[གནད་བཏུས] སློབ་ཆུང་གི་རྩིས་རིག་བསླབ་དེབ་ལས། འགྱུར་མ་དག་པ་མང་བས། སློབ་བུ་ཚོས་གོ་དཀའ་བར་གྲགས། དེ་ཕྱིར་རྩོམ་འདི་ལས། བསླབ་དེབ་ཀྱི་སྤུས་ཀ་ངན་ན། སློབ་མ་ཚོར་ཕན་ཐོགས་མེད་རབས། སྤུས་ཀ་བཟང་ན། སློབ་མ་ཚོར་ཡོན་ཏན་འབྱོར་སླ་རབས། ལེགས་ཉེས་རྣམ་པར་ཕྱེ་ནས་རིགས་ལམ་གསལ་བར་བསྟན་ཡོད།
[གནད་ཚིག] རྩིས་རིག བོད་སྐད། རྒྱ་སྐད། འགྱུར་མ་དག་པ། སྤུས་ཀ།མྱུ་ཁ། མྱུ་ཤོ
སྤྱི་ལོ2020ལོའི་བོད་ཀྱི་སློབ་གསོ་ཞེས་བྱ་བའི་དེབ3པ་ལས། སློབ་ཆུང་གྲངས་རིག་སློབ་ཁྲིད་དུ་སློབ་ཁྲིད་སྐད་ཆའི་ངག་ཐོག་དང་ཡིག་ཐོག་གི་བར་ཁྱད་ལས་བྱུང་བའི་དཀའ་ངལ་དང་དེ་སེལ་ཐབས་གླེང་བ། ཞེས་དགེ་རྒན་སྒྲོལ་དཀར་སྐྱིད་ཀྱི་རྩོམ་འདི་ལས། སློབ་ཆུང་གི་གྲངས་རིག་ཏུ་སློབ་མ་ཚོས་དགེ་རྒན་གྱི་སྐད་ཆ་གོ་དཀའ་བ་རྣམ་པ་བཞི་བརྗོད་པ་ལས། རྣམ་པ་གཉིས་པའི་དོན་ཚན་གཉིས་པ་ནི། སློབ་དེབ་གསར་རྙིང་གཉིས་སུ་བེད་སྤྱད་པའི་བརྡ་ཆད་མི་གཅིག་པས་དཀའ་ངལ་བྱུང་བ་ཞེས་པར། རེའུ་མིག་ཅིག་བཀོད་ནས་གསལ་བོར་བསྟན་སྣང་། མཆན་དུ། འདིར་བརྗོད་པའི་གྲངས་རིག་སློབ་དེབ་ནི་ད་ལྟ་དངོས་སུ་སྤྱོད་བཞིན་པའི་སློབ་དེབ་ཡིན་ཏེ། ལྗོངས་ཞིང་ལྔའི་གྲངས་རིག་བསླབ་གཞི་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་ནས་བོད་ཡིག་ལ་བསྒྱུར་ཅིང་། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས2013ལོར་ཞིབ་བཤེར་བྱས་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2013ལོའི་ཟླ6པར་པར་དུ་བསྐྲུན་པ་དེ་གཞིར་བཟུང་བའོ་ཞེས་ཟེར།
རེའུ་མིག་འདི་ལ་འཁོད་པའི་རྩིས་ཀྱི་བརྡ་ཆད་རྣམས་བོད་སྐད་དུ་ཡོད་ལ། ཕལ་ཆེར་རྒྱ་ཡིག་གི་རྣམ་པ་ལྟར་བསྒྱུར་ཡོད། འགྱུར་དག་པ་ཧ་ཅང་ཉུང་། ཕལ་ཆེར་ཚིག་གི་ན་ཡམ་རེད། འགྱུར་རྙིང་བར་བལྟོས་ན། འགྱུར་གསར་བ་སྐྱོན་ཆེ། སྔ་ཕྱི་མི་མཐུན། མ་དག་རྒྱུན་འབྱམས། ཇེ་བས་ཇེ་ཐུ། སློབ་བུ་ཚོས་ཐ་སྙད་མ་དག་པའི་བསླབ་བྱ་བསླབས་ན་དཀའ་ངལ་ལོས་ཆེ། འོ་ན། རྒྱ་སྐད་ཀྱི་བརྡ་ཆད་དེ་རྣམས་བོད་སྐད་ལ་བཤད་རྒྱུ་མེད་དམ། ཡོད་དོ། ། མི་རིག་ན་སྒང་ལ་བུད། མི་ཤེས་ན་གཞན་ལ་དྲིས། ཁྲལ་འཇལ་ཐབས་བྱས་ན་ཆོག་གམ། བཟའ་བཏུང་འབའ་ཞིག་དོན་གཉེར་བ། ། དུད་འགྲོ་ཡིན་ཡང་སྒྲུབ་པར་ནུས། ། ད་ནི་རེའུ་མིག་ལས་བཀོད་པའི་འགྱུར་རྣམས་ཀྱི་རྗེས་སུ་བོད་སྐད་རྣལ་མ་དང་འགྲེལ་བ་བཀོད་ནས་དག་པར་བྱ།
མིང་འདོགས་སྲོལ་ནི། སྒྲ་ཉུང་ལ་ཁ་གསལ་ཞིང་བརྗོད་བདེ་བ་ཞིག་ཡིན་དགོས། སྒོས་སུ་ཉེ་མཁོའི་མིང་དང་ཚིག་ནི་སྒྲ་ཉུང་མཐའ་ཞིག་དགོས་པས། ཚེག་དབར་དང་ཚིག་སྣ་བསྡུས་པ་མང་། དཔེར་ན། ར་གན་ལ་རག་དང་།ཕ་རོལ་ལ་ཕར་དང་། ཕ་རོལ་ཏུ་ཕྱིན་ལ་ཕར་ཕྱིན། རབ་འབྱམས་ལ་རམས་དང། རྩིས་རིག་རབ་འབྱམས་པ་ལ། རྩིས་རམས་པ། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་དམན་པ་ལ། སྐྱེས་སྦྱངས་དམན་པ་སོགས་སོ། །དཔེ་དེ་བཞིན་དུ་བཟོ་རྩིས་ཀྱི་གཞུང་དང་། མཁར་ལས(建筑)ཀྱི་གསལ་འདེབས་ལས། ངོས་གྲུ་བཞི་ལ་ཁ་ཟེར། གྲུ་བཞི་ནར་མོ་ལ་སྒོ་ཟེར། ཟུར་གསུམ་ལ་རྭ་ཟེར། རྒྱ་དཔངས་གྲུ་བཞི་ལ་ཤོ་ཟེར། དབྱིབས་གྲུ་བཞི་ནར་མོ་ལ་གདར་མ་ཟེར། དབྱིབས་ཕྲ་ཞིང་རིང་བ་ལ་རེང་བུ་ཟེར། ཉེ་རིང་གི་ཚད་ལ་ཐག་ཟེར། མཐུག་སྲབ་ཀྱི་ཚད་ལ་རྔམས་ཟེར། མཐོ་དམན་གྱི་ཚད་ལ་དཔངས་ཟེར། བོངས་ཚོད་ཀྱི་ཚད་ལ་གཏོས་ཟེར། ལྕི་ཡང་གི་ཚད་ལ་ལྕིད(ལྗིད)ཟེར། ཟབ་ཉེའི་ཚད་ལ་ཟབས་ཟེར། ཕྲ་ཞིབ་ཀྱི་ཚད་ལ་རྡུལ་ཟེར།
འདི་རིགས་ཀྱི་ཞོར་དུ་རྩིས་གཞི་སྐོར་ཞིག་གི་མིང་བསྟན་པ་ལ། རིང་ཐུང་འཇལ་བྱེད་ཀྱི་མིང་དུ་སོར་མོ་ཉེར་བཞིའི་ཚད་ལ་ཁྲུ་དང་། ཁྲི་བཞི་ལ་གཞུ་འདོམ་དང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཟེར། ལག་པ་གཉིས་བརྒྱངས་པའི་བར་ཐག་ལ་འདོམ་པ་དང་། མཐེ་བོང་དང་དཀྱིལ་མཛུབ་བརྒྱངས་པའི་བར་ཐག་ལ་མཐོ་དང་། གུང་མཛུབ་ཀྱི་རུས་ཚུགས་བར་མའི་ཚད་ལ་ཚུན་ཟེར།
ལྕི་ཡང་འཇལ་བྱེད་ཀྱི་མིང་དུ། སེ་བ་བཅུ་ལ་སྐར་མ་ཟེར། སྐར་མ་བཅུ་ལ་ཞོ་ཟེར། ཞོ་བཅུ་ལ་སྲང་ཟེར། སྲང་བཅུ་ལ་རྒྱ་མ་གང་ཟེར།
གཟུགས་ཕྲ་ཆུང་ལ་འཇལ་བྱེད་ཀྱི་མིང་དུ། གཟུགས་ཕྲ་ཆུང་མིག་གིས་མཐོང་བ་ཙམ་ལ་རྡུལ་ཟེར། གཟུགས་ཅན་གྱི་ཆུང་བ་མཐར་ཐུག་པར་རྡུལ་ཕྲ་རབ་ཟེར། མིག་གིས་མི་མཐོང་བའི་རྡུལ་ལ། རྡུལ་ཕྲ་རབ་ལུས་མེད་ཟེར། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ཟེར། རྡུལ་ཕྲན་བདུན་ལ་ལྕགས་རྡུལ། ལྕགས་རྡུལ་བདུན་ལ་ཆུ་རྡུལ། ཆུ་རྡུལ་བདུན་ལ་རི་བོང་རྡུལ། རི་བོང་རྡུལ་བདུན་ལ་ལུག་རྡུལ། ལུག་རྡུལ་བདུན་ལ་གླང་རྡུལ། གླང་རྡུལ་བདུན་ལ་ཉི་ཟེར་རྡུལ་ཏེ། ཉི་མ་དྲ་མིག་ནས་ནང་དུ་ཤར་བའི་འོད་ལས་མཐོང་བའི་རྡུལ་གྱི་གོང་བུ་ཙམ་མོ།།
“摄氏”ལ་བསིལ་དྲོད་ཟེར། བསིལ་དྲོད་གཞལ་བྱ་ལ་ཚད་ཟེར། “零上”ལ་དྲོད་ཚད་དེ། དྲོད་ཚད་གཅིག དྲོད་ཚད་གཉིས་ཞེས་བརྒྱ་ཡན་བརྩི་རྒྱུ་ཡོད། “零下”ལ་བསིལ་ཚད་དེ། བསིལ་ཚད་གཅིག་ནས་བརྒྱ་བར་བརྩི་རྒྱུ་ཡོད་དོ།།
ད་ནི་ལམ་དཀྱུས་ལ་ཞུགས་ནས། བསླབ་དེབ་བསྒྲིག་པའི་དོན་ཆེན་བཤད། བུ་ཕྲུག་གསོ་བའི་འཚོ་བཅུད་བཟང་ཤོས་ཨ་མའི་ནུ་ཞོ་ཡིན།། རིག་གནས་སློབ་པའི་ཡོ་བྱད་བཟང་ཤོས་རང་གི་ཕ་སྐད་ཡིན།། ཇི་སྐད་དུ། དངོས་པོ་མིང་དུ་མ་བཏགས་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། མིང་སྣ་ཚོགས་ལ་བསྟེན་ནས་དོན་སྣ་ཚོགས་ཤེས་པ་རེད། སྐད་ཆ་དང་ཡི་གེ་ནི་རིག་པའི་གཏེར་མཛོད་ཆེ་ཤོས་ཡིན། དེའི་རྩ་བ་ཐ་སྙད་ཕུན་སུམ་ཚོགས་པ་ཡིན་པས། མི་རིགས་སྔོན་ཐོན་ཅན་རྒྱ་དང་དབྱིན་ཇི་སོགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དུ། ཐོག་མར་རྒྱུན་ཆགས་པའི་ཐ་སྙད་ཡོད་དོ་ཅོག་ཡང་དག་པར་སྲུང་བ་ཡིན། མིང་རྙིང་བ་བསྐྱུར་ནས་མིང་གསར་བ་འདོགས་པའི་དཔེ་མེད། ང་ཚོ་སྐྱེ་བོ་ཕལ་གྱིས་མིང་རྙིང་བ་བསྐྱུར་ནས་མིང་གསར་བ་འདོགས་པར་དགའ། སློབ་གྲྭ་ཆུང་བའི་བསླབ་དེབ་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་མཐོང་ངོ་།། འདི་ནི་བསླབ་དེབ་སྒྲིག་མཁན་གྱི་མ་རིག་པས་ཡིན། སློབ་གྲྭ་ཆུང་བ་ནས་འབྲིང་བའི་བར་གྱི་དུས་ཡུན་དུ། སློབ་བུ་རྣམས་ཀྱི་བསླབ་བྱ་གཙོ་བོ་ཕ་སྐད་དེ། འཆད་ཉན་དུ་ཕ་སྐད་ལ་ཐོགས་པ་མེད་ཅིང་བྱང་ཆུབ་པ། ཡི་གེ་སྦྱོར་ཀློག་ཀྱང་དག་ཆ་ཐོན་པ་ཡིན། དེ་ནས་སློབ་གྲྭ་ཆེན་པོར་ཞུགས་པའི་མཐུན་རྐྱེན་འཛོམས་པ་ཡིན། ང་ཚོས་སློབ་བུ་འབུམ་ཕྲག་དུ་མར། རྩིས་རིག་སོགས་ཀྱི་བསླབ་དེབ་བསྒྲིགས་དང་སྒྲིག་བཞིན་པ་ནི། གཟི་བརྗིད་རབ་ཏུ་ཆེ་ཞིང་ཕན་ཡོན་གཞལ་དུ་མེད་པ་ཞིག་སྟེ། སློབ་བུ་རྣམས་མཁས་པའི་ལམ་དུ་འཇུག་པ་དང་། སློབ་བུ་རྣམས་ལ་ལེགས་ཚོགས་བསྐྲུན་པ་ཡིན། ང་ཚོ་མི་རབས་འདིའི་རེ་བ་མཐར་ཐུག་པ་གཞུག་མ་ཁོ་ཚོར་ནན་ཏན་དུ་བཅོལ་དགོས། ཁོ་ཚོ་འབྱུང་འགྱུར་དུ་རྒྱལ་ཁབ་ཀྱི་བདག་པོ་ཡིན། སྤྱི་ཚོགས་ཀྱི་གདུང་རྟེན་ཡིན། ཁོ་ཚོའི་གྲལ་དུ། རྒུད་མེད་འབྱོར་བའི་དངོས་གྲུབ་སྩོལ་མཁན། འཆི་མེད་ཚེ་ཡི་བདུད་རྩི་སྟེར་མཁན། འཁྲུལ་མེད་ཐར་བའི་ལམ་ཆེན་སྟོན་མཁན། གེགས་མེད་དགའ་བའི་ཚལ་དུ་འདྲེན་མཁན་སོགས་འབྱུང་རྒྱུ་ཡོད་དོ།།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་སུ། ལྗོངས་དང་ཞིང་ཆེན་ལྔའི་སློབ་གྲྭ་ཆུང་བ་དང་འབྲིང་བའི་བསླབ་དེབ་སྒྲིག་པའི་ལྟེ་བ་ཚུགས་ནས་ད་ལྟའི་བར་དུ་ལོ་ངོ་སུམ་ཅུ་བཞི་བཅུ་འགོར་ཡང་། རྩིས་རིག་བསླབ་དེབ་ཀྱི་སྤུས་ཀ་ད་དུང་སོ་ན་གནས་འདུག སྤུས་ཀ་ཞན་པའི་བསླབ་དེབ། སློབ་བུ་རྣམས་ཀྱི་དུས་ཚོད་བརླགས་པ། སློབ་བུ་ཚོར་སུན་སྣང་བསྐྱེད་པ་ལས། སློབ་མ་ཚོར་གོ་དེ་འདྲ་མ་ཆོད་པའི་རྩ་བ། བསླབ་དེབ་སྒྲིག་མཁན་དག་སློབ་བུ་རྣམས་ལ་ཤ་ཚ་ཡགས་སྙིང་རྗེ་ཡགས་མ་བྱས་ཐལ།
བསླབ་དེབ་ཏུ་རྡོ་ཆག་བཙན་བསྒྲིགས་ལྟ་བུའི་འགྱུར་མ་དག་པ་མང་བས། བོད་སྐད་ཀྱི་མི་རིགས་ཁྱད་ཆོས་ཉམས་ནས་བྱིས་པ་ཚོས་ཧ་ཅང་གོ་དཀའ་བར་གྱུར་འདུག དེ་ཕྱིར་དགེ་རྒན་སྒྲོལ་དཀར་སྐྱིད་ཀྱིས་དཔྱད་རྩོམ་དེ་ལས། ལོ་རྒྱུས་སྟེང་བོད་སྐད་ལ་བཀས་བཅད་ལན་གསུམ་བྱས་ཐལ། དེང་ཡང་བོད་སྐད་ཉོག་དྲ་ཆེ་བས། བཀས་བཅད་རེ་ཅིས་ཀྱང་བྱ་དགོས། ཞེས་རེ་བ་ནན་ཏན་བཏོན་པ་ཧ་ཅང་གལ་ཆེ། ལོ་རྒྱུས་སྟེང་དུ་དམ་པའི་ཆོས་ཀྱི་བོད་འགྱུར་མ་དག་པ་བཀས་བཅད་ཐེངས་གསུམ་མཛད་པ་བདེན། བོད་སྐད་རང་ཕུན་སུམ་ཚོགས་པ་ཡིན་པས། དག་བཅོས་ཡེ་ནས་མཛད་མ་མྱོང་། དེང་གི་བོད་སྐད་དུ་ལོ་ཙཱ་མ་དག་པའི་ཤན་ཞུགས་ནས། བྱ་བའི་མིང་ཉོག་པར་འགྱུར་བ། དངོས་པོའི་མིང་ཡ་མ་ཟུང་དུ་འགྱུར་བ། ཚིག་གི་མགོ་རྟིང་ལོག་པར་འགྱུར་བ། ཚིག་སྣ་རིང་བོར་འགྱུར་བ། སྨྲ་བ་ལྡབ་ལྡིབ་ཏུ་འགྱུར་བ། སྙིགས་མ་ལྔ་བདོ་བའི་ཉེན་ཁར་ཐུག་ཡོད། ད་དག་པར་མ་བཅོས་ན། འཆད་རྩོད་རྩོམ་གསུམ་གྱི་རིགས་ལམ་འགག་པར་འགྱུར་འགྲོ། དག་བཅོས་ཀྱི་སྡེ་ཚན་ཞིག་བཙུགས་ན་འོས་མོད། མགོ་འདྲེན་འབྱུང་དཀའ། དེ་ཕྱིར་སློབ་གྲྭ་ཆུང་བ་དང་འབྲིང་བའི་བསླབ་དེབ་ཕ་སྐད་ཕ་ཡིག་དག་ཆ་ཐོན་པ་བསྒྲིག་རྒྱུ་བྱུང་ན། གཞུག་མ་ཐམས་ཅད་འདི་འདྲའི་བསླབ་དེབ་ལ་བསྟེན་ན། ནམ་མཁའི་གཡའ་དག ས་གཞིའི་རྡུལ་དག བོད་སྐད་རྣལ་མ་སླར་སོས་པར་འགྱུར་རོ།།
ཕ་སྐད་སྲོག་ཏུ་འཛིན་དགོས་དོན་ཅི་ཡིན་ཞེ་ན། ལོ་རྒྱུས་ཀྱི་ཆུ་བོ་དལ་འབབ་རིང་མོ་ལས། རྒྱུན་ཆགས་པའི་མིང་ཕལ་ལམ་གྱི་ངོ་བོ་ཚད་མས་གྲུབ་པ་ཡིན། དཔེར་ན། བསྐལ་པ་ཡ་ཐོག་མཉམ་དུ་སྲོག་འཚོ་བའི་མ་རྒྱུད་ཚོགས་པ་ལ་ཚོ་བ་ཟེར་བ། བཟའ་བཏུང་མཉམ་དུ་ལོངས་སྤྱོད་པའི་ཕ་མ་བུ་ཕྲུག་གི་ཁྱིམ་ལ་བཟའ་ཚང་ཞེས་པ། ཁོར་ཡུག་ངེས་ཅན་ཞིག་གི་རི་ལ་བཏགས་པ་བཞིན་དུ་འཁོར་ཞིང་གནས་པའི་རྩྭ་གཟན་ལ་རི་བཏགས་ཏེ་སྡེབ་སྦྱོར་དུ་རི་དྭགས་ཞེས་པ། ཉི་མ་ལ་མངོན་བརྗོད་དུ་ཆར་འབེབས་ཟེར་དོན། ཉི་མའི་ཙད་ཀྱིས་ཆུ་དྲོས་ནས་རླངས་པར་གྱུར་པ། བར་སྣང་དུ་འཕགས། བསེར་བུ་དང་ཕྲད་ནས་ཆུ་ཐིགས་སུ་འདྲེས་ནས་མར་འབབ་པ་ཆར་བའི་འབྱུང་ཁུངས་ཡིན་པའི་ཕྱིར། མིང་འདི་དག་གི་སྒྲ་བཤད་དག་པ་མེ་ལོང་ཕྱིས་པ་འདྲ། དེ་ཕྱིར། མ་བགྲོས་རང་མཐུན་གྱི་མིང་རྣལ་མ་རྣམས། ཁེབས་རྒྱ་ཆོད་པས་ཀུན་གྱིས་གླེང་། བརྗོད་པ་བདེ་བས་གསུང་སྙན་གྲགས། ཚེ་ཐག་རིང་བས་འཇིག་པ་མེད། སྒྲ་དོན་འདུས་པའི་བཅུད་ལེན་ཡིན། དེང་གི་སྐྱེ་བོ་ཕལ་གྱིས་ཕ་སྐད་ནི་ཡིད་བཞིན་ནོར་བུ་ཡིན་པ་མི་ཤེས། བརྡ་རྙིང་ལ་མི་དགའ། རྒྱ་སྐད་གཞིར་བཟུང་ནས་བརྡ་གསར་བ་འདོགས་པར་དགའ་མོད། རྒྱ་སྐད་ཀྱི་དོན་ལེགས་པར་མི་ཤེས། ཡིག་ངོའི་རྣམ་པ་ཙམ་བཤུས་པས་གོ་མི་ཆོད་པར་མ་ཟད། གནོད་པའང་འབྱུང་ཉེན་ཆེ། དཔེར་ན། “齐日寿”ལ་ཉི་ཚེ་བ་དང། ཤིང་རྟ་ལ“木马”ཞེས་བསྒྱུར་པ། ཁྱད་པར་གནམ་སའི་བར་ཐག་ཡོད། རྒོད་བྲོ་ཞིང་བཞད་གད་ཀྱི་གནས་སུ་གྱུར་སོང་། ལོ་ཙྭ་བྱ་བ་ཤིན་ཏུ་གལ་ཆེ། རྒྱལ་ཁབ་ཕན་ཚུན་དང་། མི་རིགས་ཕན་ཚུན་གྱི་བརྡ་འཕྲོད་བྱེད་ཡིན་པས། རིག་གནས་བརྗེ་རེས་དང། དཔལ་འབྱོར་རོགས་རམ་དུ་ཕན་ཆེན་པོ་ཐོགས་རྒྱུ་ཡོད། དེས་ན་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིེས་ལ་བྱང་ཆུབ་པ་ཞིག་དགོས། སྦྱངས་པ་འབྱོངས་ན་མཁས་པར་གྱུར།། རྩད་དུ་ཐོན་ན་སྒྱུ་བག་ཆགས།། ཡིག་རིགས་ཤན་སྦྱར་དུ་དོན་གཅིག་པ་དང་།ལུས་མཚུངས་པ། ཁ་གསལ་བ་དང། བརྗོད་བདེ་བ་ཡིན་ན། ལོ་ཙཱ་ཚད་མར་གྲུབ་པ་ཡིན། ང་ཚོའི་སློབ་ཆུང་གི་རྩིས་རིག་བསླབ་དེབ་བརྩམས་ཆོས་ཡིན་ན་བཟང་མོད། མཐུན་རྐྱེན་ཞན་པས་འགྱུར་མ་བྱས་བྱུང་། འགྱུར་མ་དག་པ་མང་བས་གོ་དཀའ་བ། དཔེ་ཆའི་ཁ་བྱང་དུ་གྲངས་རིག་ཅེས་པ་མཐོང་མ་ཐག ཡིད་ལ་སུན་སྣང་ཞིག་རང་ཤུགས་སུ་ཤར་བ། རྒྱ་སྐད་དུ“数学ནི། 算术、几何、代数、三角、微积分”སོགས་ཀྱི་སྤྱི་མིང་ལ་ཟེར། (数学是计算学而不是数字学)ཅི་ཞིག་ལ“གྲངས་རིག”ཅེས་བསྒྱུར་བ་ཡིན། གྲངས་ནི་གཅིག་ནི་གཅིག་དང་བརྒྱ་ནི་བརྒྱ་ཡིན། དེ་ལ་རྩིས་ཀྱི་རིག་པ་ཅི་ཡོད། རྒྱ་སྐད་དུ་སློབ་ཆུང་དང་སློབ་འབྲིང་གི་རྩིས་རིག་ལ“算术”ཟེར། བོད་སྐད་ཀྱི་རྩིས་རིག་ཅེས་པ་དང་ལྷག་པར་མཐུན་པ་ཡིན། བོད་སྐད་ཀྱི་རྩིས་རིག་ཅེས་པ། སྐར་རྩིས་དང་འབྱུང་རྩིས། དཀར་རྩིས་དང་ནག་རྩིས་ཀྱི་སྤྱི་མིང་ཡིན་པས། དེ་དག་ལ་སྐར་གྲངས་དང་འབྱུང་གྲངས། དཀར་གྲངས་དང་ནག་གྲངས་སུ་བསྒྱུར་ན་སུ་འཐད། ཕྲི་བའི་ལྷག་མ་ལ་ཁྱད་ཅེས་པ། སུ་གསལ། བསྒྱུར་བའི་འཕར་བ་ལ་སྐལ་ཞེས་པ་སུས་གོ “零”ལ་བོད་སྐད་དུ་ཐིག་ལེ་ཟེར། ནམ་མཁའ་དང་སྟོང་བ་ཡང་ཟེར། དེ་ལ་ཀླད་ཀོར་འཇུག་པ་ཡ་མཚན། ཀླད་ཀོར་ནི་ལེགས་སྦྱར་གྱི་ཡི་གེའི་ཀླད་ཀྱི་མ་ཀོར་ཡིན་མོད། ཐིག་ལེ་སྟོན་ཚུལ་ཡོད་དམ། གྲངས་ཀའི་ཀླད་དུ་མ་ཀོར་ཇི་ལྟར་འཇོག རྩེད་མཚར་ཡིན་ནམ། རང་གི་མ་རིག་པས་གཞན་ལ་རིག་པ་བསྐྱེད་པ་ཡིན། ཉིན་མོ་དཀར་ལ་སྐར་ཚོགས་རྣམ་པར་བཀྲ་བའི་རྫུ་འཕྲུལ་སྟོན་པ་ཡིན་ནམ། བསླབ་དེབ་ལ་སློབ་དེབ་ཟེར་ན་འགྲིག་གམ། བྱ་བའི་མིང་ལ་འཁོར་གསུམ་ཡོད།། བྱ་བྱེད་ལས་གསུམ་ཞེས་པ་ཡིན།། བྱ་བ་དུས་གསུམ་བབ་དང་བསྟུན།། བྱེད་པ་ད་ལྟ་བ་ཡིས་སྟོན།། ལས་ནི་མ་འོངས་པ་ཡིས་སྒྲུབ།། དེ་དག་ཅིག་ཅར་དཔེ་བརྗོད་ན།། སློབ་མས་བསླབ་དེབ་བསླབས་ནས་ཚར།། ལྟ་བུ་སོགས་སོ།།
བོད་སྐད་རྣལ་མ་འགྱུར་མ་དག་པས་ཚབ་བྱས་པ་ནི། མར་གྱིས་ཚིལ་ལ་བརྗེས་ནས་སློབ་མར་སྦྱིན། གསེར་གྱིས་རག་ཉོས་ནས་སློབ་མར་བྱིན། སློབ་མ་ཚོས་བཅུད་ཟས་མ་ལོན་པར། རྩམ་སྐྱ་འགམ་པ་སྙིང་རེ་རྗེ།བོད་ཡིག་སྦྱོར་ཀློག་ཅན་ཡིན་པས་སློབ་སླ། རྒྱ་ཡིག་དཔེ་རིས་ཅན་ཡིན་པས་སློབ་དཀའ། ཡིན་ན་ཡང་། རྒྱ་ཡིག་དེ་འདྲ་མི་ཤེས་པའི་སློབ་བུ་ཚོས། རྒྱ་ཡིག་བོད་ཡིག་ལས་སློབ་ཁ་སླ་ཟེར་བ་ཅི་མ་བདེན། རྒྱ་ཡིག་གི་བསླབ་དེབ། མིང་ཚིག་བརྗོད་པ་དག་ཆ་ཐོན་པས། དཔེར་ན། ཆུ་རྒྱུན་གཙང་མ་ལས་ཅི་ཡང་མཐོང་བས་གང་མཁོ་ལེན་སླ། བོད་ཡིག་གི་བསླབ་དེབ། མིང་ཚིག་བརྗོད་པ་འགྱུར་མ་དག་པས་ལན་པས། མཚོ་ཆུ་རྙོག་པ་ལས་ཅི་ཡང་མི་མཐོང་།གང་འདོད་ལེན་པ་དཀའོ།། དེ་ཕྱིར་སློབ་མ་ཚོས་བོད་ཡིག་སློབ་པའི་དུས་ཚོད་རྒྱ་ཡིག་སློབ་པ་ལས་མང་ཡང་། སློབ་གྲྭ་ཆེན་པོར་རྒྱུགས་སྤྲོད་པར། རྒྱ་ཡིག་གི་རྒྱུགས་བོད་ཡིག་གི་རྒྱུགས་ལས་འཕྲོད་པ་མང་། རྩ་བ་བསླབ་དེབ་ཀྱི་སྤུས་ཀ་བཟང་ངན་ལ་ཐུག་ཡོད་དོ།།
བསླབ་དེབ་བཟང་བོའི་རིན་ཐང་།། ཀུན་ཕན་ཡིད་བཞིན་ནོར་བུ།། འཕྲལ་དུ་དགེ་མཚན་ཤར་བ།། ཕུགས་སུ་ལེགས་ཚོགས་འབྱུང་བ།། ཡི་གེའི་སྦྱོར་བའི་དག་ཆ་ཕོ་མོ་མ་ནིང་ལ་རག་ལས། ཚིག་གི་སྦྱོར་བའི་དག་ཆ་བྱ་བྱེད་ལས་གསུམ་ལ་རག་ལས། རིག་གནས་ཀུན་གྱི་འཛིན་མ་ཕ་སྐད་ཕ་ཡིག་ཡིན་པ། མི་ཚེ་ཧྲིལ་བོའི་རིན་ཐང་སྦྱིན་པའི་ཡན་ན་མེད་པ། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ནི།། ཆོས་ཉིད་ཀུན་ཏུ་རྟོགས་པའི་ཤེས་རབ་ཡིན།། ཚོགས་གསུམ་གསལ་བའི་མེ་ལོང་སློབ་མར་སྦྱིན།། ཚེ་འདིར་དམ་ཆོས་ལས་ཀྱང་ཕན་ཡོན་ཆེ།།
* དཔའ་རིས་སངས་རྒྱས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ལས་འཁྱུར་ངལ་གསོ་གནང་།