བོད་སྐད་ཀྱི་བྱ་བའི་མིང་གི་སྒྲ་དོན་འགྱུར་ཚུལ་དང་དེའི་ཁྱད་ཆོས་ལ་དཔྱད་པ།

ལྷ་མོ་སྐྱབས། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


[གནད་བཏུས] བོད་སྐད་ཀྱི་མིང་བརྡའི་རིག་གནས་ནི་སྣ་མང་ཞིང་སྐད་རིགས་གཞན་པའི་མིང་བརྡའི་ཁྱད་ཆོས་དང་མི་འདྲ་ས་མང་པོ་ཡོད། དེ་ལས་ཀྱང་བྱ་བའི་མིང་གི་སྒྲ་དོན་གྱི་འགྱུར་བ་ནི་མི་རིགས་གཞན་པའི་མིང་བརྡའི་རིག་གནས་ལ་མཐོང་དཀོན་པའི་རང་མི་རིགས་ཀྱི་སྐད་བརྡའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་འཁུམས་པས། འདིར་ཉེ་དུས་ཀྱི་བརྡ་སྤྲོད་སྨྲ་བའི་དབང་བོ་རེ་ཟུང་གི་གསུང་ལ་ཁུངས་བཅོལ་ཞིང་། རང་གི་ལྟ་ཚུལ་གྱིས་ཟུར་བརྒྱན་ཏེ་བོད་སྐད་ཀྱི་བྱ་བའི་མིང་གི་སྒྲ་དོན་གྱི་རྣམ་པ་འགྱུར་ཚུལ་དང་དེའི་ཁྱད་ཆོས་སོགས་ལ་རགས་ཙམ་དཔྱད་ཡོད།
[གནད་ཚིག] བོད་སྐད། བྱ་བའི་མིང་། སྒྲ་དོན། ཁྱད་ཆོས།
གླེང་གཞི།
དེ་ཡང《རྒྱལ་རབས་གསལ་བའི་མེ་ལོང》ལས། “ཡི་གེའི་འབྲུ་ནི་རེ་རེ་བཞིན།། བཟོ་ཡི་རྣམ་འགྱུར་ལེགས་པར་བཅོས།།”①ཞེས་གསུངས་པ་ལྟར། རང་རེའི་ཡི་གེ་འདི་ཐོག་མར་སློབ་དཔོན་ཐོན་མི་སཾབྷོཊ་ཡིས་ལེགས་སྦྱར་གྱི་དབྱངས་གསལ་ལ་དཔེ་བལྟས་ཏེ་བཟོས་ཤིང་། དེ་ནས་རང་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་དེ་ལ་འཕྲི་སྣོན་དང་ལེགས་བཅོས་གང་ལེགས་བྱས་པ་ནི་སྨོས་མ་དགོས། དེས་ན་དབྱངས་གསལ་གྱི་ཡི་གེ་འདི་དག་ཐོག་མར་བཟོས་པ་ནས་སྐད་བརྡའི་ངོ་བོ་མཚོན་བྱེད་ཀྱི་མིང་བརྡ་བྱེ་བྲག་པ་ཐམས་ཅད་ཡོད་པ་ཞིག་ཡིན་ནམ་ཞེ་ན། དེ་ནི་ཡིན་མི་སྲིད་དེ། ཐོག་མར་སྔོན་མིང་རྗེས་གསུམ་དང་བཅས་པ་གཏན་ལ་ཕབ་རྗེས་ད་གཟོད་རང་སྐད་ཀྱི་ངོ་བོ་མཚོན་པའི་མིང་བརྡའི་ཚོགས་པ་བྱུང་། དེ་ནས་རིམ་པ་བཞིན་ཕྲད་དང་རྣམ་དབྱེ་སོགས་བྱུང་བ་ནི་དེ་དུས་ཀྱི་རྡོ་རིང་ཡི་གེའི་ཁྱད་ཆོས་སོགས་ལས་ཤེས་ཐུབ། རང་རེའི་སྐད་ནི་མིང་གཅིག་ལ་ཡི་གེའི་རྐྱེན་དུ་མ་མ་འདུས་ན་སྒྲ་དོན་གྱི་མཚུངས་ཆོས་སྟོན་མི་ཐུབ་སྟེ། དཔེར་ན། “བསྒྲིགས”ཞེས་པ་ལྟ་བུའི་བྱ་བའི་མིང་འདི་གྲུབ་པ་ལ་འཕུལ་དང་མིང་གཞི། མགོ་ཅན་དང་འདོགས། དབྱངས་བཅས་མ་ཚང་ན་མིང་དེའང་མི་འགྲུབ་པ་རེད། ཡང《ཡིག་བཤད་མཁས་པའི་ཁ་རྒྱན》ལས།“ འོ་ན་ཁ་ཞེས་པ་དང་ཉ་ཞེས་པ་རིམ་བཞིན་དུ་གདོང་གི་ཁ་དང་སྲོག་ཆགས་ཉའི་མིང་མིན་ནམ། ཅིའི་ཕྱིར་མིང་ལ་ཡི་གེ་དུ་མ་འདུ་དགོས་ཤེ་ན། མིང་དུ་གྲུབ་པའི་ཁ་དང་ཉ་ཡིག་ལའང་ཁའ་དང་ཉའ་ཞེས་འ་ཡིག་གི་མཐའ་རྟེན་ཡོད་པས་སྐྱོན་མེད་དོ།།”②ཞེས་གསུངས་པ་ལྟར། སློབ་དཔོན་ཐོན་མིས་རང་རེའི་སྐད་གདངས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་ཀུན་ནས་མཚོན་ནུས་པའི་སྒྲ་སྦྱོར་ཡི་གེ་སྟེ། སུམ་རྟགས་ཀྱི་གཞུང་འདི་གཏན་ལ་ཕབ་པ་ནས་བཟུང་རང་རེར་ཐུན་མོང་དུ་སྤྱོད་རུང་བའི་སྐད་བརྡའི་མ་ལག་གསར་བ་ཞིག་ཡོད་པ་མཚོན་ཡོད།
བོད་སྐད་ཁྲོད་ཀྱི་དངོས་པོའི་མིང་དང་ཁྱད་གཞི་ཁྱད་ཆོས་སོགས་མཚོན་པའི་མིང་གི་རིགས་ནི་དུས་ཀྱི་ཁྱད་པར་དང་བསྟུན་ནས་སྒྲ་དང་ཡིག་གཟུགས་ཀྱི་ངོ་བོ་གཞན་ཞིག་ཏུ་འགྱུར་མི་སྲིད་པས་དེ་ལ་ལག་ལེན་གྱི་ཁྲོད་དུ་རྙོག་འཛིང་དེ་ཙམ་མེད་ནའང་། བྱ་བའི་མིང་གི་རིགས་ནི་དེ་ལས་ལྡོག་སྟེ། དུས་གསུམ་གྱི་སྔ་ཕྱི་ལྟར་ཡི་གེའི་སྒྲ་དོན་གྱི་ཆ་ལ་འགྱུར་ལྡོག་ཆེན་པོ་ཡོད་པས། རང་སྐད་ཀྱི་ངོ་བོ་དང་བྱ་བའི་མིང་གི་འབྲེལ་བར་རྒྱུས་ཅུང་ཙམ་མེད་ན་འོལ་ཚོད་ཀྱིས་ལག་ལེན་དུ་གདབ་མི་ཐུབ་ལ། ཐུབ་ནའང་བརྡ་སྤྲོད་ཀྱི་གཏན་ཚིགས་དང་ཡ་བྲལ་དུ་འགྲོ་བ་ནི་གོར་མ་ཆག དེའི་ཕྱིར། རང་སྐད་ཀྱི་བྱ་བའི་མིང་གི་སྒྲ་དོན་གྱི་འགྱུར་ལྡོག་ནི་རྟགས་ཀྱི་འཇུག་པའི་བསྟན་བྱ་གཙོ་བོ་ཞིག་ཡིན་པས། དེའི་སྒྲ་གཟུགས་དོན་གསུམ་གྱི་འགྱུར་ལྡོག་དང་ངེས་སྲོལ་དེ་དག་ཡིད་ལ་ངེས་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
དང་པོ། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་བའི་མིང་རིགས་གཉིས་སྤྱིར་བཤད་པ།
“བྱ་བའི་མིང་ནི་སེམས་ཅན་གྱི་རྩོལ་བ་དང་། བེམ་པོའི་འགྱུར་བ་སོགས་མཚོན་པའི་ཐ་སྙད་ཇི་སྙེད་པ”③ཞེས་པ་ལྟར། བྱ་བའི་མིང་ཞིག་ཡིན་པ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་འཕོ་འགྱུར་དང་ནང་བཅུད་ཀྱི་སེམས་ཅན་གྱི་གཡོ་འགུལ་སྣ་ཚོགས་པ་ཞིག་མཚོན་དགོས་པས། མཚོན་བྱའི་མིང་དེ་དག་ཇི་ལྟར་མཚོན་པ་ལ་རང་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་མཚོན་བྱེད་ཡི་གེ་རེ་ཡོད་པ་ནི་སྟེས་དབང་གིས་བྱུང་བ་མ་ཡིན་པར། སྒྲ་དོན་གྱི་འགྱུར་བའི་ཆོས་ཉིད་ལ་གཞིགས་ཏེ་ལག་ལེན་དུ་བསྟར་བ་ཞིག་ཡིན། དེའི་ཕྱིར། “བོད་ཡིག་ནི་སྒྲ་དོན་གཟུགས་གསུམ་ཕན་ཚུན་རྟེན་ཅིང་འབྲེལ་བར་བྱུང་བ་ཡིན་པས། བྱ་བའི་མིང་གི་དུས་ཀྱི་རྣམ་གཞག་གསལ།”④ཞེས་གསུང་དོན་དེ་ལ་ཐུག་ཡོད། དེས་ན་མཚོན་བྱེད་སྒྲ་གཟུགས་ཀྱི་ཡི་གེས་མཚོན་བྱའི་བྱ་བ་དེ་དག་ཚུལ་ཇི་ལྟར་མཚོན་པ་ཡིན་ནམ་ཞེ་ན། མཚོན་བྱའི་བྱ་བ་དེ་མཚོན་བྱེད་ཡི་གེའི་སྔོན་དུ་བྱུང་ཞིང་། མཚོན་བྱེད་ཡི་གེའི་གཟུགས་འགྱུར་ནི་བྱ་བའི་གོ་རིམ་དང་མགོ་མཇུག་ལྟར་འགྱུར་གྱིན་ཡོད་པས་དེས་བྱ་བའི་མིང་གི་དོད་ཐུབ་མཚོན་གྱིན་ཡོད། འདི་ནི་བོད་སྐད་ཀྱི་མིང་གཞན་ལ་མེད་པའི་བྱ་བའི་མིང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཀྱང་ཡིན། དེའི་ཕྱིར། སྒྲ་དག་མོ་འོང་བའི་བོད་སྐད་སྨྲ་མཁན་ཞིག་གི་ངག་ལ་མཉན་ན་བོད་སྐད་ཀྱི་བྱ་བའི་མིང་གི་སྒྲ་དོན་གྱི་འགྱུར་བ་ལ་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་གསལ་བོར་རྟོགས་ཐུབ།
སྤྱིར་བོད་སྐད་ཀྱི་བྱ་བའི་མིང་ལ་རིགས་དགར་ན་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གཉིས་སུ་བསྡུ་ཆོག་སྟེ། དེ་གཉིས་གང་རུང་ལ་མི་འདུ་བའི་བྱ་བའི་མིང་ཞིག་འབྱུང་སྲོལ་མེད་པ་བཞིན་ནོ། ། དེའི་ཕྱིར། བརྡ་སྤྲོད་མཁན་པོ་རྣམས་ཀྱིས་མིང་འདོགས་མི་འདྲ་བ་ཅུང་ཙམ་རེ་མཛད་ཡོད་པ་ལས་རྩ་བའི་ཆ་ནས་དགོངས་པ་གཅིག་མཐུན་ཡིན། བྱ་བའི་མིང་རིགས་འདི་གཉིས་ནི་བོད་སྐད་ཀྱི་རྗོད་པ་རིང་ཐུང་གང་ཡིན་ནའང་རྩ་བའི་གྲུབ་རྐྱེན་དུ་སོང་ཡོད་པས། དེའི་སྒྲ་དོན་གྱི་འགྱུར་བའི་ངོ་བོ་ཡིད་ལ་ངེས་པར་ཐོག་མར་བྱ་བའི་མིང་རིགས་དེ་གཉིས་ཀྱི་ཁྱད་པར་དང་རང་བཞིན་ཤེས་དགོས། དེས་ན་འདིར་བརྗོད་པའི་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཞེས་པ་ནི་ལས་གང་ཞིག་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་པའི་བྱ་བྱེད་ཐ་དད་པའི་ལས་ཚིག་ལ་སྟོན་ཅིང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཞེས་པ་ཡང་ལས་གང་ཞིག་གཞན་དང་དངོས་སུ་མ་འབྲེལ་བའི་དབང་དུ་བྱས་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་སྟོན་པ་ཡིན། ཡང་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལ་དངོས་པོ་བདག་གཞན་དང་བྱ་བྱེད་ལས་གསུམ་དགར་དུ་ཡོད་ཅིང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ལ་བྱ་བྱེད་ཙམ་དགར་དུ་ཡོད་པ་ལས་དངོས་པོ་བདག་གཞན་གྱི་དབྱེ་བ་གཞག་ཏུ་མེད་པ་ནི་གསལ་བོར་ངེས་དགོས། དེ་ངེས་ན་བྱ་བའི་མིང་རིགས་འདི་གཉིས་ཀྱི་སྒྲ་དོན་གྱི་འགྱུར་བའི་ཁྱད་ཆོས་ལ་གོ་བ་གསར་དུ་སྐྱེ་ཐུབ།
དཔེ་མཚོན་ཞིག་གི་སྟེང་ནས་བཤད་ན། བཀྲ་ཤིས་ཀྱིས་སྟ་རེས་ཤིང་བཅད། ཅེས་པ་ལྟ་བུའི་བཅད་ནི་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཡིན་ཏེ། ལས་ཤིང་ནི་བྱེད་པ་པོ་གཞན་བཀྲ་ཤིས་དང་དངོས་སུ་འབྲེལ་འདུག་པས། དེ་ལ་བྱ་བྱེད་ལས་གསུམ་དང་དངོས་པོ་བདག་གཞན་གྱི་དབྱེ་བ་དགར་རུང་བ་ཡིན་མོད། འོན་ཀྱང་། བཀྲ་ཤིས་གདན་ལ་བཞུགས་ཞེས་པ་ལྟ་བུའི་བཞུགས་ནི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཡིན་ཏེ། ལས་ནི་བཀྲ་ཤིས་ཡིན་ལ་བྱེད་པ་པོ་ནི་བཀྲ་ཤིས་ལས་ངོ་བོ་གཞན་དུ་མེད་པས་འདི་ལ་བྱ་བྱེད་ཀྱི་དབྱེ་བ་ཙམ་ལས་གཞན་དགར་དུ་མེད། ལ་ལས་སྐབས་འདིར་བདག་དོན་ཕལ་བའི་མིང་འདོགས་མཛད་པ་སོགས་ནི་དགོས་པ་ཆེར་མེད་པས་མ་སྤྲོས། ད་དུང་བྱེ་བྲག་ཏུ་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་བའི་མིང་གི་དཔེར་བརྗོད་འགོད་སྟངས་ཤིན་ཏུ་མང་ནའང་ཡོད་ཚད་འབྲིར་མི་ལངས་པས་སྐབས་གཞན་དུ་བལྟ་བར་བྱའོ། ། དེ་ཡང་ཉེ་དུས་ཀྱི་བརྡ་སྤྲོད་སྨྲ་བ་ཆེན་མོ་རྒན་དཔའ་རིས་སངས་རྒྱས་ཚང་གི་དགོངས་པ་ལྟར་ན། བྱ་བའི་མིང་ལ་རིགས་གསུམ་སྟེ། བྱེད་པའི་རྩོལ་བ། ལས་ཀྱི་འགྱུར་བ། ངང་གིས་བྱུང་བ་ཞེས་གསུངས་འདུག་ནའང་།
དེ་ཡང་མདོར་དྲིལ་ན་བྱེད་པོ་གཞན་འབྲེལ་དང་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་འདི་གཉིས་སུ་འདུ་སྙམ་སྟེ། སྔ་མ་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་རྗེས་མ་གཉིས་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དུ་གཏོགས་སོ།།
དེ་ཡང་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་ཟླར་གྲུབ་པའི་བྱ་བའི་མིང་གི་རིགས་ལ་བྱ་བའི་མིང་གཞན་དང་མི་འདྲ་བའི་སྒྲ་དོན་འགྱུར་ཚུལ་གྱི་ཆོས་ཉིད་ཅིག་ཡོད་པས། སྒྲ་དོན་གྱི་གྲུབ་ཚུལ་དེའི་སྟེང་ནས་ང་ཚོས་བོད་སྐད་ཀྱི་བྱ་བའི་མིང་གི་ཁྱད་ཆོས་གཙོ་བོ་ཞིག་མཐོང་ཐུབ་ནའང་། བྱ་བའི་མིང་ཡོད་ཚད་ཕན་ཚུན་ལྟོས་ཟླར་གྲུབ་པ་ཞིག་ཀྱང་མ་ཡིན་པས་དེའི་སྒྲ་དོན་གྲུབ་ཚུལ་གྱི་ཁྱད་ཆོས་ཀྱང་གཅིག་པ་མིན། དེའི་ཕྱིར། ང་ཚོས་བོད་སྐད་ཀྱི་བྱ་བའི་མིང་གི་སྒྲ་དོན་འགྱུར་ཚུལ་མཉམ་འཇོག་སྐབས་ཐོག་མར་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་ཟླ་ཡིན་མིན་ལ་བལྟ་བ་དང་། ཡང་ན་གཞི་གཅིག་གི་བྱ་བའི་མིང་གི་ལྡོག་པ་ཐ་དད་པ་རེ་རེ་བཞིན་ངོས་བཟུང་སྟེ་གཤིབ་སྡུར་བྱས་ན་དེའི་སྒྲ་དོན་གྱི་འགྱུར་བའི་ཁྱད་ཆོས་རྟོགས་སླ་བས་གཤམ་ནས་བྱེ་བྲག་ཏུ་གླེང་བར་བྱའོ།།
གཉིས་པ། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་དེའི་སྒྲ་དོན་གྱི་འགྱུར་ཚུལ།
གཅིག བྱེད་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་ཟླར་གྱུར་པའི་དུས་གསུམ་གཟུགས་འགྱུར་གྱི་བྱ་བའི་མིང་གི་སྒྲ་དོན་འགྱུར་ཚུལ།
སྤྱིར་བྱ་བའི་མིང་ལ་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གཉིས་ཡོད་པ་བཞིན། དེ་ལས་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལ་ཡང་དུས་གསུམ་གཟུགས་འགྱུར་དང་གཟུགས་མི་འགྱུར་བ་གཉིས་ཡོད་པས། བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་ཟླར་གྱུར་པའི་དུས་གསུམ་གཟུགས་འགྱུར་གྱི་བྱ་བའི་མིང་གི་སྒྲ་དོན་འགྱུར་ཚུལ་དང་དེའི་ཁྱད་ཆོས་གླེང་ན་འདི་ལྟ་སྟེ། ཐོག་མར་ལྟོས་ཟླར་གྱུར་མ་གྱུར་གྱི་དོན་ནི་དཔེར་ན། བྱེད་པ་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཞིག་ཡོད་ན་དེ་དང་དེའི་ཟླ་བོ་ལ་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཞིག་འབྱུང་ངེས་པ་ལ་ཟེར་ཏེ། དེའི་ནང་གསེས་ཀྱི་འགྱུར་ཚུལ་ལ་དོར་ཞི་གདོང་དྲུག་སྙེམས་བློའི《བོད་ཀྱི་བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》ལྟར་ན། མིང་གཞི་ཐ་དད་པས་དོན་སོ་སོར་ཕྱེ་བ། མིང་གཞི་གཅིག་ལ་མགོ་ཅན་ཡོད་མེད་ཀྱིས་དོན་སོ་སོར་ཕྱེ་བ། མིང་གཞི་གཅིག་ལ་སྔོན་འཇུག་ཡོད་མེད་ཀྱིས་དོན་སོ་སོར་ཕྱེ་བ། རྗེས་འཇུག་གི་སྟེང་ནས་དོན་སོ་སོར་ཕྱེ་བ་སྟེ་ཕྱོགས་བཞི་ནས་གསུངས་ཡོད་ཅིང་། བྱེ་བྲག་ཏུ་རེ་རེ་བཞིན་འདི་ལྟ་སྟེ། དང་པོའི་རིགས་ལ་སྡེ་བ་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་པ་ནི། དཔེར་ན། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་གི་མིང་གཞི་ནི་སྡེ་བ་ལྔའི་དང་པོའི་ཀ་ཅ་ཏ་པ་ཙ་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གི་མིང་གཞི་ནི་སྡེ་བ་ལྔའི་གཉིས་པ་ཁ་ཆ་ཐ་ཕ་ཚ་ལས་གྲུབ་པའི་རིགས་གཅིག་དང་། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་གི་མིང་གཞི་ཕ་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གི་མིང་གཞི་བ་ལས་གྲུབ་པ་གཅིག ཡང་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་གི་མིང་གཞི་ཀ་ཅ་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གི་མིང་གཞི་ག་ཇ་ད་ལས་གྲུབ་པ་ལྟ་བུའོ།། ཡང་སྡེ་བ་མི་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་པ། དཔེར་ན། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་གི་མིང་གཞི་ཅ་ཙ་ཤ་དང་། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གི་མིང་གཞི་ཞ་དང་ཟ་ལས་གྲུབ་པ་གཅིག དེ་མིན་མིང་གཞི་ངེས་མེད་ལས་གྲུབ་པ་བཅས་རིགས་ལྔ་ཡོད་ལ། ཡང་གོང་གི་བྱ་བའི་མིང་དེ་དག་གི་གྲུབ་ཚུལ་གྱི་སྟེང་ན་ཁྱད་ཆོས་ཅི་ཡོད་ཅེ་ན། དོར་ཞི་གདོང་དྲུག་སྙེམས་བློས་ཕྱོགས་བརྒྱད་ནས་གསུངས་འདུག་སྟེ། སྒྲ་རྩོལ་དྲག་ཞན་ནམ་སྒྲ་མཉེན་རྩུབ་ཀྱི་ཁྱད་པར། རྐྱང་བརྩེགས་ཀྱི་ཁྱད་པར། སྔོན་འཇུག་གི་ཁྱད་པར། གཟུགས་འགྱུར་མང་ཉུང་གི་ཁྱད་པར། བྱེད་སྒྲ་འཐོབ་མི་འཐོབ་ཀྱི་ཁྱད་པར། བྱ་ཡུལ་ཡོད་མེད་ཀྱི་ཁྱད་པར། སྐུལ་ཚིག་འཐོབ་མི་འཐོབ་ཀྱི་ཁྱད་པར། བྱེད་པོ་གཞན་འབྲེལ་གྱི་སྐུལ་ཚིག་དང་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་སྐོར་ཅིག་སྒྲ་མཚུངས་སུ་གྲུབ་པའི་སྐོར་བཅས་སོ།།
འོ་ན་བྱ་བའི་མིང་འདི་དག་ལ་ཁྱད་ཆོས་འདི་འདྲ་ཞིག་བདོག་པར་རྒྱུ་མཚན་ཡོད་དམ་ཞེ་ན། རང་བློས་དཔོག་ཚོད་ཀྱིས་ཅུང་ཙམ་སྤྲོ་བར་བྱ་སྟེ། “སྒྲ་དང་ཡི་གེ་གཉིས་ངོ་བོ་ཐ་དད་ཅིང་སྤྱིར་སྒྲ་དང་ཡིག་གཟུགས་གཉིས་ཀྱི་བར་ལ་ཆོས་ཉིད་ཀྱི་འབྲེལ་བ་མེད་མོད་ཀྱང་། སྒྲ་དང་ཡིག་རིས་གཉིས་རྟོག་ངོར་གཅིག་ཏུ་འདྲེས་ནས་ཕན་ཚུན་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བ་ཆགས་རྗེས་ཡི་གེ་ལས་སྒྲ་རྟོགས་ཤིང་། སྒྲ་ལས་ཡི་གེའི་རང་མཚན་གྱི་རྣམ་པའང་འཆར་ཐུབ་པས་སྒྲ་དང་ཡིག་གཟུགས་གཅིག་ལྟར་སྣང་ངོ་།།”⑤ཞེས་གསུངས་པ་ལྟར། སྤྱིར་སྒྲ་དང་ཡི་གེའི་གཟུགས་རིས་ཀྱི་སྟེང་ན་ཆོས་ཉིད་ཀྱི་འབྲེལ་བ་མེད་ནའང་། དེ་གཉིས་མཚོན་བྱ་མཚོན་བྱེད་དུ་གྱུར་རྗེས་ང་ཚོས་དེ་ལས་སྒྲ་དོན་གྱི་གསང་བ་གཞན་ཞིག་འཚོལ་ཐུབ་སྟེ། དཔེར་ན། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་ཕན་ཚུན་ལྟོས་ཟླར་གྱུར་པའི་བྱ་བའི་མིང་གི་སྒྲ་དོན་འགྱུར་ཚུལ་གྱི་སྟེང་ན་འབྲེལ་བ་འདི་བདོག་སྟེ། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་བསྐོར་ལྟ་བུ་ཡོད་ཚེ་དེའི་ཟླ་བོ་ལྟ་བུར་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་འཁོར་ཡོད་པ་རེད། གོ་རིམ་གྱི་སྟེང་ནས་སྔོན་ལ་ཡིག་ཚོགས་མང་ཞིང་སྒྲ་རྩོལ་དྲག་པའི་བྱ་བའི་མིང་འབྱུང་བ་ནི་གཞི་བྱ་བ་དེ་འབྱུང་བའི་རྒྱུ་ཚོགས་ཀྱི་གོ་རིམ་དང་འདྲ་སྟེ། དཔེར་ན། བྱེད་པོའི་རྩོལ་བ་དང་འགྲོགས་པའི་བྱ་བ་ཞིག་ཡིན་ན་དེ་ལ་གཞི་བྱ་བ་དེ་འགྲུབ་པའི་རྒྱུ་ཚོགས་ཀྱང་ལྟོས་བཅས་ཀྱིས་མང་དུ་འབྱུང་ཞིང་། བྱ་བ་དེ་མཚོན་པའི་ཡི་གེའི་སྒྲ་གཟུགས་ཀྱང་དེ་དང་མཚུངས་པར་ཡིག་ཚོགས་མང་ཞིང་སྒྲ་རྩོལ་དྲག་པ་ནི་མཚུངས་ཆོས་སུ་གྲུབ། དེ་ལས་ལྡོག་སྟེ། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བ་ནི་འབྱུང་བའི་རྒྱུ་ཚོགས་གཏན་མེད་པ་མིན་ནའང་རང་བཞིན་ཉིད་ཀྱིས་བྱུང་བ་ལྟར་གནས་པ་ནི་དེ་མཚོན་བྱེད་ཀྱི་བྱ་བའི་མིང་གི་གཟུགས་འགྱུར་ཉུང་ཞིང་སྒྲ་རྩོལ་ཞན་པ་སོགས་དང་ཡང་མཚུངས་ཆོས་གྲུབ་སྙམ་མོ།།
གཉིས། བྱེད་པོ་གཞན་འབྲེལ་གྱི་དུས་གསུམ་གཟུགས་མི་འགྱུར་བའི་བྱ་བའི་མིང་དང་དེའི་སྒྲ་དོན་གྱི་འགྱུར་ཚུལ།
བྱེད་པོ་གཞན་འབྲེལ་གྱི་དུས་གསུམ་གཟུགས་མི་འགྱུར་བའི་བྱ་བའི་མིང་དང་རྗོད་བྱེད་ཚིག་གི་སྟེང་གི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་མེད་པའི་རིགས་གཉིས་ནི་དོན་གཅིག་སྟེ། དེ་ནི་འདས་མ་འོངས་ད་ལྟ་གསུམ་ལ་ཡི་གེའི་གཟུགས་འགྱུར་རྒྱུ་མེད་པ་ལ་བྱའོ།། ཡིན་ནའང་བྱ་བའི་མིང་འདིའི་རིགས་ཀྱི་སྒྲའི་གྲུབ་ཚུལ་གྱི་སྟེང་ནས་དུས་གསུམ་སོ་སོར་འབྱེད་ཁག་པས། སྒྲ་འགྱུར་རྒྱུ་མེད་པའི་བྱ་བའི་མིང་གི་དུས་གསུམ་གྱི་ཁྱད་པར་ནི་དུས་གསུམ་གསལ་བྱེད་ཀྱི་ཚིག་གྲོགས་ཀྱིས་འབྱེད་དགོས་པ་ཞིག་ཡིན། དཔེར་ན། བསྟོད་བྱ། བསྟོད་བྱེད། བསྟོད་ཟིན། བསྟོད་ཅིག་དང་། བསྔགས་བྱ། བསྔགས་བྱེད། བསྔགས་ཟིན། བསྔགས་ཤིག་ལྟ་བུས་མཚོན་ཏེ། དུས་གསུམ་ལ་སྒྲ་འདྲ་བའི་བྱ་བའི་མིང་འདི་དག་གི་དུས་ཀྱི་ཁྱད་པར་ནི་དུས་གསུམ་གསལ་བྱེད་ཀྱི་ཚིག་གྲོགས་འགྱུར་དང་གྱིན། ཟིན་ལྟ་བུས་མཚོན་དགོས། བྱ་བའི་མིང་འདི་དག་གི་སྒྲ་དོན་འགྱུར་ཚུལ་གྱི་སྟེང་ན་ཁྱད་ཆོས་ཅི་ཞིག་མཆིས་སྙམ་ན་བཤད་པར་བྱ་སྟེ། སྤྱིར་འཇིག་རྟེན་གྱི་བྱ་དངོས་ཅི་དང་གང་ཞིག་ཡིན་རུང་དེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོའམ་ཁྱད་ཆོས་རེ་བདག་ཏུ་བཟུང་ནས་ཡོད་པ་བཞིན། དཔེར་ན། བྱ་བའི་མིང་འདི་དག་གིས་ཀྱང་དུས་གསུམ་ལ་ཡི་གེའི་གཟུགས་ཐ་དད་དུ་འགྱུར་རྒྱུ་མེད་པ་དང་། སྒྲ་རྩོལ་མཉམ་པ། ཡིག་ཚོགས་ཀྱི་གྲངས་མཉམ་པ། དབྱངས་ཀྱི་ང་རོ་མཚུངས་པ། མགོ་ཅན་མང་བ་སོགས་ཐུན་མིན་གྱི་ངོ་བོ་འདི་དག་བདག་ཏུ་བཟུང་ནས་ཡོད་ཅིང་། གཟུགས་འགྱུར་མེད་པའི་བྱ་བའི་མིང་འདི་དག་གིས་སྒྲ་དོན་གྱི་འགྱུར་བ་མཚོན་སྐབས་ཐོག་མར་བྱ་བའི་མིང་རྐྱང་བའི་ཚུལ་དུ་ཡོད་ལ་དེ་ཚིག་སྒྲུབ་སོགས་ཀྱི་ནང་ལ་ཞུགས་ན་ད་གཟོད་དུས་སྔ་ཕྱིའི་རྣམ་གཞག་ཅིག་སྟོན་ཐུབ་པ་ལས་བྱ་བའི་མིང་རང་ངོས་ནས་སྣང་གནས་ཀྱི་རང་བཞིན་ཙམ་ལས་མི་མཚོན། འོན་ཏེ། དེའི་ཟླ་བོ་ལ་གྲོགས་སྟོབས་སམ་དུས་གསུམ་གསལ་བྱེད་ཀྱི་ཚིག་གྲོགས་གཞན་བསླེབས་ན་བྱ་བའི་མིང་གི་སྒྲ་དོན་གྱི་མཚོན་བྱ་མཚོན་བྱེད་ཕན་ཚུན་ངེས་སྲོལ་ཅན་དང་གོ་རིམ་ཅན་དུ་འགྱུར་འགྲོ་བ་ནི་བྱ་བའི་མིང་འདི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཡང་བྱ་བའི་མིང་འདི་རིགས་ཀྱི་སྒྲ་གཟུགས་དེ་དུས་གསུམ་ལ་འགྱུར་དུ་མེད་པ་ནི་ཅི་ཡིན་སྙམ་པའི་དྲི་བ་ཞིག་རང་བཞིན་གྱིས་འོང་བར་ལན་ཅི་གདབ་སྙམ་ན་ཁོ་བོས་འདི་ལྟར་བཤད་པར་བྱ་སྟེ། སྤྱིར་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལ་ཡིག་ཚོགས་མང་ཞིང་སྒྲ་རྩོལ་དྲག་པ་སོགས་ནི་ཀུན་དང་མཐུན་ནའང་། སྐབས་དོན་དུས་གསུམ་གཟུགས་འགྱུར་མེད་པའི་རིགས་ཀྱི་སྒྲ་གཟུགས་ཀྱི་གྲུབ་རྐྱེན་ནི་རང་རེའི་སྐད་ཀྱི་གདངས་ལ་མ་གཏུགས་ཐུ་མེད་ཡིན་ཏེ། བསྟོད་བྱ་བསྟོད་བྱེད་ལྟ་བུའི་དུས་གསུམ་གཟུགས་འགྱུར་མེད་པའི་བྱ་བའི་མིང་འདི་དག་ལ་སྔོན་འཇུག་དང་རྗེས་འཇུག་སོགས་རྣམ་པ་ཀུན་ཏུ་འགྱུར་དུ་མེད་པ་ནི་དོན་མཚོན་གྱི་སྒྲ་གང་ཞིག་ཡི་གེའི་འབྲུར་ཆགས་སྐབས་སྐད་གདངས་ཅི་བཞིན་འོང་བ་ལྟར་དེ་ལས་གཞན་པའི་སྒྲུབ་བྱེད་ཅི་ཡང་མེད། དེའི་ཕྱིར། བྱ་བའི་མིང་འདིའི་རིགས་ཀྱི་གཟུགས་འགྱུར་ནི་རྙོག་དྲ་མེད་ཅིང་ཡིད་ལ་ངེས་སླ་བོ་ཡོད། ཡིན་ནའང་། དེང་སང་ཚིག་མཛོད་དང་བྱ་ཚིག་རེའུ་མིག་འགའ་ཡི་ནང་དུ་དུས་གསུམ་གཟུགས་མི་འགྱུར་བའི་བྱ་བའི་མིང་གི་དཔེ་འཇོག་འགོད་སྐབས་མི་མཐུན་པ་མང་དུ་མཐོང་རྒྱུ་འདུག འདིས་ཅི་ཞིག་མཚོན་གྱིན་ཡོད་དམ་ཞེ་ན་བསམ་བློ་གཏོང་འོས་པའི་གནས་གཉིས་ཡོད་སྙམ་སྟེ། ཐོག་མར་སློབ་དཔོན་ཐོན་མིས་བོད་ཡིག་གི་སྒྲ་སྦྱོར་ཡི་གེ་འདི་གཏན་ལ་འབེབས་སྐབས་བོད་མི་རིགས་སྤྱིའི་སྐད་གདངས་ཀྱི་ཁྱད་ཆོས་མཚོན་ཐུབ་མིན་ལ་ཐུགས་གཞིགས་མཛད་དེ་ཐག་བཅད་པ་ནི་སྨོས་མ་དགོས། ལྷག་པར་དུ་བོད་བཙན་པོའི་དུས་ཀྱི་ཡིག་སྲོལ་གྱི་སྒྲིག་ཁྲིམས་ནན་མོ་དེས་བོད་ཀྱི་སྤྱི་སྐད་དམ་ཡིག་སྐད་གཅིག་གྱུར་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་བསྙོན་དུ་མེད། འོན་ཀྱང་། རྗེས་སུ་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་ཡིག་སྲོལ་གྱི་གཏན་འབེབས་ནི་སུམ་རྟགས་ཀྱི་གཞུང་ཁོ་ན་ཙམ་ལས་མེད་པས་དེ་བསྟུན་དང་མི་བསྟུན་ནི་རང་གི་འདོད་མོས་ལྟ་བུར་གྱུར་པའི་དུས་ཚོད་ཅིག་གི་ནང་དུ་མཁས་པ་སྤྱི་དང་བྱེ་བྲག་ཀུན་གྱིས་རང་གི་ཡུལ་སྐད་དམ་ལུང་སྐད་ཀྱི་སྒྲ་གང་མང་ཞིག་གཞིར་བཟུང་ནས་བྱ་བའི་མིང་ལག་ལེན་དུ་འདེབས་པའི་སྣང་ཚུལ་ནི་ཤིན་ཏུ་མང་སྟེ། དཔེར་ན། བྱ་བའི་མིང་“ཚོགས”ལྟ་བུར་མཚོན་ན་ཚིག་མཛོད་དང་བྱ་ཚིག་རེའུ་མིག་རྣམས་ཀྱི་དུས་གསུམ་གྱི་ཡིག་གཟུགས་འགོད་སྟངས་ཁྱོན་ནས་གཅིག་གྱུར་ཡོང་གིན་ཡོད་པ་མ་རེད། ཡང་དཔེར་ན། ཉེས་སྐྱོན་སོགས“བཤགས”པའི་བྱ་བའི་མིང་འདིའི་དུས་གསུམ་གྱི་ཡིག་གཟུགས་འགོད་སྟངས་མི་འདྲ་སྟེ། ལ་ལས་ད་ལྟ་བའི་ཡིག་གཟུགས་ལ་འཆག་འབྲི་ཞིང་། ལ་ལས་བཤག་འབྲི་བ་རེད། དེའི་ཕྱིར། དོར་ཞི་གདོང་དྲུག་སྙེམས་བློས། “བྱ་ཚིག་རེའུ་མིག་ལ་ལར་བཤག་བྱ་འཆག་བྱེད་ཅེས་འབྱུང་ཡང་སྐད་ཀྱི་ནང་དུ་སྡིག་པ་བཤག་མཁན་ལས་འཆག་མཁན་ཟེར་སྲོལ་མེད”⑥ཅེས་གསུངས་པ་ནི་རང་སྐད་ལ་དོ་སྣང་འོང་མཁན་དག་གིས་ཅིས་ཀྱང་བསམ་བློ་གཏོང་དགོས་ས་ཞིག་རེད། དེ་ལྟར་དུ་བརྡ་སྤྲོད་མཁས་པ་ཚོས་ལག་ལེན་གྱི་གཞི་འཛིན་ས་མི་འདྲ་བ་རེ་བསྟན་པས་རྗེས་འཇུག་པ་དག་གིས་ཀྱང་རང་རང་གི་ཞེ་འདོད་ལྟར་དུ་ལག་ལེན་ལ་མི་འདེབས་རང་འདེབས་ཡིན་པས་བྱ་བའི་མིང་གི་དུས་གསུམ་གཟུགས་འགྱུར་ཚུན་ཆད་ཡིག་ཐོག་གི་སྐད་ཆར་གཞོལ་ཅི་ཐུབ་ཀྱིས་ལག་ལེན་དུ་གདབ་རྒྱུ་ནི་དགོས་གལ་ཆེན་པོར་མཐོང་། གཞན《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ལས། “བྱ་ཚིག་གཟུགས་འགྱུར་ཡོད་མེད་གང་ཡིན་ཡང་། བྱ་ཚིག་ལ་དབྱངས་གང་ཞིག་སྦྱར་ཡོད་ན་སྐུལ་ཚིག་ལ་ཡང་དབྱངས་དེ་སྦྱོར་ཞིང་། བྱ་ཚིག་ལ་དབྱངས་སྦྱར་མེད་ན་སྐུལ་ཚིག་ལ་ཕལ་ཆེར་ན་རོ་སྦྱོར་རོ།།”⑦ཞེས་གསུངས་པ་ནི་བློ་སྒོ་འབྱེད་པའི་མན་ངག་ཡིན་ཕྱིར་ཡིད་ལ་གཟུང་བར་བྱའོ།།
གསུམ། བྱེད་པོ་གཞན་དང་འབྲེལ་བའི་དུས་གསུམ་གཟུགས་འགྱུར་གྱི་བྱ་བའི་མིང་དང་དེའི་སྒྲ་དོན་གྱི་འགྱུར་ཚུལ།
བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་ཡོད་པའི་རིགས་དེའི་འགྱུར་ཚུལ་ནི། དུས་མ་འོངས་དང་འདས་པ་གཉིས་ཀྱི་ཡིག་གཟུགས་གཅིག་པ། ད་ལྟ་བ་དང་སྐུལ་ཚིག་གཉིས་ཀྱི་ཡིག་གཟུགས་གཅིག་པའི་རིགས་ཅན་ཏེ་རྣམ་པ་གཉིས་ཅན་དང་། དུས་གསུམ་རེ་རེའི་ཡིག་གཟུགས་ཐ་དད་དུ་ཡོད་པའི་རིགས་གཅིག་སྟེ་མདོར་ན་རིགས་ཆེན་པོ་གཉིས་སུ་གཏོགས་ཤིང་། ད་དུང་རྗེས་འཇུག་ན་ར་ལ་གསུམ་ཅན་གྱི་བྱ་མིང་འདས་སྐུལ་གཉིས་ལ་ད་དྲག་དངོས་སུ་འབྲི་དང་མི་འབྲིའི་ཕྱོགས་ནས་གཟུགས་འགྱུར་ཐ་དད་དུའང་ཡོད་པ་ཤེས་དགོས། སྤྱིར་ན་དེང་སང་ད་དྲག་དེ་ཡིག་ཐོག་ཏུ་ཟོར་ཡངས་པའི་ཆེད་ཅེས་མི་འབྲི་བའི་རིགས་ཤིན་ཏུ་མང་ནའང་། ད་དྲག་བསྡུས་པས་ཕྲད་དང་རྣམ་དབྱེའི་འཇུག་ཚུལ་ལ་འཁྲུལ་གཞི་མང་པོ་བཟོས་ཡོད་པའི་ཉེས་སྐྱོན་ནི་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་ཀྱིས་མང་དུ་གསུངས་འདུག་པས་དེ་ལ་བལྟ་བར་བྱའོ།། བྱེ་བྲག་ཏུ་བྱ་བའི་མིང་གི་དུས་གསུམ་སྒྲ་དོན་གྱི་འགྱུར་ཚུལ་ནི་རེ་རེ་བཞིན་འགོད་དཀའ་ནའང་།འདིར《བོད་ཀྱི་བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》སུ་གསུངས་པ་འགའ་ཡིད་ལ་ངེས་སླ་ཕྱིར་ཕྱོགས་བསྡུས་ཀྱིས་འགོད་པ་དང་དེའི་ཁྱད་ཆོས་སོགས་ཅུང་ཙམ་སྤྲོས་ན་འདི་ལྟ་སྟེ། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལས་དུས་གསུམ་གཟུགས་འགྱུར་གྱི་བྱ་བའི་མིང་འདི་དག་གི་གཟུགས་ཀྱི་གྲུབ་ཚུལ་ནི་སྤྱིར་རྣམ་པ་བཞི་རུ་བསྡུ་ཆོག་སྟེ། མིང་གཞིའི་གྲུབ་ཚུལ། དབྱངས་ཀྱི་གྲུབ་ཚུལ། སྔོན་འཇུག་གི་གྲུབ་ཚུལ། རྗེས་འཇུག་དང་ཡང་འཇུག་གི་གྲུབ་ཚུལ་བཅས་སོ།། འཇུག་ཚུལ་དེ་དག་ལ་ཁྱད་ཆོས་ཅི་མངའ་སྙམ་ན། དེ་ལ་ནང་གསེས་ཀྱིས་བྱ་བའི་མིང་གི་གཟུགས་འགྱུར་སྤྱིའི་ཁྱད་ཆོས་གཅིག་དང་། བྱེ་བྲག་ཏུ་མིང་གཞིའི་གཟུགས་འགྱུར་གྱི་ཁྱད་ཆོས། དབྱངས་བཞི་འཇུག་ཚུལ་གྱི་ཁྱད་ཆོས། སྔོན་འཇུག་འཇུག་ཚུལ་གྱི་ཁྱད་ཆོས། རྗེས་འཇུག་དང་ཡང་འཇུག་འཇུག་ཚུལ་གྱི་ཁྱད་ཆོས་སོགས་ཡོད་པས་རེ་རེ་བཞིན་ངེས་འདོད་པ་དག་གིས་ཁོང་གི་བསྟན་བཅོས་ལ་མཇལ་བ་ལས་འདིར་ཡིག་ཚོགས་ཀྱི་ངལ་བ་མི་བསྟེན་པར་བྱའོ།། དེ་ལྟ་ནའང་། བྱ་བའི་མིང་འདིའི་རིགས་ཀྱི་གཟུགས་འགྱུར་གྱི་རྣམ་པ་ནི་ཆེས་ཡིད་ལ་ངེས་དཀའ་བ་དང་རྙོག་དྲ་ཆེ་ཤོས་ཡིན་སྟབས་ལག་ལེན་དུ་འདེབས་སྐབས་ནོར་འཁྲུལ་འབྱུང་བ་ནི་མཁས་བླུན་སུ་ལའང་སྣང་། དེས་ན་བྱ་བའི་མིང་འདི་རིགས་ཀྱི་གཟུགས་འགྱུར་གྱི་རྣམ་པ་ཡིད་ལ་ངེས་པའི་ཐབས་གཞན་ཞིག་ནི་སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་ནམ་ཡོངས་གྲགས་སུ་ས་གཅོད་བླ་མ་ཞུ་བ་ཁོང་གིས་མཛད་པའི་དུས་གསུམ་སྤྱི་ཐོར་བྱེ་གསུམ་གྱི་བསྡོམས་དེ་ནི་མན་ངག་ཐུན་མོང་མ་ཡིན་པ་ཞིག་ཏུ་ཁོ་བོས་སེམས་ཏེ། རྒྱུ་མཚན་དུས་གསུམ་གྱི་བསྡོམས་དེ་ལས་དུས་གསུམ་སྤྱི་བྱེ་གཉིས་ཀྱིས་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཕལ་ཆེ་བའི་གཟུགས་འགྱུར་གྱི་རྣམ་པར་བསྡུ་ཐུབ་ཡོད་པས་སོ།། སླར་ཡང་སྐབས་དོན་གྱི་བཤད་བྱ་དངོས་ཏེ་བྱ་བའི་མིང་འདི་རིགས་ཀྱི་སྒྲ་དོན་གྱི་གྲུབ་ཚུལ་དང་དེའི་ཁྱད་ཆོས་སོགས་ཀྱི་སྐོར་ནས་ཅུང་ཙམ་སྤྲོས་ན། ཐོག་མར་བྱ་བའི་མིང་འདིའི་རིགས་ཀྱི་སྒྲ་གཟུགས་དོན་གསུམ་གྱི་ཆ་ན་ཕན་ཚུན་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ནི་ངེས་དགོས་ཏེ། སྐད་ཀྱི་གདངས་ལ་བརྟེན་ནས་བྱ་བའི་མིང་ཞིག་གི་ལྡོག་པ་རེ་རེ་གྲུབ་ཅིང་། བྱ་བའི་མིང་གི་ལྡོག་པ་རེ་རེ་མཚོན་བྱེད་ལ་བོད་སྐད་ལྟར་ན་ཡི་གེ་འགའ་མཉམ་དུ་འདུས་ནས་མིང་ཞིག་གྲུབ། མིང་དེ་ལ་བརྟེན་ཏེ་བརྡ་དང་ཐ་སྙད་སོགས་གྲུབ་པ་རེད། དེའི་ཕྱིར། སྐད་གདངས་རེ་རེ་ནི་བྱ་བའི་མིང་གི་ལྡོག་པ་རེ་རེ་འགྲུབ་པའི་རྒྱུ་ཡིན་ལ། རྒྱུ་དེ་ལ་བརྟེན་ནས་བྱ་བའི་མིང་མཚོན་བྱེད་ཀྱི་སྒྲ་གཟུགས་ཀྱི་རྣམ་པ་མི་འདྲ་བ་རེ་གྲུབ་པ་རེད། དེས་ན། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་ཡོད་པའི་རིགས་འདི་དག་གི་སྒྲ་དོན་གྲུབ་ཚུལ་དང་དེའི་ཁྱད་ཆོས་ལ་རྟེན་ཁུངས་ཅི་ཡོད་ཅེ་ན། སྔར་བཤད་ཟིན་པ་ལྟར་བོད་རང་གི་སྐད་གདངས་ལ་གཞི་བཅོལ་བ་ནི་རྒྱུ་རྐྱེན་དང་པོ་ཡིན་ལ། ད་དུང་བྱ་བའི་མིང་འདི་རིགས་ཀྱི་གྲུབ་ཚུལ་ལ་གཞི་བཅོལ་ས་གཞན་ཞིག་ཡོད་པ་ནི་ཡི་གེའི་ནང་ཕན་ཚུན་འཇུག་ཚུལ་གྱི་རྣམ་གཞག་ལ་བསྟུན་དགོས་པ་ནི་རྒྱུ་རྐྱེན་གཉིས་པ་ཡིན། དཔེར་ན། སྡོང་བོ་གཅོད་ལྟ་བུའི་བྱ་མིང“གཅོད”ཅེས་པའི་སྒྲ་གང་ཞིག་མངོན་དགོས་ན་སྔོན་འཇུག་ག་དང་མིང་གཞི་ཅ། དབྱངས་ན་རོ་དང་རྗེས་འཇུག་ད་བཅས་མཉམ་དུ་འདུས་པའི་གོང་བུ་འདིས་སྐད་ཆའི་སྒྲ་གདངས་དེ་ཀུན་ནས་མཚོན་ཐུབ་ཀྱིན་ཡོད་པས་ཡིན་ལ། སྒྲ་གདངས་དེ་ཡོངས་སུ་མཚོན་མ་ཐུབ་ན་བྱ་བའི་མིང་འདིའི་ཡིག་གཟུགས་ཀྱང་ཐ་དད་དུ་ཡོད་པ་གོར་མ་ཆག དེ་ལྟར་རིགས་བསྒྲེས་ཏེ་དཔགས་ན་རང་རེའི་སྒྲ་སྦྱོར་གྱི་དབྱངས་གསལ་ཡི་གེ་འདིས་རང་མི་རིགས་ཀྱི་སྐད་ཆ་ཀུན་ནས་མཚོན་ཐུབ་ཀྱིན་ཡོད་པ་ནི་ཕལ་བའི་བློ་ལ་མི་ཤོང་བའི་དོན་དུ་འཁུམས་མོད། ཐོན་མི་བཀའ་དྲིན་ཅན་གང་དེའི་བློ་གྲོས་ཀྱི་རྩལ་ནི་དེ་ག་རང་དུ་འདུག་པས་མིག་ཟུང་ལིང་ཏོག་གིས་མ་བསྒྲིབས་པ་ཞིག་ཡིན་ན་དད་གུས་ཀྱི་སྤུ་ལོང་མི་གཡོ་བ་ག་ལ་སྲིད་ཨང་།
གཞན་ཡི་གེའི་འཇུག་ཚུལ་གྱི་རྣམ་གཞག་ནི་བོད་སྐད་ཀྱི་མིང་འགྲུབ་བྱེད་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་ཁོ་བོས་འཇུག་ཚུལ་གྱི་རྣམ་གཞག་འདི་ལ་བོད་སྐད་ཀྱི་བྱ་བའི་མིང་གི་མཛེས་ཆོས་ཞེས་གདགས་ན་འདོད། རྒྱུ་མཚན། སྐབས་འདིར་སྔོན་འཇུག་ལྔ་ཡི་འཇུག་པ་བཞི་ལས་སྒྲ་ཡི་འཇུག་ཚུལ་གྱི་སྐབས་སུ་སྔོན་འཇུག་ལྔ་དེ་འཇུག་ཡུལ་གྱི་མིང་གཞི་གང་དང་གང་ལ་འཇུག་རུང་བ་དང་། གང་དང་གང་ལ་འཇུག་མི་རུང་བ་ནི་བོད་སྐད་ཀྱི་བྱ་བའི་མིང་གི་མཛེས་ཆོས་མངོན་ཚུལ་ཞིག་ཡིན་ཞེས་བཤད་ནའང་ཆོག་སྙམ་སྟེ། འདི་ལས་བརྒལ་ན་སྒྲ་གཟུགས་དོན་གསུམ་གྱི་ནང་ཕན་ཚུན་གྱི་འབྲེལ་བ་འགྲུབ་མི་ཐུབ་ལ་ལྷག་པར་དུ་བོད་སྐད་ཀྱི་གདངས་ལྟར་ཐོན་པའི་ཡི་གེའི་རྣམ་པ་སོགས་ཀྱང་ཆལ་ཆོལ་དང་སླ་ཆོས་སུ་འགྲོ་སྲིད་པ་ནི་རྟོགས་སླའོ།། དཔེར་ན། མིང་གཞི་མོ་ཡི་ཡི་གེ་ཟ་ལྟ་བུ་ལ་སྔོན་འཇུག་གི་མོ་ཡིག་འ་དེ་སྦྱར་ན་བརྗོད་བྱའི་དོན་གྱིས་སྟོངས་འགྲོ་བ་མ་ཟད། བོད་ཡིག་གི་སྡེབ་སྦྱོར་གྱི་མཛེས་ཆོས་ཀྱང་ཀུན་ནས་ཤོར་འགྲོ་སྟེ། རྩ་བ་ལས། རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། ཞེས་པ་ལྟར། རང་སྡེའི་ཡི་གེ་ནང་ཕན་ཚུན་འཕྲད་པ་ན་སྤྱིར་སྔོན་འཇུག་གི་ཡི་གེ་ཡིན་ཡང་མིང་གཞི་དེ་ལ་སྦྱོར་སྲོལ་གཏན་ནས་མེད་པ་ནི་བོད་ཡིག་གི་འཇུག་པ་སྤྱིའི་སྡེབ་སྦྱོར་གྱི་རྩ་དོན་ཡིན། མདོར་ན། ཡིག་རིགས་རང་མཚན་པ་ནི་སྐད་རིགས་རང་མཚན་པ་དེའི་ཁྱད་ཆོས་མཚོན་བྱེད་ཡིན་ཞེས་པའི་གནད་ཀྱང་དེ་ལ་ཐུག་འདུག་སྙམ། དེ་ལྟར་ཡི་གེའི་གཟུགས་རིས་ཇི་ལྟ་བ་བཞིན་དུ་དེས་མཚོན་བྱའི་དོན་ནམ་རྗོད་བྱེད་ཀྱི་སྒྲ་དང་ངོ་བོ་གཅིག་ཏུ་ཆགས་ནས་ཡོད་པས་བརྗོད་བྱའི་དོན་གང་ཞིག་མཚོན་དགོས་པ་ལ་ཡི་གེའི་སྒྲ་གཟུགས་ཀྱང་བྱ་བ་བགྱིད་པའི་བྱེད་རྩོལ་གྱི་གོ་རིམ་ལྟར་ངག་ནས་ཀྱང་སྒྲའི་འཇམ་རྩུབ་དང་མཐོ་དམའ་སོགས་མངོན་ནས་ཡོད་དེ། དཔེར་ན། བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང“བསྒྲིམས”ལྟ་བུར་མཚོན་ན། རྣམ་རིག་སོགས་བསྒྲིམས་པ་སྟེ། བྱེད་པ་པོ་ལ་ཡོད་པའི་རྩོལ་བ་དང་ངོ་བོ་གཅིག་ལྟར་བྱ་བའི་མིང་གི་སྒྲ་རྩོལ་ཡང་ལྟོས་བཅས་ཀྱིས་སྒྲ་དྲག་པོ་ཡོད་པ་ནི་སྒྲ་དོན་འགྱུར་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ནོ།།
གསམ་པ། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དང་དེའི་སྒྲ་དོན་གྱི་འགྱུར་ཚུལ།
གཅིག བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་མིང་དུས་གསུམ་གཟུགས་འགྱུར་མེད་པའི་རིགས།
མཁས་པ་ཁ་ཅིག་ན་རེ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་བ་ལ་རིགས་གཉིས་ཡོད་དེ། དངོས་པོའི་སྟེང་གི་འཕོ་འགྱུར་དང་། བྱེད་པ་པོ་དངོས་སུ་མེད་པའི་བྱ་བ་རིགས་གཉིས་ཡོད་ཅེས་པ་ལ་ཁོ་བོ་ན་རེ། འདིར་བསྟན་གྱི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ནི་སྤྱིར་བྱ་བྱེད་ཐ་མི་དད་པའི་བྱ་བའི་མིང་སྤྱི་ལ་གོ་བ་ཡིན་པས་དེ་ལ་བྱེད་པོ་དངོས་སུ་ཡོད་མེད་ཅེས་པའི་ཚིག་འཁྲི་ཞིག་དགོས་དོན་མེད་དེ། བྱེད་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བའི་མིང་ཡིན་པའི་ཕྱིར་རོ།། ཡིན་ནའང་། ཡང་ཁ་ཅིག་ན་རེ། བྱེད་པོ་ལས་ལ་བརྟེན་བྱས་ཤིང་།། ལས་ཀྱང་བྱེད་པོ་དེ་ཉིད་ལ།། བརྟེན་ནས་འབྱུང་བ་མ་གཏོགས་པ།། འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་།། ཞེས་གཞུང་ཆེན་མོའི་ལུང་སོགས་དྲངས་ནས་གསུངས་པ་ནི་བློ་སྒོ་འབྱེད་པ་ལ་ཤིན་ཏུ་སྨན་མོད། དེ་ལྟ་བུའི་གུ་དོག་པའི་ལས་བྱེད་མི་དགོས་ཏེ། སྐབས་དོན་བཤད་བྱར་གྱུར་པའི་བྱེད་མེད་ལས་ཚིག་གམ་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་གི་འཇོག་སྟངས་ནི་ཕལ་ཆེར་དུས་རབས་རིམ་བྱོན་གྱི་བརྡ་སྤྲོད་མཁན་པོ་བྱིངས་ཀྱི་ཕྱག་ལེན་ཡིན་པས་གཞུང་དོན་འགྲོལ་བ་ལ་ཐབས་མཁས་ཀྱིས་གསུངས་པ་ནི་རྒྱུ་མེད་རྐྱེན་མེད་ཅིག་ག་ལ་ཡིན་བློ་རྣལ་དུ་ཕབ་ནས་སོམས་ཤིག དེ་ལྟར་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ནི་ལས་སམ་བྱ་བ་གང་དེ་འབྱུང་བའི་གནས་སྐབས་སུ་དེ་ལ་བྱེད་པ་པོ་དངོས་སུ་མི་སྣང་བ་གཞིར་བྱས་ནས་བཞག་པ་ཡིན་པ་ཤེས་ན་དེའི་སྒྲ་དོན་གྱི་ཁྱད་ཆོས་ཀྱང་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་ཁྱད་པར་ཆེ་བ་ཤེས་ཐུབ།
བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་མེད་པའི་རིགས་དེ་དུས་གསུམ་སྤྱི་ཐོར་བྱེ་གསུམ་གྱི་དབང་དུ་བྱས་ན་དུས་གསུམ་ཐོར་བུ་བའི་ཁོངས་སུ་གཏོགས་པ་ནི་ཁྱབ་ཆེ་སྟེ། རྒྱུ་མཚན་དུས་གསུམ་གྱི་གཟུགས་གསུམ་པོ་དེ་ལ་འཕུལ་མེད་པ་ཁྱབ་མཉམ་དང་། ཡོད་ནའང་འཕུལ་ཡིག་གཅིག་ལས་མི་འགྱུར་བའི་རིགས་ནི་དུས་གསུམ་ཐོར་བུ་བའི་རིགས་ཡིན་པའི་ཕྱིར་རོ།། དེའི་ཕྱིར། བྱ་བའི་མིང་འདི་རིགས་ཀྱི་གཟུགས་ནི་རྣམ་པ་གཉིས་ལས་གཞན་མེད་དེ། དཔེར་ན། ནུབ་འགྱུར། ནུབ་ཀྱིན་པ། ནུབ་ཟིན་དང་། དགའ་འགྱུར། དགའ་བཞིན་པ། དགའ་ཟིན་ལྟ་བུའོ།། དེ་ལྟ་ནའང་། བྱ་བའི་མིང་འདི་རིགས་ཀྱིས་བྱ་བའི་དུས་གསུམ་མཚོན་ཚུལ་ནི་བྱེད་པོ་གཞན་འབྲེལ་གྱི་གཟུགས་འགྱུར་མེད་པའི་བྱ་བའི་མིང་གི་དུས་གསུམ་མཚོན་ཚུལ་དང་འདྲ་སྟེ། རྗོད་བྱེད་རང་ངོས་ན་དུས་གསུམ་མཚོན་པའི་ནུས་པ་མེད་པར་གསལ་བྱེད་ཀྱི་ཚིག་གྲོགས་ལ་བརྟེན་དགོས་པ་ཡིན། དེ་ལྟར་ད་ནི་བྱ་བའི་མིང་འདི་རིགས་ཀྱི་སྒྲ་དོན་གྱི་འགྱུར་བའི་ཁྱད་ཆོས་སོགས་ཀྱི་སྐོར་ནས་ཅུང་ཙམ་སྤྲོ་བར་བྱ་སྟེ། སྤྱིར་བོད་སྐད་ཀྱི་བྱ་བའི་མིང་ཐམས་ཅད་ཀྱི་ནང་ནས་བྱ་བའི་མིང་འདིའི་རིགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྒྲ་རྩོལ་ལྷོད་ཅིང་ཞན་པ་དེ་རེད། ཡིན་ནའང་། མིང་རྐྱང་དང་བསྡུར་ན་བྱ་བའི་མིང་གི་སྒྲ་རྩོལ་དྲག་པོ་ཡོད་དེ། 《བོད་ཡིག་སྐད་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ》ལས། “མིག་སྔར་བོད་ཡིག་གི་མིང་དང་བྱ་ཚིག་གི་ངོ་བོའི་ཁྱད་པར་གྱི་མཚོན་རྟགས་ལ་ཡོངས་ཁྱབ་ཐོག་མིང་ལ“n”དང་། བྱ་ཚིག་ལvཞེས་པའི་མཚོན་རྟགས་འགོད་པ་དང་། བྱ་བྱེད་ཐ་དད་པའི་བྱ་ཚིག་ལ“vt”དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ལ“vi”ཞེས་པའི་མཚོན་རྟགས་འགོད་པ་ཡིན། དེ་ནས་ང་ཚོས་དེ་གཉིས་ཁག་སོ་སོའི་སྐད་གདངས་ཀྱི་རྣམ་པ་གཏན་འཁེལ་བྱ་སྐབས“pf”ཞེས་པས་སྐད་གདངས་མཚོན་པ་དང་།“h”ཞེས་པས་སྒྲ་མཐོ་བ་མཚོན། “l”ཞེས་པས་སྒྲ་དམའ་བ་མཚོན་པ་བཅས་ཁག་སོ་སོར་མཚོན་རྟགས་དེ་དག་བཀོད་དེ་མཚོན་པར་བྱས་ན། མིང་རྣམས“n,phl”ཡིས་མཚོན་པ་དང་། བྱ་ཚིག་རྣམས“v,phh”ཡིས་མཚོན་ཆོག གལ་ཏེ་ད་དུང་མིང་དང་བྱ་བྱེད་ཐ་དད་མིན་གྱི་བྱ་ཚིག་གི་དབྱེ་བའི་ཐོག་ནས་དེ་ཚོའི་སྐད་གདངས་ཀྱི་རྣམ་པ་མཚོན་དགོས་ན། མིང་རྣམས“n.phl”ཞེས་པས་མཚོན་པ་དང་།བྱ་བྱེད་ཐ་དད་པའི་བྱ་ཚིག་རྣམས“vt,phh”ཞེས་པས་མཚོན་པ་དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་རྣམས“vi,phh”ཡིས་མཚོན་ཆོག”⑧ཅེས་པ་ལས་གསལ་བོར་རྟོགས་ནུས། སླར་ཡང་སྐབས་དོན་གྱི་བཤད་བྱ་གཟུགས་འགྱུར་མེད་པའི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་མིང་འདི་དག་བྱ་བའི་མིང་སྤྱིའི་ཁོངས་ནས་བལྟས་ན་སྒྲ་རྩོལ་ལྷོད་ཅིང་ཞན་པ་ནི་མངོན་སུམ་ཡིན་ཏེ། བྱ་བའི་མིང་འདི་རིགས་ཀྱི་མིང་གཞི་གཙོ་ཆེར་མིང་གཞིའི་མ་ནིང་གི་ཡི་གེ་དང་མོ་ཡིག་ཡིན་པའི་རྒྱུ་མཚན་གཅིག་དང་། བརྩེགས་འཕུལ་གྱི་རིགས་ཉུང་བ་དང་གཉིས། ད་དྲག་དང་ས་དྲག་གི་སྒྲ་མེད་པ་དང་གསུམ་གྱི་སྒོ་ནས་ཤེས་ཐུབ། གོང་དུ་བཀོད་པའི་དཔེར་བརྗོད་གཉིས་ལས་རྟོགས་ནུས་པ་ནི། བྱེད་པོ་གཞན་དང་མ་འབྲེལ་བའི་དུས་གསུམ་གཟུགས་མི་འགྱུར་བའི་བྱ་བའི་མིང་འདི་དག་གི་རྗེས་འཇུག་ནི་རྣམ་པ་ཀུན་ཏུ་ག་ང་ད་འ་བ་མ་ས་བཅས་ཡིན་ཏེ། རྗེས་འཇུག་ན་ར་ལ་གསུམ་ཅན་གྱི་བྱ་བའི་མིང་དེ་དག་གི་བྱ་བྱེད་གཉིས་ཀྱི་གཟུགས་མི་འགྱུར་ནའང་འདས་སྐུལ་གཉིས་ལ་ད་དྲག་གི་དབང་གིས་གཟུགས་འགྱུར་ཡོད་པ་ཤེས་སླ། ལ་ལས་བྱེད་པོ་གཞན་དང་མ་འབྲེལ་བའི་གཟུགས་འགྱུར་མེད་པའི་བྱ་བའི་མིང་གི་གྲས་སུ་རྗེས་འཇུག་ན་ར་ལ་གསུམ་ཅན་གྱི་བྱ་བའི་མིང་དག་བཀོད་པ་ནི་མ་བརྟག་པའི་གནས་སུ་འདོད་དེ། བྱ་བའི་མིང་དེའི་རིགས་ཀྱི་འདས་སྐུལ་གཉིས་ཀྱི་སྒྲ་རྩོལ་དྲག་པ་སྐད་གདངས་ཀྱིས་ཀྱང་ཁྱད་པར་འབྱེད་ནུས་ཤིང་གཟུགས་འགྱུར་མེད་པའི་བྱ་བའི་མིང་དེ་དག་གི་སྒྲ་དང་མི་མཚུངས་པས་སོ།། གཞན་རྗེས་འཇུག་བ་ཡིག་ཅན་གྱི་བྱ་བའི་མིང་འདི་རིགས་ཕལ་ཆེར་ལ་ས་དྲག་ཡོད་པས་མི་འདུ་སྙམ་ན་མ་ཁྱབ་སྟེ། རྗེས་འཇུག་བ་ཡིག་ཅན་གྱི་བྱ་བའི་མིང་རྣམ་རིག་སོགས་ཇེ་ཞན་དུ་སོང་བའི“དུབ”ལྟ་བུར་དུས་གསུམ་གང་རུང་དུ་ས་དྲག་སྦྱོར་བ་མཁས་པའི་ཕྱག་སྲོལ་དང་སྐད་གདངས་གཉིས་ཀྱི་ཆ་ལ་མི་འོང་བས་སོ།། དེས་ན་བྱ་བའི་མིང་འདི་རིགས་ཀྱི་རྗེས་འཇུག་ནི་གོང་དུ་བཤད་པ་ལྟར་ག་ང་ད་འ་བ་མ་ས་བཅས་ཡིན་ནོ།། ཡང་རྗེས་འཇུག་མ་ཡིག་ཅན་གྱི་བྱ་མིང་འདས་སྐུལ་ཅན་ལ་ས་དྲག་ཐོབ་པས་མི་འདུ་སྙམ་ན། བྱས་འབྲས་སྟོན་པའི་བྱ་མིང་བསྡམས་ནས་དམ་པོར་གྱུར་པའི“དམ”ལྟ་བུར་ས་དྲག་མི་ཐོབ་པ་གོང་དང་འདྲ། དེའི་ཕྱིར། འདིར་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ལ་དོན་གྱི་འཇུག་ཚུལ་གྱི་ཆ་ནས་བྱ་བ་སོགས་རང་བཞིན་གྱིས་འགྱུར་བའམ་བྱུང་བའི་རིགས་གཅིག་དང་། བྱས་འབྲས་སྟོན་པའི་རིགས་ཏེ་གཉིས་སུ་འདུ་བ་ཤེས་སོ།། གཞན་ཡང་བྱ་བའི་མིང་འདི་རིགས་ལ་བྱེད་སྒྲ་མི་ཐོབ་པ་ནི་ངོ་འཕྲོད་སླ་ནའང་། ཉི་མ་ནུབ་རིར་དལ་གྱིས་ཡལ། ཞེས་པ་ལྟ་བུའི་གྱིས་སྒྲ་དེ་ནི་ཉི་མ་ནུབ་པའི་ངང་ཚུལ་ཙམ་སྟོན་པའི་སྒྲ་ལས་རྣམ་དབྱེ་གསུམ་པར་འགྲེལ་ཚུལ་གཏན་ནས་མེད་དོ།། མདོར་ན། བྱ་བའི་མིང་འདི་རིགས་ཀྱི་སྒྲ་དོན་གྱི་འགྱུར་བའི་ཁྱད་ཆོས་གཙོ་བོ་ནི་སྒྲ་རྩོལ་ཞན་ལ་ཡིག་ཚོགས་ཉུང་བ། ཚིག་སྒྲུབ་གཅིག་གི་མཐའ་མའི་གསལ་བྱེད་དུ་གྱུར་པ་སོགས་ནི་གཙོ་ཆེ་ལ། འགྱུར་ཚུལ་འདིའི་རྟེན་ཁུངས་ནི་སྐད་གདངས་དང་མཚོན་བྱའི་བྱ་བ་གཉིས་ཀྱི་སྟེང་ན་ཡོད་པ་ནི་གོང་དུ་བཤད་ཟིན་པ་ལྟར་བསྐྱར་ཟློས་མི་བྱའོ།། མདོར་ན། བྱ་བ་ཡོད་ཚད་ནི་བྱེད་པོའི་རྩོལ་བ་དང་རང་བཞིན་གྱིས་བྱུང་བ་གཉིས་སུ་འདུ་བ་ལྟར། བྱ་བའི་མིང་འདིའི་རིགས་ཀྱི་སྒྲ་རྩོལ་ཞན་ཅིང་ཡིག་ཚོགས་ཉུང་བའི་ཁྱད་ཆོས་དེ་ཡང་བྱ་བ་ཞིག་བྱེད་པོའི་རྩོལ་བར་མ་བརྟེན་པར་ངང་གིས་བྱུང་བ་ལྟར་རྒྱུ་ཚོགས་རྟེན་འབྲེལ་གྱི་ཆ་ཉུང་བ་དང་མཐུན་གྲུབ་ཏུ་སྣང་ངོ་།།
གཉིས། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་མིང་དུས་གསུམ་གཟུགས་འགྱུར་ཡོད་པའི་རིགས།
བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་ཡོད་པ་ཅན་དང་མེད་པ་ཅན་དེ་གཉིས་ཀྱི་སྒྲ་གཟུགས་ཀྱི་སྟེང་གི་ཁྱད་པར་མངོན་གསལ་ཞིག་ནི་སྔ་མའི་རིགས་ལ་དུས་གསུམ་གར་ཡི་གེའི་གཟུགས་གཅིག་ལས་གཞན་དུ་མི་འགྱུར་ཞིང་། ཕྱི་མའི་རིགས་དེའི་བྱ་བྱེད་གཉིས་ཀྱི་ཡིག་གཟུགས་ཕལ་ཆེར་རྣམ་པ་ཀུན་ཏུ་འདྲ་ནའང་བྱས་ཚིག་གམ་འདས་ཚིག་གི་སྐབས་སུ་རྗེས་འཇུག་ཡི་གེར་འགྱུར་བ་ཡོད་པ་དང་། ལན་རེར་བྱེད་པོ་སེམས་ལྡན་ཅན་ལ་སྐུལ་ཚིག་འཇུག་པས་ཀྱང་ཐ་དད་དུ་ཕྱེ་བའང་ཡོད་དོ།། དེ་ཡང《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ལས། དུས་གསུམ་སྒྲ་འགྱུར་ཡོད་པའི་སྐོར་ལ་ཡང་མཉན་བྱར་གྱུར་པའི་སྐད་ཀྱི་སྒྲའི་སྟེང་ན་དུས་ཀྱི་ཁྱད་པར་གསལ་བོར་བཏོད་པའི་སྐོར་ཞིག་དང་། ཡིག་ངོར་ཁྱད་བཏོད་པ་མ་གཏོགས་སྐད་ཀྱི་སྒྲའི་སྟེང་ན་ཁྱད་མི་གཏོད་པའི་སྐོར་ཞིག་ཡོད་ལ། སྔ་མ་ནི་སྒྲ་འགྱུར་གྱི་ཁྱད་ཆོས་དང་། ཕྱི་མ་ནི་ཡིག་གཟུགས་ཀྱི་ཁྱད་པར་ཙམ་ཡིན། ཞེས་གསུངས་པ་ལས་ཀྱང་དེང་སང་ཡིག་ཐོག་ཏུ་བྱ་བའི་མིང་གི་དུས་གསུམ་གྱི་གཟུགས་འགྱུར་སོ་སོར་བྲིས་ཡོད་པ་མ་གཏོགས་སྐད་ཀྱི་སྟེང་ན་ཁྱད་པར་མེད་པ་ཤིན་ཏུ་མང་བ་ཤེས་ཐུབ། དེའི་ཕྱིར། ལན་རེར་བྱ་བའི་མིང་འདི་རིགས་ཀྱི་གཟུགས་ཀྱི་འགྱུར་བ་ནི་སྐད་ཆའི་སྒྲ་གདངས་མཚོན་བྱེད་དུ་མ་གྱུར་པ་དང་། ཡང་ན་སྐད་ཆ་དང་ཡི་གེའི་བར་ཐག་ཤིན་ཏུ་རིང་བའི་གནས་ཚུལ་དེ་མཚོན་གྱིན་ཡོད།
ཡང་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དུས་གསུམ་གཟུགས་འགྱུར་ཡོད་པའི་རིགས་འདི་དག་གི་མཚོན་བྱ་དོན་གྱི་སྟེང་ན་ཡང་བྱ་བ་དང་ལས་གང་ཞིག་འབྱུང་འགྱུར་གྱི་ཆ་དང་། འབྱུང་བཞིན་པའི་ཆ། བྱུང་ཟིན་པའི་ཆ་སོགས་ཡོད་པ་ནི་ཤིན་ཏུ་གསལ་མོད། 《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ལས། བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་ཚང་མ་ལ་འདས་མ་འོངས་ད་ལྟ་གསུམ་འབྱེད་དུ་མེད་དེ། དཔེར་ན། ནོར་རྙེད་ལྟ་བུ་ལ་མཚོན་ན། ཡང་ན་རྙེད་ཟིན། ཡང་ན་མ་རྙེད་ཅེས་པ་མ་གཏོགས། རྙེད་བཞིན་པ་ཟེར་སྲོལ་མེད། གཞན་ཡང་ཤིང་ཆོད་མི་ཆོད། ཆུ་ཁེགས་མི་ཁེགས། དོན་རྟོགས་མི་རྟོགས། ཉམས་སུ་ལོངས་མི་ལོངས། ལག་ཏུ་འཕྲོད་མ་འཕྲོད། སྒྲ་ཐོས་མ་ཐོས། སོགས་ལྟ་བུ་ལ། ཤིང་ཆོད་བཞིན་པ། ཆུ་ཁེགས་བཞིན་པ། དོན་རྟོགས་བཞིན་པ། ཉམས་སུ་ལོངས་བཞིན་པ། ལག་ཏུ་འཕྲོད་བཞིན་པ། སྒྲ་ཐོས་བཞིན་པ་ལྟ་བུ་སྦྱར་ན་དོན་སྐྱོན་ཡོད་མེད་རྟོགས་སླའོ།། རྒྱུ་མཚན་དེས་བྱེད་པ་པོ་གཞན་དང་མ་འབྲེལ་བའི་གཟུགས་འགྱུར་བྱ་ཚིག་ལ་འདས་ཚིག་དང་། ད་ལྟ་བ་དང་མ་འོངས་པར་འབྱེད་དུ་ཡོད་མེད་ཀྱི་ཚིག་ཐམས་ཅད་མ་འདས་པའི་ཚིག་གི་ཁོངས་སུ་བསྡུས་ནས་དུས་ཀྱི་རྣམ་པ་གཉིས་སུ་ཕྱེ་བའོ།། ཞེས་གསུངས་པ་ནི་དགོས་པ་ཅིའི་སླད་ཡིན་པ་གཟུར་གནས་མཁས་པ་དག་གིས་དཔྱོད་ཅིག དེ་མིན་དངོས་པོའི་གནས་ལུགས་དང་འཇིག་རྟེན་གྲགས་ཚོད་སོགས་གང་ལ་སྦྱར་ནའང་ཤིང་སོགས་ཆོད་བཞིན་འདུག་ཅེས་ཟེར་རུང་བ་ནི་མངོན་སུམ་ཡིན་ཏེ། དུས་ཀྱི་ཕྲ་རགས་ཤིག་ཡོད་པ་ལས་ཆུ་སོགས་ཁེགས་བཞིན་པའི་གནས་སྐབས་ཤིག་ཡོད་ལ། དེ་མེད་ན་ཁེགས་པའི་འབྲས་བུ་དེ་ཡང་འབྱུང་དུ་མེད་པའི་ཕྱིར། དེའི་ཕྱིར། བྱ་བའི་མིང་འདི་རིགས་ཀྱི་སྒྲ་གཟུགས་ཀྱང་དུས་གསུམ་ལྟར་གཞག་ཆོག་པར་འདོད་དོ།། ཡང་བྱ་བའི་མིང་འདིའི་རིགས་ཀྱང་གོང་དང་མཚུངས་པར་དུས་གསུམ་སྤྱི་ཐོར་བྱེ་གསུམ་ལ་བསྡུ་ན་དུས་གསུམ་ཐོར་བུ་བའི་ཁོངས་སུ་གཏོགས་པ་ཁྱབ་ཆེ། གཞན་བརྩེགས་འདོགས་ཁ་ཁེར་ལས་མི་འབྱུང་ལ་སྔོན་འཇུག་ཕོ་ཡིག་བ་ཡིག་དང་མ་ནིང་ག་ད་གཉིས། མོ་ཡིག་འ་བཅས་འབྱུང་བ་ཁྱབ་ཆེ་ལ་དེ་ལས་ཀྱང་འ་ཡིག་གིས་འཕུལ་བ་མང་ཕྱོགས་ཡིན་པ་ནི་བྱ་བའི་མིང་འདི་རིགས་ཀྱི་སྒྲ་གཟུགས་ཀྱི་གྲུབ་ཚུལ་གཙོ་བོ་ཞིག་ཡིན། འགྱུར་ཚུལ་གྱི་སྟེང་ནས་ཀྱང་མིང་གཞི་འགྱུར་བའི་རིགས། དཔེར་ན། ཉི་མ་སོགས་འཆར་འགྱུར། འཆར་བཞིན་པ། ཤར་ཟིན། སྔོན་འཇུག་འགྱུར་བའི་རིགས། དཔེར་ན། འཕྲད་འགྱུར། འཕྲད་བཞིན་པ། ཕྲད་ཟིན། རྗེས་འཇུག་འགྱུར་བའི་རིགས། དཔེར་ན། འོད་སོགས་འཕྲོ་འགྱུར། འཕྲོ་བཞིན་པ། འཕྲོས་ཟིན། ལྟ་བུའོ།། ཡང་ཞར་བྱུང་ཡང་འཇུག་གི་གྲུབ་ཚུལ་སྟེང་ནས། དཔེར་ན། ཡིད་ལ་འབྱོང་འགྱུར། འབྱོང་བཞིན་པ། འབྱོངས་ཟིན། ལྟ་བུ་ལས་དབྱངས་བཞིའི་འགྱུར་ཚུལ་ལ་ངེས་གཏན་མེད་དོ།། མདོར་ན། བྱ་བའི་མིང་འདིའི་རིགས་ཀྱི་སྒྲ་དོན་གྱི་འགྱུར་བའི་ཁྱད་ཆོས་དང་ཆོས་ཉིད་སོགས་ནི་གོང་དུ་བཤད་མ་ཐག་པའི་གཟུགས་འགྱུར་མེད་པའི་བྱ་བའི་མིང་དག་དང་ཕལ་ཆེར་འདྲའོ།།
གསུམ། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གཉིས་ཀར་འཇུག་པའི་བྱ་བའི་མིང་སྐོར་ཞིག
སྤྱིར་མིང་གི་རིགས་ལ་ཡི་གེའི་སྒྲ་གཟུགས་ཙམ་འདྲ་ནའང་བརྗོད་བྱའི་སྐབས་དོན་མི་འདྲ་བ་ཤིན་ཏུ་མང་།དེ་ལས་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གཉིས་ཀར་འཇུག་པའི་བྱ་བའི་མིང་སྐོར་ཞིག་ཡོད་པ་འདི་ལྟར་ཏེ། དཔེར་ན། བྱེད་པོ་གཞན་དང་འབྲེལ་བ། ལྭ་བ་སོགས་བསྐམ་འགྱུར། སྐེམ་བཞིན་པ། བསྐམས་ཟིན། ལྟ་བུ་དང་། བྱེད་པོ་གཞན་དང་མ་འབྲེལ་བ། རྩི་ཤིང་སོགས་རང་བཞིན་གྱིས་བསྐམ་འགྱུར། སྐེམ་བཞིན་པ། བསྐམས་ཟིན། ལྟ་བུ། ཡང་དཔེར་ན། བྱེད་པོ་གཞན་དང་འབྲེལ་བ། རེ་བ་སོགས་ཞུ་བྱ། ཞུ་བྱེད། ཞུས་ཟིན། བྱེད་པོ་གཞན་དང་མ་འབྲེལ་བ། མར་སོགས་མེ་ཡིས་ཞུ་འགྱུར། ཞུ་བཞིན་པ། ཞུ་ཟིན་ལྟ་བུའོ།། བྱ་བའི་མིང་རིགས་འདི་གཉིས་ཀྱི་ཁྱད་པར་གཙོ་བོ་ཞིག་ནི་སྔ་མའི་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ལ་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་འཇུག་ཚུལ་ཡོད་ལ། ཕྱི་མའི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ལ་སེམས་ལྡན་ཡིན་ན་མ་གཏོགས་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་འཇུག་སྲོལ་མེད་པས་ཁྱད་པར་ཆེ། ཡིན་ནའང་བྱ་བའི་མིང་གི་སྒྲ་གཟུགས་གྲུབ་ཚུལ་གྱི་སྟེང་ནས་སྔོན་མིང་རྗེས་གསུམ་དབྱངས་དང་བཅས་པ། ད་དུང་སྒྲ་རྩོལ་དྲག་ཞན་དང་ཡིག་ཚོགས་མང་ཉུང་སོགས་གཅིག་པ་ཡིན། མདོར་ན། བྱ་བའི་མིང་འདི་རིགས་ཀྱིས་སྐབས་དོན་ལྟར་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་མཚོན་བྱ་གཉིས་རེ་མཚོན་པ་ནི་འཇིག་རྟེན་སྐྱེ་བོ་ཚང་མས་རང་གཞན་གྱི་ལས་ཚང་མ་ལན་རེར་ཕན་ཚུན་རེས་མོས་ཀྱིས་སྒྲུབ་ཀྱིན་པ་དང་ཀུན་ནས་མཚུངས་པར་རང་རེའི་སྒྲ་སྦྱོར་ཡི་གེ་འདིའི་བཀོལ་སྤྱོད་ཀྱི་རིན་ཐང་ནི་བླ་ནས་བླ་རུ་མཐོ་བ་རྟོགས་ནུས་སོ།།
བཞི་པ། མཇུག་སྡུད་པ།
བོད་སྐད་ཀྱི་དབང་དུ་བྱས་པའི་མིང་ཐམས་ཅད་སྒྲ་གཟུགས་དོན་གསུམ་གྱི་འབྲེལ་བ་ངེས་གཏན་ཅན་གྱི་དབྱངས་གསལ་ཡི་གེ་ལས་མ་གྲུབ་པ་གཅིག་ཀྱང་མེད་ལ། དེ་ལ་ཡང་རྗོད་བྱེད་སྒྲའི་གྲུབ་ཚུལ་མངོན་པར་མཚོན་པའི་ཡི་གེ་བཏགས་པ་བའམ་བལྟ་བྱ་མིག་དབང་གི་ཡུལ་དུ་གྱུར་པའི་ཡི་གེ་རེར་འཕུལ་མིང་རྗེས་གསུམ་དབྱངས་དང་བཅས་པའི་གྲུབ་ཚུལ་ཁྱད་པར་བ་ཞིག་ཡོད་པ་ཡིན། བྱ་བའི་མིང་ཡང་གྲུབ་ཚུལ་དེ་ལས་ཐ་དད་དུ་མེད་ནའང་།
དཔེར་ན། བོད་ཡིག་གི་རྗེས་འཇུག་ཡི་གེ་བཅུ་བོ་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ཐམས་ཅད་ལ་མི་འཇུག་པ་མེད་ཀྱང་སྔོན་འཇུག་གི་ཡི་གེ་ལྔ་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ངེས་གཏན་ཅན་ལས་ཐམས་ཅད་ལ་ཁྱབ་མཉམ་དུ་འཇུག་པ་མིན་པས་དེས་བྱ་བའི་མིང་གཙོ་བོར་བྱས་པའི་མིང་གི་སྒྲ་དོན་གྲུབ་ཚུལ་གྱི་ཆོས་ཉིད་ཅིག་མཚོན་གྱིན་ཡོད་པས་རེ་རེ་བཞིན་གླེང་ན་འདི་ལྟ་སྟེ། རྩ་བ་ལས། ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ།། མ་ནིང་ཡང་ནི་ཕོ་མོ་ལའོ།། ཤིན་ཏུ་མོ་ནི་མ་ནིང་དང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ།། ཞེས་གསུངས་པ་ལྟར། སྔོན་འཇུག་མི་འཇུག་པའི་མིང་གཞི་རྐྱང་བའི་ཡི་གེ་དྲུག་སྟེ། ཝ། འ། ར། ལ། ཧ། ཨ་བཅས་མ་གཏོགས་པའི་མིང་གཞིའི་ཡི་གེ་རྣམས་ལ་སྔོན་འཇུག་གི་ཡི་གེ་ལྔ་བོ་རང་རང་གི་འཇུག་ཡུལ་ལྟར་འཇུག་པ་ཡིན་ལ། ཡང་། ཕོ་ནི་མ་ནིང་ལ་མི་འཇུག། མོ་ནི་ཕོ་ལ་འཇུག་པ་མིན།། མ་ནིང་རང་ལ་རང་མི་འཇུག། རང་གི་སྡེ་དང་ཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།། མ་ནིང་མོ་ཡང་དེ་བཞིན་ནོ།། ཞེས་པ་ལྟར་རོ།། དེས་ན་གང་ལ་འཇུག་པ་བཤད་པའི་ཤོ་ལོ་ཀ་གཅིག་དང་མི་འཇུག་པ་བཤད་པའི་ཤོ་ལོ་ཀ་གཅིག་དང་རྐང་བ་གཉིས་ཀྱིས་ཅི་ཞིག་ཤོད་ཀྱིན་ཡོད་དམ་ཞེ་ན། སྤྱིར་བོད་སྐད་ཀྱི་འཕུལ་མིང་རྗེས་གསུམ་འཇུག་ཚུལ་གྱི་རྣམ་གཞག་བསྟན་པ་ཡིན་ལ། བྱེ་བྲག་ཏུ་སྔོན་འཇུག་གི་གང་ལ་འཇུག་པ་བཤད་པའི་ས་བཅད་འདིས་བྱ་བའི་མིང་གི་སྒྲ་དོན་གྱི་གྲུབ་ཚུལ་དང་དེའི་ཁྱད་ཆོས་ཤོད་ཀྱིན་ཡོད་པས་རྩ་བ་འདི་ལ་གཞི་བཅོལ་ནས་ང་ཚོས་མིང་གི་གྲུབ་ཚུལ་གྱི་ཆོས་ཉིད་དང་གཏན་ཚིགས་སོགས་ལ་ངེས་ཤེས་འདྲོངས་ཐུབ་སྟེ། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག》⑨ལས། “སྔོན་འཇུག་ལྔའི་སྦྱོར་བ་ནི་འགྲོ་བ་མིའི་གཉེན་གྱི་སྡེབ་ལུགས་དང་མཐུན་པར། གང་ནི་བསྡེབ་བྱའི་ཡུལ་དང་གང་ཞིག་ནི་འཛེམ་བྱའི་གནས་ཡིན་པའི་ཁྱད་པར་གསལ་བོར་བསྟན་ཏེ། ཡི་གེའི་སྦྱོར་བ་དང་འགྲོ་བ་མིའི་བྱ་སྤྱོད་ཀྱི་བར་ན་འབྲེལ་བ་དམ་པོ་ཡོད་པ་མཚོན”ཞེས་གསུངས་པ་བཞིན་ནོ།། གཞན་ཡང་རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཞེས་དང་།
འཇུག་པར་བཅས་པ་མེད་ན་ནི།། མིང་དང་ཚིག་ཀྱང་གསལ་མི་ནུས།། ཞེས་པས་སྤྱིར་བོད་སྐད་ཀྱི་རྗོད་བྱེད་ཅིག་འགྲུབ་པར་དབྱངས་དང་རྗེས་འཇུག་མེད་དུ་མི་རུང་བའི་གནད་དེ་བསྟན་ལ། བྱེ་བྲག་ཏུ་བྱ་བའི་མིང་གང་ཞིག་གི་སྒྲ་དོན་གྱི་མཚོན་བྱེད་གྲུབ་པ་ལ་སྔོན་འཇུག་གི་དགོས་པ་གཙོ་ཆེ་ལ་རྗེས་འཇུག་ཉིད་ཀྱང་མེད་མི་རུང་གི་ཆ་ཤས་ཡིན་པ་གོ་བས་ཐོག་མར་མིང་ཅི་ཡོད་ཀྱི་སྒྲ་གཟུགས་འགྲུབ་པའི་རྒྱུ་བསྟན་ཡོད་དོ།། དེ་ནས་བྱ་བའི་མིང་གང་ཞིག་གི་སྒྲ་གཟུགས་གྲུབ་ཚུལ་ཏེ་སྔོན་མིང་རྗེས་གསུམ། དབྱངས་དང་བརྩེགས་འདོགས་ལ་སོགས་པའི་ནང་ཕན་ཚུན་གྱི་སྒྲ་དོན་གྱི་གྲུབ་ཚུལ་དང་དེའི་ཁྱད་ཆོས་སོགས་ནི་གོང་དུ་བཤད་ཟིན་པ་ལྟར། བོད་རང་གི་སྐད་ཆའི་ངོ་བོ་དང་ཀུན་ནས་མཐུན་པར་དེའི་བྱེད་ལས་དང་མཐུན་གྲུབ་ཏུ་གནས་ནས་ཡོད་དོ།།

* ལྷ་མོ་སྐྱབས། ལྷོ་ནུབ་མི་རིགས་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་རྩོམ་རིག་སློབ་གླིང2020ལོའི་ཧིན་རྡུ་སྐད་ཡིག་ཆེད་ལས་འཛིན་གྲྭའི་སློབ་མ་ཡིན།

①ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 1995:68
②ངག་དབང་བསྟན་དར། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་། 1982:24
③དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] མི་རིགས་དཔེ་སྐྲུན་ཁང་། 2008:117
④དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ། [M] མི་རིགས་དཔེེ་སྐྲུན་ཁང་། 2008:124
⑤དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:163

⑥དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:189

⑦དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:184
⑧སྤེན་པ་རྒྱ་མཚོ། བོད་ཡིག་སྐད་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ། [M] མི་རིགས་དཔེ་སྐྲུན་ཁང་། 2017:185
⑨ལྕགས་ཐར་རྒྱལ། བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག [M] མི་རིགས་དཔེ་སྐྲུན་ཁང་། 2017:60


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1