[གནད་བཏུས] རྩོམ་འདིར་ལོ་ཙཱ་རིག་པའི་གཞུང་ལུགས་འགར་གཞི་བཅོལ་ཏེ། དཔལ་དོན་གྲུབ་རྒྱལ་མཆོག་གི་འགྱུར་རྩོམ《སྙན་ངག་གི་རྦ་རླབས》ཞེས་པར་དོན་གསལ་ཞིང་ཚིག་ཉམས་ཆེ་བ། སྒྱུར་ཐབས་ཕུན་སུམ་ཚོགས་པ། ངང་ཚུལ་སྟོན་པའི་སྒྲ་མང་ཞིང་མཛེས་པ་སོགས་ཀྱི་ཁྱད་ཆོས་འཛོམས་པ་བརྗོད་ཡོད་ཅིང་། དེ་མིན་དེ་ལས་འཕྲོས་པའི་བསམ་ཚོར་ཙམ་གླེང་ཡོད།
[གནད་ཚིག] 《སྙན་ངག་གི་རྦ་རླབས》བོད་འགྱུར་མ། ཁྱད་ཆོས། བསམ་གཞིག།
དང་པོ། འགྱུར་མ་སྤྱིའི་ཁྱད་ཆོས་བརྗོད་པ།
འགྱུར་རྩོམ་གྲགས་ཅན《སྙན་ངག་གི་རྦ་རླབས》ཞེས་པ་འདིར་འགྱུར་མའི་རྗོད་བྱེད་ཀྱི་ཚིག་ལ་འཁྲུལ་བ་མེད་ཅིང་ཉམས་ཆེ་བ་མ་ཟད། བསྒྱུར་བྱའི་རྩོམ་གྱི་ཁྱད་ཆོས་མ་ཉམས་ཤིང་། མི་རིགས་རང་གི་སྐད་བརྡའི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་དང་མཐུན་པ་སོགས་ཕྱོགས་གང་ནས་བལྟས་ནའང་ཁྱད་པར་དུ་འཕགས་པས། གཤམ་དུ་འགྱུར་ཡིག་ཁག་ལ་གཤིབ་བསྡུར་བྱས་ནས“སྙན་ངག་གི་རྦ་རླབས”ཞེས་པའི་འགྱུར་མ་འདིར་ཁྱད་ཆོས་ཅི་ཡོད་དཔྱད་པར་བྱ།
གཅིག དོན་གསལ་ཞིང་ཚིག་ཉམས་ཆེ་བའི་ཁྱད་ཆོས།
རྩོམ་རིག་ལོ་ཙཱ་ནི་གསར་རྩོམ་བསྐྱར་མ་ཞིག་ཡིན་ཞེས་པ་ལྟར། འགྱུར་མ་འདིར་བསྒྱུར་བྱ་གང་དེའི་བརྗོད་དོན་དང་རྩོམ་ཉམས་མ་འཆོལ་བ་གཞིར་བྱས་ཏེ། རྗོད་བྱེད་ཀྱི་ཚིག་ནི་ཡིག་འབྲུ་རེ་རེ་བཞིན་གདོང་སྤྲད་ནས་བསྒྱུར་མེད་པར། མི་རིགས་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དང་རོལ་མྱོང་གི་སེམས་ཁམས་སོགས་དང་མཐུན་པའི་དགོས་མཁོ་ལྟར་བཟོ་བཅོས་དང་ལས་སྣོན་ཅི་བདེར་མཛད་ཡོད་པ་རྣམ་གསལ་གྱི་དཔེ་དྲངས་ནས་བརྗོད་ན།
དཔེར་ན། “在我面前展现的,是明媚的、深静的草原。”①ལྟ་བུ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“མཛེས་སྡུག་ལྟ་བའི་མི་ངོམས་ལ་དབེན་ཞིང་ཁ་ཁུ་སིམ་པའི་རྩྭ་ཐང་ནི། སྐད་ཅིག་དེ་ཉིད་ལ་བདག་གི་ཁྲ་ཆུང་མིག་ལམ་དུ་ཤར་བྱུང་།”②ཞེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ངའི་མདུན་དུ་མངོན་པ་ནི་མཛེས་སྡུག་དང་ལྷིང་འཇགས་ཀྱི་རྩྭ་ཐང་ཡིན།”ཞེས་པའི་འགྱུར་ཡིག་གཉིས་བསྡུར་ན། འགྱུར་ཡིག་ཁ་པར། མ་ཡིག་གི་ཚིག་འབྲུ་ཇི་བཞིན་ཆད་ལྷག་མེད་པར་ཁ་དམ་ཞིང་མཁྲེགས་ཐལ་ཆེ་བ་དང་ཚིག་དོན་གོ་བདེ་བ་གཙོ་བོར་བཟུང་སྟེ་ཐད་སྒྱུར་ཤུགས་ཆེ་བས་ཚིག་གྱོང་ཞིང་གསོན་ཉམས་བྲལ་བའི་སྐྱོན་མཆིས་ལ། དེ་དང་བསྡུར་ན་འགྱུར་ཡིག་ཀ་པར། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་བརྩམས་པའི《དག་ཡིག་མཁས་པའི་འབྱུང་གནས》སུ་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་སྐབས་སུ་གནང་བའི་ཚིག་སྟེ“ཚིག་གསལ་ཞིང་གོ་བདེ་བ། དོན་དང་མི་འགལ་བར་བྱས”③ཞེས་པ་ཚད་གཞིར་བཟུང་སྟེ། འགྱུར་མའི་ཚིག་གི་སྦྱོར་ལུགས་དང་སྙན་ཚིག་གི་ཉམས། སྙན་པའི་རོ་ལ་དབྱེ་ཞིབ་བྱས་ནས“མཛེས་སྡུག་ལྟ་བའི་མི་ངོམས”“དབེན་ཞིང་སིམ་པ”“སྐད་ཅིག་དེ་ཉིད”ཅེས་གནས་སྐབས་ཀྱི་དོན་གྱི་སྙེག་ས་དང་མ་རྩོམ་གྱི་ཉམས། སྐད་ཆའི་མཛེས་ཆ་སོགས་ཐོན་པའི་དགོས་མཁོ་ལྟར། མིང་བརྡ་རེ་རེ་བཞིན་གདོང་སྤྲད་དུ་མེད་ཀྱང་བསྒྱུར་བྱ་གང་དེའི་བསྟན་དོན་དང་ཚིག་རྒྱན་གྱི་ནུས་པ་སོགས་ལྷག་ལུས་མེད་པར་ཇི་བཞིན་མཚོན་ཡོད་ལ། ཚིག་སྔ་ཕྱིའི་གོ་རིམ་ཅི་བདེར་བསྣོར་ནས་བསྒྱུར་ཡོད་པས། མ་ཡིག་ལས་མངོན་པའི་རྩོམ་གཤིས་དེའང་ཇི་བཞིན་སོར་འཇོག་བྱས་ཡོད་པའི་ཁྱད་ཆོས་ལྡན།
གཞན་ཡང“草原上,满眼春意。”④ཞེས་པ་ལྟ་བུར་མཚོན་ན། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“རྩྭ་ཐང་གི་ཕྱོགས་ཀུན་ཏུ་དཔྱིད་དཔལ་གྱི་དགེ་མཚན་གྱིས་ཁྱབ་འདུག”⑤ཅེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“རྩྭ་ཐང་གི་ཕྱོགས་ཀུན་ཏུ་དཔྱིད་དཔལ་གྱི་རྣམ་པས་ཁེངས་འདུག”ཅེས་པ་དང་།
ཡང“这位站长,真能干。”⑥ལྟ་བུ་ལ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ཀྲན་ཀྲང་འདི་ངོ་མ་མི་ལས་ཀ་ཅན་ཞིག་རེད།”⑦ཅེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ཀྲན་ཀྲང་འདི་ངོ་མ་འཇོན་པོ་ཞིག་རེད།”ཅེས་པའི་འགྱུར་ཡིག་གཉིས་རེ་རེ་བཞིན་བསྡུར་ན། དཔེར་བརྗོད་སོ་སོའི་འགྱུར་ཡིག་ཁ་པར། ཡིག་ངོས་ཀྱི་གོ་བ་ཁོ་ན་ཙམ་གཙིགས་སུ་བཟུང་སྟེ་ཐད་སྒྱུར་ཐལ་དྲགས་པས། འགྱུར་ཡིག་གིས་ཀློག་པ་པོར་བསམ་གཞིགས་བཏང་མེད་པར་མ་ཟད། ཁ་གསལ་གོ་བདེ་ཞིག་ཀྱང་བྱུང་མེད་པས། ཀློག་པ་པོར་མགོ་རྨོངས་པའི་ཚོར་བ་ཞིག་སྟེར་ལ། འགྱུར་ཡིག་ཀ་པར་མཚོན་ན། 《སྒྲ་སྦྱོར་བམ་གཉིས》ལས་བསྟན་པའི་ལོ་ཙཱའི་ཚད་གཞི་སྟེ།“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གར་བདེ་བར་གྱིས་ཤིག”⑧ཅེས་པ་ལྟར། དོན་ཕར་བསྟུན་དང་ཚིག་ཚུར་བསྟུན་སྒོས་མ་རྩོམ་གང་གི་བརྗོད་དོན་དེ་ཆད་ལྷག་ནོར་འཛོལ་མེད་པར་ཇི་བཞིན་མཚོན་ཡོད་པར་མ་ཟད། སྐད་ཆའི་སྦྱོར་ལུགས་ཀྱང་བོད་སྐད་ཀྱི་ལུགས་དང་བརྡ་སྤྲོད་པའི་གཞུང་སོགས་དང་མཐུན་པར་བྱས་ཏེ་བོད་སྐད་ཀྱི་ཚིག་རྣལ་མ་བེད་སྤྱད་དེ་ཚིག་ལ་དབང་བསྒྱུར་བའི་རྟགས་ཐོན་ཡོད།
དེ་མིན“天真冷啊!晚上冻的我两只脚发麻,我没有希望了。”⑨ལྟ་བུར་མཚོན་ན། འགྱུར་ཀ་པ།དཔལ་དོན་གྲུབ་རྒྱལ་གྱིས“ནམ་ཟླ་ངོ་མ་འཁྱག་གི དགོང་མོ་ངའི་རྐང་པ་གཉིས་ཀ་གྲང་ནས་སྦྲིད་སོང་བས། སེམས་ལ་ད་འཇིག་རྟེན་འདི་ནས་འདུག་ཁ་ངོ་མ་ཁག་པོ་རེད་སྙམ་བྱུང།”⑩ཞེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ནམ་ཟླ་ནི་ཅི་འདྲའི་འཁྱག་པ་ལ། དགོང་མོ་གྲང་ནས་ངའི་རྐང་པ་གཉིས་སྦྲིད་དུ་བཅུག ད་ནི་རེ་བ་སྤུ་ཙམ་ཡང་མེད།”ཅེས་པའི་འགྱུར་ཡིག་གཉིས་བསྡུར་ན་འགྱུར་ཡིག་ཀ་པའི་ཚིག་སྦྱོར་བདེ་ལ་འགྱུར་ཁུགས་སྙན་མོས་དོན་ལེགས་པར་བསྟན་པ་མ་ཟད། ཀློག་པའི་ཚེ་འགྱུར་མ་འདི་ནི་བོད་རང་གི་རྩོམ་པ་པོ་ཅིག་གིས་བྲིས་པ་དང་གཉིས་སུ་མེད་པའི་སྣང་བ་ཞིག་སྟེར་ཞིང་།རྩོམ་རིག་གི་ཉམས་འགྱུར་རྫོགས་པའི་ཆེད་དུ་མ་ཡིག་ན་མེད་པའི་ཚིག་རྒྱན་གྱིས་ལེགས་པར་སྤྲས་ནས་སྣང་བརྙན་ཇེ་གསལ་དང་གསོན་ཤུགས་ཇེ་རྒྱས་སུ་བཏང་ཡོད།
གཉིས། སྒྱུར་ཐབས་ཕུན་སུམ་ཚོགས་པའི་ཁྱད་ཆོས་བརྗོད་པ།
སྤྱིར་ལོ་ཙཱ་ནི་ཡིག་རིགས་གང་རུང་ལས་བརྩམས་པའི་རྩོམ་རིག་གི་བསྟན་དོན་གང་རུང་ལ་འདོར་ལེན་དང་བཟོ་བཅོས་ཅི་ཡང་མ་བྱས་པར་ཡིག་རིགས་གཞན་ཞིག་གི་སྐད་བརྡའི་སྒྲ་གདངས་དང་མིང་འདོགས་ཚུལ། ཚིག་སྦྱོར་གྱི་གྲུབ་ལུགས། རྒྱན་སྡེབ་སྟངས་སོགས་དང་ཆ་ཡོངས་སུ་མཚུངས་པར་བསྒྱུར་བ་ཞིག་ཡིན་མོད། འོན་ཀྱང་དེ་ནི་ལས་སླ་མོ་ཞིག་ཡེ་ནས་མིན་པས། དེ་ལོ་ཙཱའི་སྒྱུར་ཐབས་དང་མི་བརྟེན་ག་མེད་དུ་གྱུར་འདུག དེ་ལྟར《སྙན་ངག་གི་རྦ་རླབས》ཞེས་པའི་འགྱུར་མ་ལྟ་བུར་མཚོན་ནའང་ཐད་སྒྱུར་དང་དོན་སྒྱུར། འགྲེལ་སྒྱུར། བརྗེ་སྒྱུར། སྣོན་སྒྱུར། བསྡུས་སྒྱུར་སོགས་ཀྱི་ལོ་ཙཱའི་སྒྱུར་ཐབས་སྣ་མང་ལ་བརྟེན་ཡོད་དེ།
1.དོན་སྒྱུར་གྱི་ཐབས་སྤྱད་པ། དོན་སྒྱུར་ནི《སྒྲ་སྦྱོར་བམ་གཉིས》ལས། “སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས།”⑪ཞེས་འབྱུང་བ་ལྟར། འདི་ནི་རྒྱ་ཡིག་ཏུ་བྱུང་བའི་མིང་ཇི་བཞིན་དུ་མི་བསྒྱུར་བར་སྐབས་སུ་བབ་པའི་དོན་ལ་དམིགས་ཏེ་གང་ལ་གང་འཚམ་དུ་བསྒྱུར་བའི་ཐབས་ཤིག་ཡིན་ལ། རྒྱ་ཡིག་ཏུ“推演法”ཡང་ཟེར། དཔེར་ན། “肚子大的不能再大了。”⑫ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“གསས་པ་འབུར་ནས་གས་ལ་ཁད་ཅིག་ཏུ་གྱུར།”⑬ཅེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“གསས་པ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར།” ཅེས་པའི་འགྱུར་ཡིག་གཉིས་བསྡུར་ན། གུས་ཕྲན་གྱིས་བསྒྱུར་བ་དེ་ཐད་སྒྱུར་ཤུགས་ཀྱིས་རྡོ་ཆག་བཙན་སྒྲིག་ལྟ་བུའི་སྐྱོན་གྱིས་ནོངས་ལ། འགྱུར་ཡིག་ཀ་པར་རྒྱ་ཡིག་གི་ཚིག་འགྲོས་ཇི་བཞིན་བསྒྱུར་མི་ནུས་པའམ་ཡང་ན་བསྒྱུར་ཀྱང་བོད་སྐད་ལ་གོ་མི་བདེ་བས། མ་རྩོམ་གང་གི་བསྟན་དོན་དང་ཁྱད་ཆོས་སོགས་ལ་རྒྱུས་ལོན་གཏིང་ཟབ་པ་ཞིག་བྱས་རྗེས། གཙོ་བོ་སྒྱུར་བྱེད་སྐད་ཀྱི་ཚིག་གི་སྦྱོར་ལུགས་དང་བརྡ་སྤྲོད་ཀྱི་རྣམ་གཞག དཔེ་འགོད་སྟངས་སོགས་ལ་བསྟུན་ནས་ཡང་བསྐྱར་མཚོན་པར་བྱས་ཡོད།
2.ཐད་སྒྱུར་གྱི་ཐབས་སྤྱད་པ། ཐད་སྒྱུར་ནི་བསྒྱུར་བྱ་གང་དེའི་ཚིག་གདོང་ངམ་ཚིག་ཟིན་གྱི་བསྟན་དོན་བཞིན་ཐད་ཀ་ཐད་སོར་སྒྱུར་བྱེད་སྐད་དུ་བསྒྱུར་བ་ལ་བྱ་སྟེ། རྒྱ་ཡིག་ཏུ“移植法”ཡང་ཟེར། སྤྱིར་ཐད་སྒྱུར་གྱི་ཐབས་ལམ་འདི་ནི་མིང་བརྡ་ཐད་སྒྱུར་བྱ་བ་དང་ཚིག་ཐད་སྒྱུར་བྱ་བ་གཉིས་ཀར་སྤྱོད་རུང་ལ། ཚིག་གི་སྦྱོར་བ་གང་ཞིག་ཐད་སྒྱུར་བྱ་བ་ནི་གཙོ་བོ་ཚིག་རིས་ཇི་བཞིན་དྲང་ཐད་དུ་བསྒྱུར་བ་སྟེ། རྣམ་གསལ་གྱི་དཔེར་དྲངས་ནས་བརྗོད་ན། “我走过去向她问路。”⑭ལྟ་བུ་དང་། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ང་ཁོ་མོའི་གམ་དུ་བཅར་ནས་ལམ་དྲིས་པ་ལ།”⑮ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ང་ཁོ་མོའི་གམ་ལ་སོང་ནས་ལམ་དྲིས་པ་ན།”ཞེས་པ་དང་། གཞན་ཡང“那个车坏了,站长帮助修理呢”⑯ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ཕ་གིའི་འཁོར་ལོ་དེར་སྐྱོན་ཤོར་སོང་བས། ཀྲན་ཀྲང་གིས་ལས་རོགས་བྱེད་ཀྱིན་ཡོད།”⑰འགྱུར་ཁ་པ། གུས་ཕྲན་གྱིས“ཕ་གིའི་རླངས་འཁོར་ལ་སྐྱོན་ཤོར་བས། ཀྲན་ཀྲང་གིས་ལས་རོགས་བྱེད་བཞིན་ཡོད།” ཅེས་པའི་འགྱུར་ཡིག་དག་ཕན་ཚུན་བསྡུར་ན། འགྱུར་ཡིག་ཁ་པ་དེ་ལྟོས་བཅོས་ཀྱིས་རང་རིགས་ཀྱི་མིང་ཚིག་བརྗོད་པའི་ཁྱད་ཆོས་ཀྱིས་དབེན་པའི་སྐྱོན་སྣང་ལ། འགྱུར་ཡིག་ཀ་པར་ཡིག་ཟུར་རེ་གཉིས་སྣོན་འཕྲིའམ་སྔ་ཕྱི་བརྗེ་བ་མ་གཏོགས་ཚིག་བྱིངས་ནི་མ་ཡིག་གི་ཚིག་འགྲོས་དང་བསྟུན་ནས་དྲང་ཐད་དུ་བསྒྱུར་ཡོད་པ་མ་ཟད། སྒྱུར་བྱེད་སྐད་ལའང་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་བརྗོད་བདེ་བའི་ཁྱད་ཆོས་མངོན་ཡོད།
3.འགྲེལ་སྒྱུར་གྱི་ཐབས་སྤྱད་པ། འགྲེལ་སྒྱུར་ནི་རྒྱ་ཡིག་གི་མིང་གང་ཞིག་བོད་ཡིག་ཏུ་དེའི་ལྟོས་ཟླར་གྱུར་པ་མེད་པ་དང་། ཐད་སྒྱུར་དང་ཚབ་སྒྱུར། འཕྲོས་སྒྱུར་ལ་སོགས་པའི་ཐབས་ཀྱང་སྤྱད་མི་བཏུབ་པ་ཞིག་ཡིན་ན། གོ་སླ་བའི་ཆེད་དུ་འགྲེལ་བཤད་ཀྱི་ཚུལ་དུ་བསྒྱུར་བ་ཞིག་གོ །
རྒྱ་ཡིག་ཏུ“解释法”ཞེས་ཟེར་ལ། དཔེ་ཙམ་དྲངས་ན། “正如富饶的白云鄂博铁山。”⑱ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“རིན་ཆེན་གཏེར་གྱིས་ཕྱུག་པའི་པེ་ཡུན་ཨོ་པོའི་གཏེར་རི།”⑲ཞེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ཐོན་ཁུངས་ཕུན་སུམ་ཚོགས་པའི་པེ་ཡུན་ཨོ་པའོ་རི་བོ་དང་མཚུངས།”ཞེས་པ་འདིར་མཚོན་ན་འགྱུར་ཡིག་ཁ་པ་དེ་བོད་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་བརྡ་སྤྲོད་ལུགས། ཚིག་གི་སྡེབ་སོགས་དང་བསྟུན་ཅི་ཐུབ་བྱས་མེད་པའི་སྐྱོན་སྣང་ལ། འགྱུར་ཡིག་ཀ་པར་བསྒྱུར་བྱ་དེའི་མཚོན་དོན་གང་ཉིད་འགྲེལ་བཤད་རང་བཞིན་གྱི་ཐབས་སྤྱད་དེ་མ་ཡིག་དང་འགྱུར་ཡིག་གི་ནུས་པ་འདྲ་མཚུངས་ཡོང་བར་གཙོ་བོར་བཟུང་སྟེ། མ་ཡིག་ཏུ་བསྟན་པའི་ཐུན་མིན་རིག་གནས་གསལ་བོར་མཚོན་ཡོད་པའི་ཁྱད་ཆོས་ལྡན།
4.བརྗེ་སྒྱུར་གྱི་ཐབས་སྤྱད་པ། བརྗེ་སྒྱུར་ནི་རྒྱ་ཡིག་གི་མིང་གང་ཞིག་བོད་ཡིག་ཏུ་བསྒྱུར་ཚེ་དེ་དང་དོན་འདྲ་བའམ་ཉེ་བའི་ཐ་སྙད་གཞན་ཞིག་བརྗེས་ནས་བསྒྱུར་བ་ལ་ཟེར་ཞིང་། རྒྱའི་སྐད་དུ“替换法”ཟེར། དཔེར་ན།“我骑的这匹小走马,步子匀稳而轻敏,使人觉得仿佛置身于摇篮里。”⑳ལྟ་བུ་ལ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ང་རང་བཅིབས་པའི་རྟ་ཕོ་འགྲོས་མ་འདི་གོམ་ལག་ཤིན་ཏུ་བདེ་བས། ད་འགྱོག་བྱམས་ནང་བསྡད་པ་དང་འདྲ།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ང་རང་ཞོན་པའི་རྟ་ཕོ་འདི་གོམ་ལག་ཤིན་ཏུ་བདེ་སྟབས། ང་གཡོ་སླེ་ནང་དུ་བསྡད་པ་དང་འདྲ།” ཞེས་བསྒྱུར་ཡོད་པ་གཉིས་ཕན་ཚུན་བསྡུར་ན། འགྱུར་ཡིག་ཁ་པ་དེ་མ་ཡིག་ལ་གོ་བ་ལོན་པར་བྱས་ཡོད་ནའང་མཚོན་བྱེད་ཀྱི་མིང་བརྡ་ནི་དེ་ལྟའི་འདྲ་ཆགས་པོ་ཞིག་བྱུང་མེད་སྙམ་ལ། འགྱུར་ཡིག་ཀ་པར་ལོ་ཙཱ་པས“摇篮”ཞེས་པ་ཐད་ཀར“གཡོ་སླེ”ཞེས་མ་བསྒྱུར་བར“འགྱོག་བྱམས”ཞེས་བསྒྱུར་ཡོད་པས། དེ་ལྟར་བསྒྱུར་ན་གཅིག་བྱས་ན་གོ་བདེ་བ་དང་། དོན་ལ་ཡང་འབྱོར་ཡོད་པའི་ཁྱད་ཆོས་ལྡན། གཞན་ཡང“这时,一台拖拉机从我身边驰过。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“སྐབས་དེར། འདྲུད་འཐེན་འཁོར་ལོ་ཞིག་ངའི་གམ་དུ་སླེབས་བྱུང་བས།”ཞེས་པ་དང་། འགྱུར་ཁ་པ། གུས་ཕྲན་གྱིས“སྐབས་འདིར། འདྲུད་འཐེན་འཁོར་ལོ་ཞིག་ངའི་གམ་དུ་སླེབས་བྱུང་།”ཞེས་པའི་འགྱུར་ཡིག་གཉིས་བསྡུར་ན་འགྱུར་ཡིག་ཀ་པར《སྒྲ་སྦྱོར་བམ་གཉིས》ལས། “སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག”ཅེས་པ་ལྟར། སྐབས་འདིར“这时”ཞེས་པ“སྐབས་འདིར”ཞེས་མ་བསྒྱུར་བར་ཚིག་གི་གོང་འོག་དང་། ཚབ་ཚིག་གིས་རྩོམ་ཡིག་དེའི་ཁྲོད་དུ་ཐོན་པའི་ནུས་པ་དང་དོན་སྙིང་སྐྱེན་པའི་ངང་ཕྱིར་མཚོན་པའི་དགོས་མཁོ་དང་བསྟུན“སྐབས་དེར”ཞེས་བསྒྱུར་ཡོད་ལ། འགྱུར་ཡིག་ཁ་པ་ལུགས་དེ་དང་ལྡོག་པའོ། །དེ་མིན“是巴图,或者巴音,还是巴特尔?”ལྟ་བུར་མཚོན་ན།འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“དཔལ་འབྱོར་དང་དཔལ་ལྡན་ནམ། ཡང་ན་དཔལ་ཐར་ཏེ་སུ་ཞིག་ཡིན་ནམ།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“པཱ་ཐུའུ་དང་པཱ་ཡན།ཡང་ན་པཱ་ཐར་ཟེར་བ་ཡིན་ནམ།” ཞེས་པའི་འགྱུར་ཡིག་གཉིས་ལ་མཚོན་ན། འགྱུར་ཡིག་ཁ་པར་མིའི་མིང་སྒྱུར་སྐབས་སྒྲ་ཇི་བཞིན་སོར་འཇོག་གི་ཐབས་བཀོལ་སྤྱོད་བྱས་ཡོད་མོད། ལོ་ཙཱ་པ་དཔལ་དོན་གྲུབ་རྒྱལ་གྱིས་གཅིག་ནས་བོད་རང་གི་མིང་གཤའ་མ་ཡིན་པ་དང་། གཉིས་ནས་ཀློག་པ་པོས་འགྱུར་ཡིག་དང་ལེན་བྱེད་སླ་བོ་ཡོང་ཆེད་སྒྲ་ཇི་བཞིན་སོར་འཇོག་གི་ཐབས་བཀོལ་མེད་པར་བརྗེ་སྒྱུར་གཙོ་བྱས་རང་འགྱུར་གྱི་ཐབས་ཇུས་སྤྱད་པ་བརྒྱུད། སོག་མིང་དག་བོད་རང་གི་ཁྱད་ཆོས་ལྡན་པའི་མིང་དུ་བསྒྱུར་ཡོད།
5.སྣོན་སྒྱུར་གྱི་ཐབས་སྤྱད་པ། སྣོན་སྒྱུར་ནི་བསྒྱུར་བྱ་མ་ཡིག་གང་གི་ཚིག་གདོང་ལ་དངོས་སུ་མེད་ཀྱང་སྒྱུར་བྱེད་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བ་ཞིག་འོང་ཆེད་ཚིག་ཟུར་ཅུང་ཟད་རེ་བསྣན་ནས་བསྒྱུར་བ་ལ་བྱ་ཞིང་།ཚིག་བསྒྱུར་བ་ལ་ཆེས་ཆེར་བྲིན་པའི་རྒྱུན་སྤྱོད་ཀྱི་ལོ་ཙཱའི་ཐབས་རྩལ་ཞིག་ཡིན། དཔེར་ན། “一片土地,黑光闪闪,犹如刚掺过油,好肥沃啊!”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ས་ནག་མཆིན་པ་ལྟ་བུར་ད་སོ་མ་སྣུམ་ནག་བྱུགས་པ་དང་མཚུངས་པར་ནག་ཤིག་གེར་འོད་དུ་འཚེར་པ་འདི་ཅི་འདྲའི་ས་ཞིང་གཤིན་པོ་ཞིག་རེད་ཨང།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“ས་ཆེན་པོ་ནི་མ་འགྱངས་པའི་སྔོན་ལ་སྣུམ་བྱུགས་པ་ལྟར་ནག་ཀེ་རེར་འདུག”ཅེས་དང། གཞན་ཡང“蓝天般的湖水,湖水般的蓝天。”ལྟ་བུ་ལ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“སྔོ་སངས་ནམ་མཁའ་ལྟ་བུའི་མཚེའུ་དང་།དྭངས་གསལ་མཚེའུ་ལྟ་བུའི་ནམ་མཁའ།”འགྱུར་ཁ་པ། གུས་ཕྲན་གྱིས“ནམ་མཁའ་ལྟ་བུའི་མཚེའུ་དང་། མཚེའུ་ལྟ་བུའི་ནམ་མཁའ།”ཞེས་པའི་འགྱུར་ཡིག་གཉིས་བསྡུར་ན། ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་གིས《དག་ཡིག་མཁས་པའི་འབྱུང་གནས》སུ། “སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་དུ་བསྣན་ནས་བསྒྱུར་བར་བྱའོ། །”ཞེས་པ་ལྟར། དཔེར་བརྗོད་གཉིས་ཀྱི་འགྱུར་ཡིག་ཁ་པར་གནས་སྐབས་ཀྱི་བསྟན་དོན་དེའི་ངོ་བོ་ཇེ་གསལ་དུ་བཏང་མེད་པར་མ་ཟད། དོན་གྱི་ནུས་པ་རྫོགས་པར་བསྟན་མེད་པའམ་བརྗོད་དོན་གང་ཉིད་གསལ་བོར་མཚོན་ནུས་པའི་ཚིག་བསྣན་ནས་བསྒྱུར་མེད། དཔེར་བརྗོད་དང་པོའི་འགྱུར་ཡིག་ཀ་པར་ལོ་ཙཱ་པས་བྱེ་བྲག་གི་སྣོན་སྒྱུར་གྱི་ཐབས་སྤྱད་པ་བརྒྱུད། བོད་རང་གི་བརྡ་སྤྲོད་ལུགས་དང་སྐད་ཆའི་སྦྱོར་སྲོལ་སོགས་ལ་བསྟུན་ནས“ས་ནག”དེ“མཆིན་པའི”དཔེ་རུ་སྦྱར་ཏེ་མ་ཡིག་གི་དོན་འགྱུར་ཡིག་ཏུ་ཡོངས་སུ་མཚོན་པར་བྱས་ཡོད་ལ། དཔེར་བརྗོད་གཉིས་པའི་འགྱུར་ཡིག་ཀ་པར། གནས་སྐབས་ཀྱི་བསྟན་དོན་དེའི་ངོ་བོ་ཇེ་གསལ་དུ་བཏང་ནས་དོན་གྱི་ནུས་པ་རྫོགས་པ་དང་། ཉམས་མེད་པ་ཇེ་ཡོད་ལ་གཏོང་བར་དམིགས་ཏེ་བསྒྱུར་བྱ་མ་ཡིག་ན་མེད་པའི་ཚིག་ཟུར“སྔོ་སངས”དང“དྭངས་གསལ”སོགས་ཁ་བསྣན་ནས་བོད་རང་གི་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བ་མ་ཟད་མ་ཡིག་གི་དོན་ཡོངས་སུ་བསྐྱར་མཚོན་བྱས་ཡོད།
6.བསྡུས་སྒྱུར་གྱི་ཐབས་སྤྱད་པ། བསྡུས་སྒྱུར་ནི་བསྒྱུར་བྱ་མ་ཡིག་ལ་ཚིག་ཚན་དུ་མ་ཡོད་པ་སྒྱུར་བྱེད་བོད་སྐད་དུ་ཚིག་ཚན་ཇེ་ཉུང་དུ་བསྡུས་ནས་བསྒྱུར་བའི་ཐབས་ཤིག་ལ་བྱ་སྟེ། བོད་རང་གི་བརྡ་སྤྲོད་ཀྱི་རྣམ་གཞག་དང་སྐད་ཆའི་ལུགས་སྲོལ་སོགས་དང་ཉེ་བར་བསྟུན་ཏེ་བསྡུས་ནས་བསྒྱུར་ཡོད་པ་རྣམ་གསལ་གྱི་དཔེར་དྲངས་ནས་བརྗོད་ན། “在绕过一池湖水,走过两座小山,就可望见三间白色帐篷。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“འདི་ནས་མཚེའུ་ཞིག་དང་རི་ཆུང་ཆུང་གཉིས་བརྒྱུད་དེ་སོང་ན། རས་གུར་གསུམ་མཐོང་ཐུབ་ཟེར།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“འདི་ག་ནས་མཚེའུ་གཅིག་བསྐོར་ཞིང་རི་བོ་ཆུང་ཆུང་གཉིས་བརྒྱུད་དེ་ཕར་སོང་ན་རས་གུར་དཀར་པོ་གསུམ་མཐོང་བར་བྱེད་ཐུབ”ཅེས་པའི་འགྱུར་ཡིག་འདི་གཉིས་བསྡུར་ན། མ་ཡིག་ནི་ཚིག་ཚན་དུ་མ་བསྟུད་མར་བཀོད་ནས་བརྗོད་དོན་ཧྲིལ་བོ་གཅིག་མཚོན་པར་བྱས་ཡོད་མོད། འདིར་ལོ་ཙཱ་པས་བོད་རང་གི་ཚིག་སྦྱོར་གྱི་ཁྱད་ཆོས་དང་སྐད་ཆའི་རྗོད་སྟངས། བསྒྱུར་བྱ་མ་ཡིག་གི་བསྟན་དོན་ཇི་བཞིན་མཚོན་པའི་དགོས་དབང་སོགས་ལ་གཞིགས་ནས་ཚིག་ཚན་བར་དུ་སྐབས་བསྟུན་གྱིས་ཚིག་ཕྲད“དང”ལ་སོགས་པ་སྦྱར་ཏེ་ཚིག་རྐང་གཅིག་གམ་གཉིས་སོགས་སུ་བསྡུས་ནས་མཚོན་པར་བྱས་ཡོད་ལ། འགྱུར་ཡིག་ཁ་པར་ཡང་སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་ཀྱི་རྣམ་གཞག་དང་སྐད་ཆའི་བརྗོད་སྲོལ་སོགས་ལ་བསྟུན་ནས་སྐབས་བབ་ལྟར་ཚིག་རྐང་གཅིག་གམ་གཉིས་སུ་བསྡུས་ནས་མཚོན་ཡོད་མོད། འོན་ཀྱང་ཚིག་ལྷག་མང་བའི་སྐྱོན་སྣང་། གཞན་ཡང“身穿浅绿色长袍的少女。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ལྭ་རིང་ལྗང་སྐྱ་གོན་པའི་གཞོན་ནུ་མ།”ཞེས་དང་།འགྱུར་ཁ་པ། གུས་ཕྲན་གྱིས“ལུས་ལ་ལྭ་བ་ལྗང་ཁུ་གྱོན་པའི་གཞོན་ནུ་མ།”ཞེས་པའི་འགྱུར་ཡིག་གཉིས་བསྡུར་ན། འགྱུར་ཡིག་ཀ་པར་དོན་མ་བསྡུས་པར་ཚིག་བསྡུས་པའི་ཁྱད་ཆོས་མངོན་ལ། དེ་ནི་དོན་ལ་བསྡུས་སྒྱུར་བྱེད་པར་དོན་རྟོགས་ཐུབ་པས་བསྡུས་སྒྱུར་བྱེད་པ་དང་དོན་རྟོགས་མ་ཐུབ་པས་བསྡུས་སྒྱུར་བྱེད་པ་གཉིས་ཡོད་པ་ལས་འདིར“ལྭ་རིང་ལྗང་སྐྱ”ཞེས་བསྒྱུར་ན་བོད་རང་གི་ཀློག་པ་པོ་རྣམས་ཀྱིས་རྟོགས་ཐུབ་པས་བསྡུས་སྒྱུར་གྱི་ཐབས་སྤྱད་ཡོད་པ་ལྟ་བུ་ཡིན་ཞིང་། འགྱུར་ཡིག་ཁ་པ་ནི་བསྡུས་སྒྱུར་ལས་ཐད་སྒྱུར་ཐལ་དྲགས་པར་བསྒྱུར་བའི་ཉམས་སྣང་།
གསུམ། ངང་ཚུལ་སྟོན་པའི་སྒྲ་ཕུན་སུམ་ཚོགས་པའི་ཁྱད་ཆོས་བརྗོད་པ།
ངང་ཚུལ་སྟོན་པའི་སྒྲ་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྐད་ཆའི་ཁྲོད་དུ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་ཚིག་རྒྱན་སྟོན་ཐབས་ཤིག་ཡིན་པའི་ཆ་ནས། དེས་གཏམ་རྒྱུད་ཀྱི་བྱུང་རིམ་སྔར་ལས་གསོན་ཉམས་ལྡན་པ་དང་སྤྲོ་སྣང་ལྡན་པར་བྱེད་ཐུབ་པ་མ་ཟད། ཀློག་པ་པོ་རྣམས་ལ་རི་མོའི་ངོས་ཀྱི་ཚོར་བ་དང་ཡུལ་དངོས་ཀྱི་ཚོར་བ་སྐྱེས་སུ་འཇུག་ཐུབ་ལ། གཞན་ད་དུང་མི་སྣའི་བྱ་སྤྱོད་སྔར་ལས་གསོན་ཉམས་ལྡན་པ་དང་། མི་སྣའི་སེམས་ཁམས་སྔར་ལས་ཞིབ་ཚགས་ལྡན་པ། བྱ་དངོས་གཞན་དག་ལ་རྒྱན་སྤྲས་པ་ཡང་སྔར་ལས་དོན་དངོས་དང་མཐུན་པ་བཅས་བྱེད་ཐུབ་པས། སྒྲ་དང་བརྩེ་བ་མཉམ་འདྲེས་ཀྱི་ཚིག་རྒྱན་གྱི་ནུས་པ་ཐོན་ཡོད་དེ། རྣམ་གསལ་གྱི་དཔེ་དྲངས་ནས་བརྗོད་ན། “十几台拖拉机来回奔驰着,轰鸣声震耳,黄尘飞扬,与那宁静的草原形成了鲜明的对照。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“འདྲུད་འཐེན་འཁོར་ལོ་བཅུ་ལྷག་ལྡི་རི་རི་ཡར་རྒྱུག་མར་རྒྱུག་བྱེད་པ་དང། ས་རྡུལ་ཡང་ཉི་ལི་ལི་འཚུབས་ཏེ་དབེན་པའི་རྩྭ་ཐང་གི་འགལ་བའི་ཟླ་ལ་ཞུགས་པ་དང་མཚུངས།”ཞེས་པ་དང་།འགྱུར་ཁ་པ། གུས་ཕྲན་གྱིས“འདྲུད་འཐེན་འཁོར་ལོ་བཅུ་ལྷག་ཕར་འགྲོ་ཚུར་འོང་བྱེད་བཞིན། ལྡིར་སྒྲ་སྒྲོག་པ་དང་ཐལ་རྡུལ་འཚུབས་ཏེ། ལྷིང་འཇགས་ཀྱི་རྩྭ་ཐང་དང་མངོན་གསལ་གྱི་བསྡུར་བ་ཆགས་འདུག”ཅེས་པ་དང། གཞན་ཡང“心又跳,嗓子又发干”ལྟ་བུ་ལ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“སྙིང་ཡང་སྟིག་སྟིག་ཏུ་ལྡིང་བ་དང་། ཁ་ལྕེའང་སྐམ་སོང་།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“སྙིང་ལྡིང་ཞིང་མིད་པ་ཡང་སྐམ།”ཞེས་པ། དེ་མིན“老人随手摘下头上那顶蓝制帽,在手掌上啪啪抖打了两下尘土”ལྟ་བུ་ལ། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“བགྲེས་མོ་དེས་ཞྭ་ཕུད་དེ་ལག་མཐིལ་ལ་སྤྲུགས་སྤྲུགས་ལན་གསུམ་
བཏང་།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“བགྲེས་མོ་དེས་ཞྭ་ཕུད་དེ་ལག་མཐིལ་དུ་ཐེངས་འགར་རྡེག”ཅེས་པ། ཡང“有两台拖拉机扬着黄尘,嘟嘟的叫着开了过来。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“འདྲུད་འཐེན་འཁོར་ལོ་གཉིས་རྡུལ་འཚུབ་ཉིལ་ལེར་ཏུའུ་ཏུའུ་ཞེས་དུང་བརྡ་གཏོང་བཞིན་ཚུར་འོངས།”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“འདྲུད་འཐེན་འཁོར་ལོ་གཉིས་རྡུལ་དང་བཅས་ཏེ། ཏུ་དུ་ཏུ་དུ་ཞེས་བརྡ་གཏོང་བཞིན་ཚུར་འོངས་པ་ལ།”ཞེས་པ་ལྟ་བུའི་གོང་གི་འགྱུར་ཡིག་དག་གི་ཁྲོད་དུ་འགྱུར་ཡིག་ཁ་པ་དེར་ངང་ཚུལ་སྟོན་པའི་སྒྲ་སྤྱད་མེད་པས་ལྟོས་བཅས་ཀྱིས་ཚིག་ལ་རོ་ཉམས་ཅི་ཡང་མེད་ལ། ཀློག་མཁན་གྱི་ཡིད་དབང་འགུགས་པའི་ནུས་ཤུགས་ཅུང་ཞན་པའི་གནས་ཤིག་ཏུ་འཁུམས་འདུག་ཅིང་། འགྱུར་ཡིག་ཀ་པར་དཔལ་དོན་གྲུབ་རྒྱལ་གྱིས“ལྡི་རི་རི”“ཉི་ལི་ལི”“སྙིང་སྟིག་སྟིག”“སྤྲུགས་སྤྲུགས།”“ཏུའུ་ཏུའུ”སོགས་སྒྱུར་བྱེད་སྐད་ཆ་དམིགས་ཡུལ་དུ་བྱེད་ཅིང་དེའི་ཁྱད་ཆོས་ལ་ཉེ་བར་བསྟུན་པའི་རང་འགྱུར་གྱི་ཐབས་ཇུས་གཙོར་བྱས་ཏེ། འགྱུར་ཡིག་གང་ཉིད་རང་འགྱུར་ཅན་དུ་བསྒྱུར་ཡོད་པ་དང་དུས་མཚུངས་སུ་སྔར་ཡོད་རིག་གནས་ཀྱི་ཉམས་འགྱུར་སོར་འཇོག སྔར་ཡོད་ཀྱི་ཉམས་འགྱུར་བསྐྱར་དུ་མངོན་པའམ་སྒྱུར་བྱེད་འགྱུར་ཡིག་དེ་མཐོང་མ་ཐག་ཀློག་པ་པོའི་སྣང་ངོར་དངོས་ཡོད་ཀྱི་སྣང་བརྙན་མངོན་མཚོན་བྱེད་ཐུབ་པར་འགྱུར་ཡིག་ལ་ཡིད་དབང་འགུགས་པའི་ནུས་པ་ཁྱད་པར་བ་ལྡན་པར་བྱས་ཡོད།
བཞི། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་གཞིར་བཟུང་སྟེ་བསྒྱུར་བའི་ཁྱད་ཆོས་བརྗོད་པ།
སྤྱིར་མི་རིགས་སོ་སོའི་རིག་གནས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་བཀོད་པ་མི་འདྲ་བའི་ཁྱད་ཆོས་དང་བསྟུན་ནས་ཡུལ་སྲོལ་རིག་གནས་ཀྱི་རྒྱབ་ལྗོངས་དང་སྐད་བརྡའི་བརྡ་སྤྲོད་ལུགས། མིང་དང་ཚིག་གི་གྲུབ་ལུགས་སོགས་མི་འདྲ་བར་མངོན་པས། ལོ་ཙཱ་བྱེད་པའི་སྐབས་སུ་ངེས་པར་དུ་གཟབ་དགོས་པ་ཞིག་ནི་བསྒྱུར་བྱའི་མ་ཡིག་གང་དེའི་རིག་གནས་ཀྱི་བསྟན་དོན་དང་དེར་འབྲེལ་གྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་གོ་བ་གཏིང་ཟབ་པ་ཞིག་ལོན་པར་བྱས་ཏེ་བསྒྱུར་རྒྱུ་དེ་ཡིན། དེ་ལྟ་བུ་རྣམ་གསལ་གྱི་དཔེ་རུ་དྲངས་ནས་བརྗོད་ན།“天空中,既没有云丝,也没有风尘。”ལྟ་བུར།
འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“ནམ་མཁའི་དབྱིངས་སུ་སྤྲིན་པ་བྱིའུ་མགོ་ཙམ་ཡང་མི་སྣང་ལ། རྡུལ་སྙིགས་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད།”ཅེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“མཁའ་དབྱིངས་སུ་སྤྲིན་པ་མེད་ལ་རྡུལ་སྙིགས་ཀྱང་མེད།”ཅེས་པ། གཞན་ཡང“圆脸,宽眉。”ལྟ་བུར། འགྱུར་ཀ་པ། དཔལ་དོན་གྲུབ་རྒྱལ་གྱིས“གདོང་སྒོར་སྒོར་ཡིན་པ། མིག་དཀྱུས་རིང་བ”ཞེས་དང་། འགྱུར་ཁ་པ། གུས་ཕྲན་གྱིས“གདོང་སྒོར་ལ་སྨིན་མ་སྦོམ།”ཞེས་པ་ལྟ་བུའི་འགྱུར་ཡིག་རེ་རེ་བཞིན་བསྡུར་ན། འགྱུར་ཡིག་ཁ་པར། སྒྱུར་བྱེད་སྐད་ཀྱི་ཚིག་བབ་དང་དགོས་མཁོ། རིག་གནས་ཀྱི་རྒྱབ་ལྗོངས་བཅས་གཞིར་བཟུང་སྟེ། སྐབས་བསྟུན་མཐུན་འཇུག་གིས་བསྒྱུར་མ་ནུས་པས། མ་ཕྱིའི་ཉམས་འགྱུར་ཤོར་བ་མ་ཟད། རང་རིགས་ཀྱི་མིང་ཚིག་བརྗོད་པའི་ཁྱད་ཆོས་ཀྱིས་དབེན་པའི་སྐྱོན་སྣང་ལ། འགྱུར་ཡིག་ཀ་པར་དཔལ་དོན་གྲུབ་རྒྱལ་གྱིས་མི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་།འགྱུར་སྐད་ཀྱི་ཀློག་པ་པོར་ཇི་ལྟར་ཕ་སྐད་ཀྱི་ཀློག་པ་པོ་དང་འདྲ་མཚུངས་ཀྱི་གོ་བ་ཞིག་སྐྱེ་རུ་འཇུག་རྒྱུར་དམིགས་ཡུལ་དུ་བཟུང་སྟེ། “云丝”ཞེས་པ་ཐད་ཀར“སྤྲིན་པའི་དར་སྐུད”ཅེས་མ་བསྒྱུར་བར“སྤྲིན་པ”དེ“བྱིའུ་མགོ”ཡི་གཟུགས་སུ་བཀོད་ཡོད་ལ། “宽眉”ཞེས་པ་དེའང་བོད་རང་གི་རིག་གནས་ཀྱི་སྲོལ་དང་བོད་རང་གི་བརྗོད་སྟངས་ཁྱད་པར་ཅན་དང་མཐུན་པར་བྱས་ཏེ“མིག་དཀྱུས་རིང་བ”ཞེས་བསྒྱུར་ཡོད། དེ་ལྟར་བསྒྱུར་བས་གཅིག་ནས་བོད་རང་གི་བརྡ་སྤྲོད་ལུགས་དང་སྐད་ཆའི་སྦྱོར་སྲོལ་དང་མཐུན་ལ། གཉིས་ནས་མ་རྩོམ་གྱི་དགོངས་དོན་ཡང་ཇི་བཞིན་མཚོན་པར་བྱས་འདུག་གོ །
གཉིས་པ། འགྱུར་མའི་ཁྱད་ཆོས་ལས་འཕྲོས་པའི་བསམ་གཞིག།
རྩོམ་རིག་ལོ་ཙཱ་ཞེས་པ་ནི་བསྒྱུར་བྱ་གང་དེའི་བརྗོད་སྙིང་མ་འཆོལ་བར་བྱས་པའི་རྨང་གཞིའི་སྟེང་།དོན་ལ་ཉམས་འགྱུར་གྱིས་ཕྱུག་ཅིང་ཚིག་ལ་གསོན་ཉམས་ཀྱིས་མཛེས་པར་བྱས་ཏེ། བཀླགས་ན་ལྗགས་ལ་སིམ་ཞིང་ཉན་ན་སྣ་བར་འཇེབས་པ་ཞིག་བྱེད་རྒྱུ་དེ་ཡིན་ལ། རྒྱའི་མཁས་པ་མའོ་ཏུན་ལགས་ཀྱིས། “རྩོམ་རིག་ལོ་ཙཱ་ནི་སྐད་རིགས་གཞན་ཞིག་ལ་བརྟེན་ནས་མ་རྩོམ་གང་གི་སྒྱུ་རྩལ་ཡིད་ཁམས(艺术意境)མཚོན་པར་བྱས་ཏེ། ཀློག་པ་པོས་འགྱུར་ཡིག་ཀློག་པའི་ཚེ་ན་མ་རྩོམ་བཀླགས་པ་ལྟ་བུའི་བློ་བསྐྱེད་དང་ཡིད་འགུག མཛེས་ཚོར་བཅས་མྱོང་ནུས་པ་ཞིག་བྱ་དགོས”ཞེས་པ་དང་། རྒན་ཆེན་མོ་སངས་རྒྱས་ལགས་ཀྱིས་སྒྱུ་རྩལ་ལྡན་པའི་བརྩམས་ཆོས་དེ་སྒྱུ་རྩལ་ལྡན་པའི་སྒོ་ནས་མཚོན་པར་བྱེད་དགོས་ཞེས་བསྟན་པ་ལྟར། རྩོམ་གྱི་རིགས་རྣམས་ལ་བརྗོད་དོན་མཚོན་སྟངས་དང་སྐད་ཆའི་སྦྱོར་ལུགས་སོགས་ཐུན་མིན་གྱི་ཁྱད་ཆོས་སམ་ཁྱད་པར་ལྡན་པས་ན། དེ་དག་རང་སྐད་དུ་བསྒྱུར་དུས་ཀྱི་ལོ་ཙཱའི་ཚད་གཞི་དང་།ལོ་ཙཱའི་རྩ་དོན་སོགས་ཀྱང་མི་འདྲ་ལ་བྱེ་བྲག་གི་སྒྱུར་ཐབས་དང་བླང་བྱ་སོགས་ཀྱང་མི་འདྲ་བས། འདིར་རྩོམ་རིག་ཅེས་པའི་སྟེང་གི་བཀོད་པ་འདིའི་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྦྱོར་སྟངས་དང་སྒྱུ་རྩལ་ཁྱད་ཆོས་ལྟར་ལོ་ཙཱའི་བྱ་བ་ཇི་ལྟར་བྱེད་དགོས་ཤེ་ན།
གཅིག བསྐྱར་རྩོམ་བྱེད་པ།
རྩོམ་རིག་ལོ་ཙཱ་ནི་གསར་སྐྲུན་བསྐྱར་མ་ཞིག་སྟེ། སྒྱུ་རྩལ་སླར་རྩོམ་རྣམ་པ་ཅན་གྱི་རིག་གནས་བྱེད་སྒོ་ཞིག་ཡིན་པས། སྒྱུར་པ་པོས་རང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སླར་རྩོམ་གྱི་ཐབས་ལ་བརྟེན་ནས་གང་ཞིག་ཆད་པ་དེ་སྒྱུར་བྱེད་སྐད་ཆའི་ཁྱད་འཕགས་ཀྱི་ནུས་པས་ཁ་གསབ་བྱས་ཏེ་བརྩམས་ཆོས་སྤྱི་ཡོངས་ནས་འོས་ཤིང་འབྱོར་བ་ཞིག་ཏུ་བསྒྱུར་དགོས་པ་དང་། ལོ་ཙཱའི་བྱ་བ་ནི་ངེས་པར་དུ་མ་ཡིག་གི་བཀག་རྒྱའི་ཁྲོད་སླར་རྩོམ་བྱེད་པ་ཞིག་ཡིན་ཏེ། “ལོ་ཙཱ་ནི་རྐང་སྒྲོག་གིས་བཅིངས་ཏེ་བྲོ་འཁྲབ་པ་དང་འདྲ།”ཞེས་པ་ལྟར་ནམ་ཡང་མ་རྩོམ་གྱི་བཀག་རྒྱ་ལས་ཐར་མི་ནུས། དེས་ན་རྩོམ་རིག་ལོ་ཙཱ་མཛད་དུས། སྐབས་བབ་གང་ལྟ་བུ་ལ་སྒྱུ་རྩལ་སླར་རྩོམ་བྱ་དགོས་ཤེ་ན། བསྒྱུར་བྱ་དང་སྒྱུར་བྱེད་སྐད་རིགས་གཉིས་ཀྱི་སྐད་ཆའི་སྦྱོར་སྲོལ་དང་དཔེ་འགོད་ལུགས། གཞན་ཞིབ་འབྲི་ལ་སོགས་པ་ལས་མངོན་པའི་མཛེས་དཔྱོད་ཀྱི་ལྟ་བ་སོགས་ཁྱད་པར་མངོན་གསལ་ལྡན་པ་མ་ཟད། རྒྱ་ཡིག་གི་ཚིག་སྦྱོར་ཇི་བཞིན་བོད་ཀྱི་སྐད་ལ་སྦྱོར་མི་ནུས་པའི་སྐབས་ད་གཟོད་སྒྱུར་མཁན་གྱིས་བརྗོད་དོན་མ་འཆོལ་བར་བྱས་ཏེ་རང་སྐད་ལ་འབྲེལ་ཆགས་པའི་སླར་རྩོམ་བྱེད་དགོས་པ་སྟེ། བསྒྱུར་བྱ་གང་གི་བརྗོད་བྱའི་སྙིང་བོ་དང་རྩོམ་ཉམས་ལ་སོགས་པ་ཇི་བཞིན་སོར་འཇོག་བྱས་པའི་རྨང་གཞིའི་སྟེང་ཚིག་སྦྱོར་སྤེལ་ལུགས་ཀྱི་ཐད་གསར་རྩོམ་བྱེད་རུང་བ་འདི་ནི་སྒྱུ་རྩལ་རྩོམ་རིག་རང་ངོས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་སྒྱུར་ཐབས་ཤིག་ཡིན།
གཉིས། བབ་བསྟུན་མཐུན་འཇུག་བྱེད་པ།
རྩོམ་ལུས་མ་འདྲ་ན་ལོ་ཙཱའི་རྩ་དོན་དང་ལོ་ཙཱའི་ཚད་གཞི། བྱེ་བྲག་གི་སྒྱུར་ཐབས་དང་བླང་བྱ་སོགས་ཀྱང་མི་འདྲ་བ་ལྟར། རྩོམ་ལུས་མི་འདྲ་བ་སོ་སོར་སྐད་ཆའི་སྦྱོར་སྟངས་ཀྱི་བླང་བྱ་དང་ཁྱད་ཆོས་སོགས་འདྲ་མིན་ཐ་དད་དུ་ལྡན་ཏེ། ཚན་རྩལ་རྩོམ་ལུས་ཀྱི་ལོ་ཙཱ་དང་གཞུང་ཡིག་ལོ་ཙཱར་མཚོན་ན་ཐད་སྒྱུར་ནི་རྒྱུགས་ཆེ་ཞིང་བརྡ་ཆད་གསར་བ་བསྒྱུར་བར་ལྷག་ཏུ་བྲིན་པའི་སྒྱུར་ཐབས་ཤིག་ཡིན་མོད། འོན་ཀྱང་རྩོམ་རིགས་ལོ་ཙཱར་མཚོན་ན། སྒྱུར་ཐབས་ཀྱི་ཕྱོགས་ནས་ཐད་སྒྱུར་བྱས་ཏེ་རྡོ་ཆག་བཙན་སྒྲིག་མི་བྱེད་པར། ལོ་ཙཱ་པས་སྒྱུར་བྱེད་ཀྱི་ཚིག་བབ་དང་དགོས་མཁོ། ཀློག་པ་པོའི་མོས་པ་བཅས་ལ་སྐབས་བསྟུན་མཐུན་འཇུག་གིས་ཡིག་སྒྱུར་གྱི་དགོས་མཁོ་དངོས་གཞིར་བཟུང་ནས་སྒྲ་སྒྱུར་དང་དོན་སྒྱུར། བསྡུས་སྒྱུར། འགྲེལ་སྒྱུར། བརྗེ་སྒྱུར་སོགས་ཟུང་འབྲེལ་བྱས་ཏེ། གཅིག་ནས་མ་ཕྱིའི་ཉམས་འགྱུར་མི་ཤོར་བ་དང་། ཕྱོགས་གཞན་ཞིག་ནས་རང་རིགས་ཀྱི་མིང་ཚིག་བརྗོད་པའི་ཁྱད་ཆོས་ཀྱིས་དབེན་པའི་སྐྱོན་མི་འབྱུང་བར་བརྩོན་དགོས། ཐ་སྙད་ཀྱི་ཐད་ལོ་ཙཱ་པས་བསྒྱུར་བྱའི་མ་རྩོམ་ལ་གོ་བ་གསལ་ཞིང་སྒྱུར་བྱེད་ཀྱི་མིང་དང་ཐ་སྙད་འདྲ་མིན་སྣ་ཚོགས་དོན་དང་ཚིག་གི་ཉམས་ཆ་འདོན་པའི་དགོས་མཁོ་ལྟར་བདམ་གསེས་བྱ་དགོས། དེའི་ཁར་མ་རྩོམ་དུ་བསྐྱར་ཟློས་བྱས་པའི་མིང་དང་ཐ་སྙད་གང་མང་ཞིག་ཡོད་རུང་། དེ་དག་མཐའ་གཅིག་ཏུ་མིང་བརྡ་གཅིག་གིས་ཆོག་པར་བྱས་ཏེ་ཇ་རོ་རྙིང་བ་ཡང་ཡང་དུ་གདུ་བའི་དཔེ་ལྟར་རོ་ཉམས་ཅི་ཡང་མེད་པར་འགྱུར་བར་གཟབ་གཟབ་བྱས་པ་བརྒྱུད། དོན་གསལ་ཞིང་ཚིག་ཉམས་ཆེ་ལ་གཟུགས་སྣང་བསྐྱེད་པའི་ཡོན་ཏན་ལྡན་པ་དང་། ཟློས་སྐྱོན་ཅི་ཡང་མེད་པར་མིང་བརྡ་ཕུན་སུམ་ཚོགས་པར་སྤྱོད་པར་བརྩོན་དགོས་སོ། །
* མགོན་པོ་རྒྱལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཨ་མདོ་བརྙན་འཕྲིན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
* བན་དེ་མཚོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2018ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ཀྱི་རབ་འབྱམས་ཞིབ་འཇུག་མཐར་ཕྱིན་སློབ་མ་ཡིན།
①④玛拉沁夫 玛拉沁夫小说选 [M]作家出版社2009:92
②⑤དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:134
③ལྕང་སྐྱ་རོལ་བའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། [M] མི་རིགས་དཔེ་སྐྲུན་ཁང་། 2006:17
⑥玛拉沁夫 玛拉沁夫小说选 [M]作家出版社2009:93
⑦དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:136
⑧⑪བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ནས་བསྒྲིགས། སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003:35
⑨玛拉沁夫 玛拉沁夫小说选 [M]作家出版社2009:99
⑩དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:146
⑫玛拉沁夫 玛拉沁夫小说选 [M]作家出版社2009:100
⑬དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:148
⑭玛拉沁夫 玛拉沁夫小说选 [M]作家出版社2009:92
⑮དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:135
⑯玛拉沁夫 玛拉沁夫小说选 [M] 作家出版社2009:93
⑰དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:136-137
⑱玛拉沁夫 玛拉沁夫小说选 [M]作家出版社2009:102
⑲དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:153
⑳玛拉沁夫 玛拉沁夫小说选 [M]作家出版社2009:92
21དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:134
22玛拉沁夫 玛拉沁夫小说选 [M]作家出版社2009:93
23དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:136
24བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་ནས་བསྒྲིགས། སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003:65
25玛拉沁夫 玛拉沁夫小说选 [M] 作家出版社2009:93
26དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:135
27玛拉沁夫 玛拉沁夫小说选 [M] 作家出版社2009:93
28དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:135-136
29玛拉沁夫 玛拉沁夫小说选 [M] 作家出版社2009:92
30དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:134
31ལྕང་སྐྱ་རོལ་བའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས། [M] མི་རིགས་དཔེ་སྐྲུན་ཁང་། 2006:30
32 34玛拉沁夫 玛拉沁夫小说选 [M] 作家出版社2009:92
33 35དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:13
36 玛拉沁夫 玛拉沁夫小说选 [M]作家出版社2009:93
37དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:136
38玛拉沁夫 玛拉沁夫小说选 [M] 作家出版社2009:102
39དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:153
40玛拉沁夫 玛拉沁夫小说选 [M] 作家出版社2009:95
41དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:140
43དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:153
44玛拉沁夫 玛拉沁夫小说选 [M]作家出版社2009:92
45དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:134
46玛拉沁夫 玛拉沁夫小说选 [M]作家出版社2009:100
474དོན་གྲུབ་རྒྱལ། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 1997:148