐེ་ཚོམ་ཡོད།” ཨ་ཀེ་ལ་ནུའོ་ཧྥུའུ་སི་ཅི་ཡི་ལྟ་ཚུལ་ནི། ཨ་རིས་ནད་དུག་ཁུངས་འདེད་ཀྱི་གནད་དོན་ཐད་ནས་ཀྲུང་གོར་ཁག་འགེལ་བྱེད་པར་ཚན་རིག་གི་གཞི་འཛིན་ས་མེད་ཅིང་། དེ་ནི་ཆབ་སྲིད་ཐད་ཀྱི་བསམ་གཞིགས་བྱེད་སྟངས་ཤིག་དང་། ཨ་རིའི་མང་ཚོགས་ཀྱིས་སྲིད་གཞུང་གི་རིམས་འགོག་ནུས་པ་ཞན་པར་དོ་སྣང་བྱེད་ཚུལ་དེ་ཕྱོགས་གཞན་དུ་བསྒྱུར་ཆེད་རེད།
“ཨ་རིས་པྲོག་གསར་ནད་དུག‘ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བ’འུད་སྒྲོག་བྱེད་པ་ནི་བྱུར་ཉེས་ཀྲུང་གོའི་སྟེང་དུ་འདེད་པའི་བསམ་ངན་ཡིན།” ཨུ་རུ་སུའི་ཡེ་ཁ་ཅེ་ལིན་པའོ་ནད་དུག་འགོས་ནད་ཚན་རིག་ཞིབ་འཇུག་གླིང་གི་གླིང་གཙོ་ཡ་ལི་ཧྲན་ཏ·ཞེ་མིའོ་ནུའོ་ཧྥུའུ་ཡིས་བསྟན་དོན། “ཨ་རི་ཡིས་མཚམས་མི་ཆད་པར‘པྲོག་གསར་ནད་དུག་ཀྲུང་གོའི་ཚོད་ལྟ་ཁང་ནས་བྱུང་བར’སྐྱོན་བརྗོད་བྱེད་པ་ནི་རྦད་དེ་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལ་གཞིགས་པ་རྐྱང་རྐྱང་རེད།”
པ་ཞིའི་འགོས་ནད་མཐུན་ཚོགས་ཀྱི་འགོས་ནད་རིག་པ་བ་ཨའེ་ལི་ཨན་ན·པི་ཁུའུ་ཏུའོ་ཡིས་རང་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ནན་གྱིས་བསྟན་དོན། པྲོག་གསར་ནད་དུག་ཁུངས་འདེད་ནི་གཟབ་ནན་ཅན་གྱི་ཚན་རིག་གི་གནད་དོན་ཞིག་ཡིན་པས། ངེས་པར་ཚན་རིག་དང་ཆེད་ལས་ཀྱི་ཟུར་ངོས་ནས་ཐག་གཅོད་བྱེད་འོས་པ་ལས། ཆབ་སྲིད་ཀྱིས་ཐེ་གཏོགས་བྱེད་མི་རུང་། ཨ་རིས་གནད་དོན་འདི་ཉིད་ཆབ་སྲིད་ཅན་དུ་བསྒྱུར་པ་ནི་ཚན་རིག་ལ་བརྩི་སྲུང་མ་བྱས་པའི་མཚོན་ཚུལ་ཡིན་ལ། གནད་དོན་ཐག་གཅོད་པའི་ཐད་ནས་དགེ་མཚན་ཅན་གྱི་ཤུགས་རྐྱེན་གང་ཡང་བཟོ་མི་སྲིད།
པ་ཞི་བྱང་ཤར་རྒྱུད་མཉམ་འབྲེལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཚན་རིག་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་བ་སྨི་ཀེ་ཨེར·ཉི་ཁེ་ལའེ་ལི་སི་ཡིས་བསྟན་དོན། “ཨ་རིའི་སྲིད་ཚོང་པས་ཚན་རིག་གི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་པ་ཡིས་གནོད་རྐྱེན་ཚབས་ཆེན་བཟོ་སྲིད་ལ། ཕན་པ་ཅི་ཡང་ཐོགས་མི་སྲིད།”
ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་ཆེད་མཁས་པ་ཁ་ཝུན་སི·ཨ་ཏེ་ཞི་ཨེར་གྱིས་རང་ཚགས་པར་གྱི་གསར་འགོད་པར་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཆེད་མཁས་རུ་ཁག་སྔ་གཞུག་ཐེངས་གཉིས་ལ་ཀྲུང་གོར་ཡོང་ནས་ཁུངས་འདེད་ཞིབ་འཇུག་གི་འབྲེལ་ཡོད་བྱ་བ་བསྒྲུབས་པ་དང་། ཕྱོགས་གཉིས་ཀས་མཉམ་འབྲེལ་སྒོས་ཀྲུང་གོ—འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པྲོག་གསར་ནད་དུག་ཁུངས་འདེད་སྐོར་གྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུ་ཞེས་པ་ཁྱབ་སྒྲོག་བྱས་ཏེ། ཐེངས་རྗེས་མར་གོ་ལ་ཡོངས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་མང་པོ་དང་ས་གནས་མང་པོས་མཉམ་དུ་ཁུངས་འདེད་ཞིབ་འཇུག་བྱེད་པར་ཁ་ཕྱོགས་གསལ་པོ་བསྟན། སྙན་ཞུ་དེ་ལས་བཤད་པ་ནང་བཞིན། པྲོག་གསར་ནད་དུག་ཁུངས་འདེད་ཀྱི་བྱ་བ་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་རྒྱ་བསྐྱེད་འོས་ལ། མིག་སྔར་ཆོད་གཏམ་འདིར་མི་འཐད་པའི་དབང་གྲགས་ཅན་གྱི་ཚན་རིག་ཞིབ་འཇུག་གཞན་ཅི་ཡང་མེད། ཡང་བསྐྱར་བརྟག་དཔྱད་ཀྱི་གཙོ་གནད་ཀྲུང་གོར་བཞག་པ་ནི། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་སྔ་བཞག་པའི་སྡོམ་ཚིག་དང་རྒྱབ་འགལ་དུ་སོང་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡིད་རྟོན་དང་མཚན་སྙན་ལ་གནོད་པ་བཟོ་སྲིད་པ་དང་། ཐ་ན་རྩ་འཛུགས་འདིའི་མིག་སྔར་དང་མ་འོངས་པའི་བྱ་བའི་འཆར་གཞི་གཞན་དག་ལའང་ཉེན་ཁ་བཟོ་སྲིད།
“གཞན་ལ་ལེ་བདའ་བྱེད་པ་ནི་ནམ་ཡང་མེ་ལོང་ལ་བལྟ་བའམ་གས་ཁ་ཤོར་བའི་རང་སེམས་ལ་ཞིབ་དཔྱད་བྱེད་པ་ལས་སླ་པོ་ཡོད།”
ཨེ་ཅིབ་ཀྱི་རྒྱལ་གཅེས་ལས་འགུལ་ཏང་གི་ཀྲུའུ་ཞི་ལ་ཝུའུ་ཧྥུའུ་ཡིས་རང་ཚགས་པར་གྱི་གསར་འགོད་པར་བརྗོད་དོན། ཨ་རིའི་སྲིད་ཚོང་པ་རེ་འགའ་ཡིས་ནད་དུག་ཁུངས་འདེད་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་བསམ་གནག་གིན་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཁོ་ཚོས་འདི་ནི་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བཟོ་བའི་གོ་སྐབས་ཤིག་ཡིན་པར་བསམ་ཡོད། “ཆབ་སྲིད་ཚོགས་ཁག་གིས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཆེད་ཡིན་པ་ནི་ཧ་ཅང་མངོན་གསལ་རེད། ནད་དུག་ཁུངས་འདེད་བྱ་བར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་ཐག་ཆོད་ཐུབ།”
ཨ་ཏེ་ཞི་ཨེར་གྱིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲུང་ཡིག་ཁྲུའུ་ཡིས་ཀྲུང་གོ་འདུས་པའི་ཚོགས་ཞུགས་རྒྱལ་ཁབ་ལ་གྲོས་མོལ་འདང་ངེས་མ་བྱས་པའི་གནས་ཚུལ་འོག་ཏུ་ཁུངས་འདེད་དུས་རིམ་གཉིས་པའི་བྱ་བའི་འཆར་གཞི་བཏོན་ལ། འདི་ལས་ཨ་རི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། བཙན་ཤུགས་ཀྱིས་རྩ་འཛུགས་འདིའི་བྱ་བའི་འཆར་གཞི་ཨ་རིའི་ཁེ་ཕན་དང་འཚམ་པར་བྱེད་བཞིན་ཡོད་པ་མཚོན། དེ་བཞིན་དུ། དེ་སྔ་ཝུའུ་ཧན་ལ་ཡུལ་དངོས་རྟོག་ཞིབ་དུ་ཡོང་བའི་ཆེད་མཁས་པ་བརྗེ་འཐེན་བྱས་པར་ཡང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱས་པའི་རྗེས་ཤུལ་མངོན་ཡོད། བྱེད་སྟངས་འདི་དག་གིས་ཆབ་སྲིད་ཚན་རིག་གི་གོང་དུ་བཞག་འདུག ཨ་རི་སྲིད་གཞུང་གིས་ཨ་རིའི་གསང་འཕྲིན་ལས་ཁུངས་ལ་ཟླ8པའི་ཟླ་སྨད་ཚུན་ལ་པྲོག་གསར་ནད་དུག་གི་མགོ་ཁུངས་ལ་བརྟག་དཔྱད་ཐུབ་དགོས་པའི་བཀའ་ཕབ་ཡོད་པ་རེད། ཁོས་ནན་གྱིས་བསྟན་དོན། གསང་འཕྲིན་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་པྲོག་གསར་ནད་དུག་ཁུངས་འདེད་བརྟག་དཔྱད་བྱེད་པ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་བྱེད་མི་སྲིད། པྲོག་གསར་ནད་དུག་ཁུངས་འདེད་བྱ་བ་ནི་ཚན་རིག་གི་སྙིང་སྟོབས་ལྟར་དུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་ཆབ་སྲིད་ཅན་ལས་གཡོལ་ཐབས་བྱེད་འོས།
“ད་ལྟ་ནི་ཚན་རིག་པས་བཤད་དེ་སྲིད་ཚོང་པ་དག་གིས་ཉན་འོས་པ་རེད།” ཀྲུང་གོ-འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་པྲོག་གསར་ནད་དུག་ཁུངས་འདེད་ཞིབ་འཇུག་མཉམ་འབྲེལ་ཆེད་མཁས་ཚོགས་ཆུང་གི་ཚོགས་མིའམ་སྲོག་ཆགས་རིག་པ་བ་ཏ་ཀྲ་ཁེ་ཡིས་བསྟན་དོན། རིམས་ནད་སྔར་བཞིན་མཆེད་ཀྱིན་ཡོད་ལ། མི་རྣམས་ཀྱིས་སྲིད་ཚོང་པ་འགའ་དང་ལྷག་པར་དུ་ཨ་རིའི་སྲིད་ཚོང་པ་དག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འགོག་རྐྱེན་མ་བཟོས་པར་མུ་མཐུད་ནས་བྱ་བ་སྒྲུབ་ཐུབ་པར་རེ་ལྟོས་འཆང་ཡོད།
ཨ་རིའི་པིན་ཞི་ཧྥ་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆིའོ་ན་སིན·ཆི་མོ་མན་གྱིས་ཉེ་ལམ《ཧྭ་ཧྲིན་ཏུན་སྦྲགས་ཡིག》དྲ་ཚིགས་སྟེང་དུ་རྩོམ་ཡིག་བཀོད་ནས་བསྟན་དོན། རིམས་ནད་འབྱུང་ཐེངས་རེ་ལ། ཨ་རི་ཡིས་འགན་འཁྲི་གཞན་ལ་དཀྲི་བའི་སྒྲུབ་སྟངས་འདི་ནི་སྔོན་ཆད་ནས་ཡོད་པ་རེད། རྩོམ་ཡིག་ལས་བསྟན་དོན། ཨ་རི་ཡིས་ནམ་རྒྱུན་རིམས་ནད་ཐམས་ཅད་ཕྱི་མི་དང་འབྲེལ་བ་ཡོད་པར་སྒྲུབ་ཅིང་། ཁོ་ཚོ“སྟབས་བདེ་བའི་གླུད་གཟུགས”སུ་བརྩིས་ཏེ། ཨ་རི་ཡི་ནད་ཡམས་དང་ཤི་འདས་ཀྱི་འགན་འཁྲི་མེད་པར་བཟོ་བ་རེད། ཁོས་རྩོམ་ཡིག་གི་མཇུག་ཏུ་བརྗོད་དོན། “ང་ཚོ་དགྲ་བོར་འཕྲད་ཡོད་ཅིང་། དགྲ་བོ་དེ་ནི་ང་ཚོ་རང་ཉིད་རེད། འོན་ཀྱང་གཞན་ལ་ལེ་བདའ་བྱེད་པ་ནི་ནམ་ཡང་མེ་ལོང་ལ་བལྟ་བའམ་གས་ཁ་ཤོར་བའི་རང་སེམས་ལ་ཞིབ་དཔྱད་བྱེད་པ་ལས་སླ་པོ་ཡོད།”
“ནད་དུག་ཁུངས་འདེད་བྱ་བ་དེ་གོ་ལ་ཡོངས་ཀྱི་ཁྱབ་ཁོངས་ནས་སྤེལ་དགོས། ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་ལ་བརྟག་བཤེར་བྱེད་པ་ཡང་དེར་འདུས་ཡོད།”
ཏ་ཀྲ་ཁེ་ཡིས་བསྟན་དོན། སྔར་ལས་མང་བའི་ཞིབ་འཇུག་ལས་གསལ་པོར་བསྟན་དོན། ཝུའུ་ཧན་ནས་རིམས་ནད་མ་བྱུང་བའི་སྔོན་ལ། ཡོ་རོབ་གླིང་དང་མེ་གླིང་དུ་པྲོག་གསར་ནད་དུག་འགོས་པའི་ནད་རྟགས་ཅན་གྱི་མི་བྱུང་ཡོད། ནད་དུག་ལ་རྒྱལ་ཁོངས་མེད་ཅིང་། འགན་འཁུར་ཐུབ་པའི་ཚན་རིག་པ་ཞིག་གི་ངོས་ནས། ཁུངས་འདེད་བྱ་བའི་ཁྲོད་དུ་མཉམ་ལས་དང་དྲང་གཞག སྒོ་འབྱེད། དྭངས་གསལ་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དགོས་ཤིང་། “ཚན་རིག་མཁོ་བ་ལས་སྐྱོན་བརྗོད་མི་དགོས།” ཨ་རིའི་སྲིད་ཚོང་པས་བཤད་པའི“ཝུའུ་ཧན་ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བ”ནི་ཧ་ཅང་འགན་མི་འཁུར་བ་ཞིག་རེད།
ཨུ་རུ་སུའི་ཚན་རིག་གླིང་སྐྱེ་དངོས་རིག་པའི་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཚན་རིག་པ་ཨ་ལའེ་ཁེ་ཞའེ·ཅེ་དབྱི་ཅིན་ནི་སྐྱེ་དངོས་ཕྲ་རབ་ཀྱི་གཞི་རྒྱུ་བསྐྱར་སྒྲིག་ལ་ཞིབ་འཇུག་བྱས་ནས་ལོ་ངོ15འགོར་ཡོད་པ་ཞིག་ཡིན་ལ། ཁོས་བལྟས་ན“ནད་དུག་ཁུངས་འདེད་བྱ་བ་དེ་གོ་ལ་ཡོངས་ཀྱི་ཁྱབ་ཁོངས་ནས་སྤེལ་དགོས། ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་ལ་བརྟག་བཤེར་བྱེད་པ་ཡང་དེར་འདུས་ཡོད།” “ཨ་རི་ནི་འཛམ་གླིང་སྟེང་གི་སྐྱེ་དངོས་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པ་ཡིན་ལ། ཉེ་བའི་ལོ་འགར། ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་དུ་དོན་རྐྱེན་ཐེངས་མང་བྱུང་མྱོང་ལ། ཨ་རིའི་ཕྱོགས་ནས་ངེས་པར་དུ་རང་ངོས་ནས་སྐྱེ་དངོས་ཚན་རྩལ་ཞིབ་འཇུག་བྱ་འགུལ་ལ་ཇི་ལྟར་དོ་དམ་ཚོད་འཛིན་བྱེད་པའི་ཐད་མི་རྣམས་ལ་གསལ་བཤད་བྱེད་དགོས།” ཅེ་དབྱི་ཅིན་གྱིས་བསྟན་དོན། ཨ་རི་ཡིས《སྐྱེ་དངོས་མཚོན་ཆ་འགོག་སྡོམ་སྤྱི་ཆིངས》ཀྱི་སྒྲོམ་གཞིའི་འོག་ཏུ་ཞིབ་བཤེར་ནང་རྐྱེན་འཛུགས་པར་ངོ་རྒོལ་བྱས་ལ། དེ་དང་མཉམ་དུ་སྤྱི་ཆིངས་ཀྱིི་ལྟ་སྐུལ་དོ་དམ་བྱེད་དཀའ་བའི“སྐྱ་མདོག་ས་ཁུལ་དང་རྒྱལ་ཁབ”ཏུ་སྐྱེ་དངོས་ཚོད་ལྟ་བྱས། རྒྱལ་ཁབ་མང་པོར་བྱུང་བའི་དུས་སྔ་མོའི་དོགས་ཡོད་ནད་དཔེ་ལ་ཞིབ་འཇུག་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། 2019ཡི་ལོ་མཇུག་ཏུ། རྒྱལ་ཁབ་རེ་འགར་པྲོག་གསར་ནད་དུག་འགོས་པའི་ནད་དཔེ་བྱུང་ཡོད་ཤས་ཆེ། ཡིན་ཡང་སྐབས་དེར་མི་རྣམས་ཀྱིས་ཤེས་རྟོགས་བྱས་མེད།
ཐན་ཙན་ནི་ཡའི《སྲུང་སྐྱོབ་ཚགས་པར》གྱི་རྒྱལ་སྤྱི་པར་མའི་གཙོ་སྒྲིག་པ་པུན་ཅེ་མིང·མའེ་ཀེ་ན་ཡིས་རང་ཚགས་པར་གྱི་གསར་འགོད་པར་བསྟན་དོན། ཀྲུང་གོས་མགོ་མཇུག་བར་གསུམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ནད་དུག་ཁུངས་འདེད་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ཡོད། ཡིན་ཡང་ཨ་རིའི་སྲིད་ཚོང་པ་ཁ་ཤས་ཀྱིས་ཁུངས་འདེད་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་པའི་རེ་བ་འཆང་བ་རེད། ནད་དུག་ནི་མིའི་རིགས་ཡོངས་ཐུན་མོང་གི་དགྲ་བོ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཅན་གྱི་འགལ་རྐྱེན་ལ་བློ་རྩ་བརྟན་པོས་ངོ་རྒོལ་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་དང་ཚན་རིག་ལ་བརྩི་སྲུང་། ཐུན་མོང་གིས་ནད་དུག་ལ་འགོག་རྒོལ་བཅས་བྱེད་དགོས།
ཨ་ཧྥེ་རི་ཁ་ལྷོ་མའི་ཚི་ཝ་ནའེ་རང་བྱུང་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མ་མོ·མུའུ་ཆི་ཡིས་ནན་གྱིས་བསྟན་དོན། ནད་དུག་ཁུངས་འདེད་དུས་རིམ་གཉིས་པ་དེ་གོ་ལ་ཡོངས་ཀྱི་རྒྱལ་ཁབ་མང་པོ་དང་ས་གནས་མང་པོ་ནས་སྤེལ་དགོས། “བདེན་དཔང་མང་པོ་ལས་གསལ་པོར་བསྟན་ཡོད་དེ། ནད་དུག་ལ་བཟུང་བའི་ཅི་མི་སྙམ་པའི་རྣམ་འགྱུར་གྱི་རྐྱེན་གྱིས། རྒྱལ་ཁབ་རེ་འགའ་ལ་ཡང་ནས་ཡང་དུ་རིམས་ནད་ཀྱི་རྡུང་རྡེག་ཐེབས་པར་མ་ཟད། རང་རྒྱལ་ཁབ་དང་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་ཡང་ནད་དུག་མགྱོགས་མྱུར་གྱིས་ཁྱབ་ཏུ་བཅུག གལ་ཏེ་ང་ཚོས་ངེས་པར་དུ་རིམས་ནད་ཀྱིས་བཟོས་པའི་གྱོང་གུད་དེ་མི་རེ་འགའ་འམ་རྒྱལ་ཁབ་རེ་འགའི་སྟེང་དུ་དཀྲི་དགོས་ན། ང་ཚོས་སྐྱོན་བརྗོད་བྱེད་འོས་པ་ནི་རང་རྒྱལ་ཁབ་ཀྱི་མི་དམངས་ལ་སེམས་ཁུར་མི་བྱེད་པ་དང་ཡང་དག་པའི་སྤྱོད་ལམ་ལ་བརྟེན་ནས་ནད་དུག་ཁྱབ་མཆེད་ལ་འགོག་སྲུང་མ་བྱས་པའི་མི་སྒེར་རམ་རྒྱལ་ཁབ་དེ་དག་ཡིན་པ་ལས། ཆེས་ཐོག་མར་ནད་དུག་སྙན་ཞུ་བྱས་པའི་རྒྱལ་ཁབ་དེ་དག་མ་རེད།”