རྗེ་ཤེས་རབ་རྒྱ་མཚོ་མཆོག་གི་རྒྱ་བོད་ལོ་ཙཱའི་ཕྱོགས་ཀྱི་མཛད་རྗེས་གླེང་བ།
ཀུན་བཟང་སྒྲོལ་མ། * རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29
[གནད་བཏུས] རྗེ་ཤེས་རབ་རྒྱ་མཚོ་ནང་ལོགས་སུ་ཕེབས་ཏེ་བོད་ཀྱི་རིག་གནས་ཁྱབ་སྤེལ་གྱི་ལས་དོན་གཞོལ་བ་ནས་བཟུང་རྒྱ་བོད་ལོ་ཙཱའི་བྱ་བར་ཐུགས་ཁུར་ཆེན་པོ་གནང། ཁོང་གིས་རྒྱ་བོད་ལོ་ཙཱའི་ལས་ཁུངས་འཛུགས་དགོས་པར་ཐུགས་བཞག་མཛད་པར་མ་ཟད། ཕ་ཡུལ་དགུ་རུ་དགོན་ནས་བཤད་སྦྱོང་ཁང་བཙུགས་ཏེ་རྒྱ་བོད་སྐད་གཉིས་བྱང་བའི་འཇོན་མི་གསོ་སྦྱོང་མཛད། རྗེས་སུ་སྐུ་དངོས་ལོ་ཙཱའི་ལག་ལེན་ལ་ཞུགས་ཏེ་ཐ་སྙད་མང་བོ་ཞིག་གསར་བཟོ་བྱས་པར་མ་ཟད། 《ཀུན་ཁྱབ་རྩ་ཚིག》དང《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས》སོགས་དོན་གནད་ཆེ་བའི་ཡིག་ཆ་ལ་བསྒྱུར་ཞུས་བྱས་ཏེ། བརྡ་ཆད་གཅིག་གྱུར་དང་ཐ་སྙད་གཏན་འབེབས་ཐད་མཛད་རྗེས་ཆེན་པོ་བཞག་ཡོད།
[གནད་ཚིག] རྗེ་ཤེས་རབ་རྒྱ་མཚོ། རྒྱ་བོད་ལོ་ཙཱ། མཛད་རྗེས།
དང་པོ། རྒྱ་བོད་འབྲེལ་འདྲིས་དང་རྒྱ་བོད་ལོ་ཙཱ་འཕེལ་རྒྱས་སུ་གཏོང་བའི་ཐུགས་བསམ།
1937ལོར་རྗེ་ཤེས་རབ་རྒྱ་མཚོ་ནང་ལོགས་སུ་ཕེབས་རྗེས་རྒྱ་ནག་གི་ཡུལ་གྲུ་མང་བོ་རུ་ཞབས་སོར་འཁོད་དེ་བོད་ཀྱི་རིག་གནས་ཁྱབ་བསྒྲགས་ཀྱི་བྱ་བ་གང་མང་མཛད། དེ་དུས་གོ་མིན་ཏང་སྲིད་གཞུང་གིས་རྒྱ་བོད་མི་རིགས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ། རྒྱའི་ཤེས་ཡོན་པ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་ཆེ་ཙམ་དགོས་པའི་བླང་བྱ་བཏོན་ཏེ་རྗེ་ཤེས་རབ་རྒྱ་མཚོ་གདན་ཞུ་བྱས། ཁོང་གིས་ཀྲུང་དབྱང་རྒྱང་སྒྲོག་ཁང་དུ་ནང་བསྟན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད། པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཀྲུང་དབྱང་སློབ་ཆེན།① བུའུ་ཧན་སློབ་ཆེན། ཀྲུང་ཧྲན་སློབ་ཆེན་སོགས་གཞུང་བཙུགས་སློབ་ཆེན་བཅས་ཀྱི་གདན་ཞུ་དགེ་རྒན་དུ་བསྐོས་པ་དང་། ཧྲང་ཧེ་བྱང་ཆུབ་ཆེན་མོའི་སློབ་སྦྱོང་ཚོགས་པ་སོགས་སུ་བོད་ཀྱི་རིག་གནས་ཀྱི་འཆད་ཁྲིད་མང་བོ་སྤེལ། “སྐབས་དེར་དབྱང་ཀྲི་ཧྥུས(杨质夫)ལོ་ཙཱ་བྱས་པ་དང་། ཁོང་གིས་རྗེ་ཙོང་ཁ་པའི་རྣམ་ཐར་དང་། དགེ་ལུགས་པའི་ཆོས་འབྱུང་། རྒྱ་བོད་མི་རིགས་རིག་གནས་འབྲེལ་འདྲིས་ཀྱི་ལོ་རྒྱུས་སོགས་ཀྱི་ཤེས་བྱ་མང་བོ་རྒྱ་ནག་ལ་ངོ་སྤྲོད་མཛད”②པ་དང་། ནང་ལོགས་སུ་བོད་ཀྱི་རིག་གནས་ལ་དགའ་བའི་མི་སྣ་མང་བོ་གསོ་སྐྱོང་མཛད།1937ལོར་ཁོང་གོ་མིན་ཏང་སྲིད་གཞུང་གི་རྒྱལ་འབངས་སྲིད་ཞུགས་ཚོགས་འདུའི་སྲིད་ཞུགས་པ(参事)རུ་བསྐོས་ཏེ། ཁྲུང་ཆིང་དུ་སྲིད་ཞུགས་ཚོགས་འདུ་སྐབས་བཞི་ཙམ་ལ་ཞུགས། ཚོགས་འདུའི་སྟེང་དུ་ཁོང་གིས་མུ་མཐུད་དུ་འཇར་འགོག་ལ་ཤུགས་སྣོན་དང་མེས་རྒྱལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་གྲོས་གཞི་བཏོན་པར་མ་ཟད། རྒྱ་བོད་རིག་གནས་འབྲེལ་འདྲིས་དང་ལོ་ཙཱའི་ལས་ཁུངས་འཛུགས་པའི་ཕྱོགས་ལའང་དགོངས་འཆར་མང་བོ་བསྩལ། 1938ལོའི་ཟླ10པའི28ཉིན་ནས་ཟླ11པའི་ཚེས6བར། ཁོང་གོ་མིན་ཏང་སྲིད་གཞུང་གི(ཁྲུང་ཆིང་དུ་འཚོགས་པའི)སྐབས་དང་པོའི་རྒྱལ་འབངས་སྲིད་ཞུགས་ཚོགས་འདུ་ལ་ཞུགས་པ་དང་། སྐབས་དེའི་ཚོགས་ཆེན་གྱི་ཐེངས་བདུན་པའི་ཚོགས་འདུའི་ཐོག་ཏུ《མཐའ་མཚམས་ས་ཁུལ་གྱི་མི་དམངས་མཐུན་སྒྲིལ་བྱས་ཏེ་འཇར་འགོག་ནུས་ཤུགས་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི》བཏོན། “ད་སྐབས་ནང་ལོགས་ཀྱི་ཞིང་ཆེན་མང་བོ་གཡུལ་ས་རུ་གྱུར་ཡོད་པས་གཡུལ་སའི་རྒྱབ་ཕྱོགས་བརྟན་འཇགས་གཏོང་བ་དང་འཇར་འགོག་བྱ་བ་མུ་མཐུད་དུ་སྤེལ་དགོས་པ་ཤིན་ཏུ་གལ་ཆེ་བ”དང་། “མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མངའ་འབངས་མཐུན་སྒྲིལ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་རེད།”ཅེས་གསུངས། “མཐའ་མཚམས་ས་ཁུལ་དུ་ལོ་ཙཱའི་ལས་ཁུངས་བཙུགས་ཏེ་ཀྲུང་དབྱང་གི་མི་རིགས་སྲིད་ཇུས་དང་། འཇར་འགོག་གི་ཆོད་སེམས་སོགས་ཁྱབ་བསྒྲགས་བྱེད་དགོས། ད་དུང་ནང་བསྟན་སློབ་གྲྭ་འཛུགས་པ་དང་། རྒྱ་བོད་རིག་གནས་ཁྱབ་བསྒྲགས་བྱེད་དགོས(རྒྱ་ཡིག་ནས་བསྒྱུར་པ་ཡིན)”③པའི་གྲོས་གཞི་བཏོན། ཚོགས་ཆེན་དེའི་ཐེངས་བརྒྱད་པའི་ཚོགས་འདུའི་ཐོག་ཏུ་ཁོང་གིས་སླར་ཡང《ནང་བསྟན་རིག་གནས་ལ་དོ་ཁུར་བྱས་ཏེ་རྒྱ་བོད་མི་རིགས་ཀྱི་བརྩེ་དུངས་ཇེ་ཟབ་ཏུ་གཏོང་དགོས》ཞེས་པའི་གྲོས་གཞི་བཏོན་ཏེ། ནང་བསྟན་རིག་གནས་དང་རྒྱ་བོད་འབྲེལ་འདྲིས་ལ་མཐོང་ཆེན་བྱེད་དགོས་པའི་སྐོར་ནན་གྱིས་གསུངས། གོ་མིན་ཏང་སྲིད་གཞུང་གིས་གྲོས་གཞི་དེ་དག་བསྡུས་ཏེ་ཚོགས་ཆེན་སྟེང་དུ་གྲོས་བསྡུར་བྱས་པར་མ་ཟད། རྗེ་ཤེས་རབ་རྒྱ་མཚོའང་གོ་མིན་ཏང་སྲིད་ཞུགས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བསྐོས།④1938ལོའི་ཟླ9པར། ཁོང་གིས་ཁྲུང་ཆིང་གི་ཅིན་ཡོན་དགོན་པའི་རྒྱ་བོད་ནང་ཆོས་གཞུང་དོན་གླིང་དུ་ལྟ་སྐོར་བྱེད་སྐབས། 《རྒྱ་བོད་རིག་གནས་འབྲེལ་འདྲིས་བྱེད་པ་ནས་རྒྱ་བོད་མི་རིགས་མཉམ་འདྲེས་བྱེད་པ》ཞེས་པའི་གཏམ་བཤད་མཛད། ཁོང་གིས་རང་ཉིད་ནི་རྒྱ་བོད་མི་རིགས་འབྲེལ་འདྲིས་ཕྱོགས་སུ་འོས་འགན་དང་འགན་འཁྲི་ཡོད་པར་བཞེད་པ་དང་། “རྒྱ་བོད་མི་རིགས་བར་ལ་ཟོལ་མེད་ཀྱི་བརྩེ་དུངས་ཡོད་དགོས་པ་དང་། ཕན་ཚུན་ལྷག་བསམ་རྣམ་དག་གིས་རོགས་རམ་བྱེད་དགོས་པ། མཉམ་འབྲེལ་ངོ་མ་བྱེད་དགོས་པ”སོགས་གསུངས་པ་དང་། རྒྱ་བོད་ནང་ཆོས་གཞུང་དོན་གླིང་གིས་རྒྱ་བོད་རིག་གནས་འབྲེལ་འདྲིས་ཕྱོགས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པར་མ་ཟད། ད་དུང་རྒྱ་བོད་རིག་གནས་འབྲེལ་འདྲིས་ཕྱོགས་ལ་སྨོན་འདུན་མཛད། དེ་མིན་ཁོང་གིས་ད་དུང་རྒྱ་བོད་ནང་ཆོས་གཞུང་དོན་གླིང་གི་བསྟོད་པ་དང་། ཅིན་ཡོན་རི་བོའི་རྒྱ་བོད་ནང་ཆོས་གཞུང་དོན་གླིང་གི་བསྟོད་པ་ཞེས་པའི་སྙན་ངག་གཉིས་བརྩམས། ཁོང་གི་གཏམ་བཤད་དང་སྙན་ངག་རྣམས《རྒྱ་མཚོའི་རྦ་རླབས་ཀྱི་སྒྲ་དབྱངས》སོགས་དུས་དེབ་ཁག་ཅིག་ཏུ་བརྒྱུད་འགོད་བྱས་ཏེ་རྒྱ་བོད་མི་རིགས་ཀྱི་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་བཏང་བར་མ་ཟད། རྒྱ་ཆེ་བའི་སེར་སྐྱ་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད།
1941ལོའི་སྟོན་ཁར། ཁོང་ལ་རྒྱལ་དམངས་སྲིད་གཞུང་སློབ་གསོ་པུའུ་ཡི་མོས་མཐུན་ཐོབ་སྟེ། ཕ་ཡུལ་དགུ་རུ་དགོན་ནས“རྒྱལ་བཙུགས་མཚོ་སྔོན་ནང་བསྟན་བླ་མའི་རྒྱ་ཡིག་བཤད་སྦྱོང་ཁང”ཞེས་པ་བཙུགས།1942ལོའི་ཟླ2པའི་ཚེས11ཉིན་དངོས་སུ་སློབ་མགོ་བརྩམས་ཤིང་ཁོང་གིས་བཤད་སྦྱོང་ཁང་གི་དབུ་ཁྲིད་ཀྱི་འགན་འཁུར། སློབ་གྲྭ་བཙུགས་པའི་དམིགས་ཡུལ་ཕྱོགས་ལྔ་ཡོད་པར་བཞེད་དེ། “གཅིག་ནི་མི་སེར་དོན་གསུམ་རིང་ལུགས་ཁྱབ་བསྒྲགས་བྱེད་པ། གཉིས་ནི་ནང་བསྟན་གྱི་ཤེས་བྱ་དང་རྒྱ་ཡིག་ཁྲིད་པ། གསུམ་ནི་མཐའ་མཚམས་མི་དམངས་ལ་དེང་རབས་ཀྱི་ཤེས་བྱ་ཁྲིད་པ། བཞི་ནི་བོད་ཀྱི་རིག་གནས་མཚམས་སྦྱོར་བྱེད་པ་དང་བསྟན་བཅོས་ལོ་ཙཱ་བྱེད་པ། ལྔ་ནི་མཐའ་མཚམས་མི་དམངས་ལ་ཐོན་སྐྱེད་ཤེས་བྱ་མཚམས་སྦྱོར་བྱེད་པ”⑤བཅས་སོ།། བཤད་སྦྱོང་ཁང་གིས་དེང་རབས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱེད་པ་དམིགས་ཡུལ་དུ་བཟུང་ཡོད་པ་དང་། སེར་སྐྱ་གང་རུང་གི་སློབ་མ་བསྡུ་རུང་བར་མ་ཟད། རྒྱ་བོད་མི་རིགས་གཉིས་ཀྱི་སློབ་མ་བསྡུ་བ་དང་། རྒྱ་ཡིག་དང་བོད་ཡིག་གཉིས་ཀ་ཁྲིད་དེ་རྒྱ་བོད་སྐད་གཉིས་བྱང་བ་ཅན་གྱི་འཇོན་མི་གསོ་སྐྱོང་བྱེད་རྒྱུ། དེ་དག་ལས་ཀྱང་སྐད་གཉིས་ལོ་ཙཱའི་བྱ་བ་ལ་གཙིགས་མཐོང་བྱས་ཏེ། ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་བྱས་ཡོད་པ་སྟེ། དཔེར་ན། “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ལས་འཛིན་གཞོན་པ་ཕུན་ཚོགས་བཀྲ་ཤིས་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དེ་སྔའི་སློབ་གཙོ་གཞོན་པ་སྙིང་བོ་རྒྱལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དེ་སྔའི་གཙོ་སྒྲིག་པ་གཞོན་པ་གྲགས་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་གཞོན་པ་ཆོས་དཔལ། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཕུན་ཚོགས་སོགས་སྐད་གཉིས་བྱང་བ་ཅན་གྱི་ཕུལ་བྱུང་མི་སྣ་ཚང་མ་སློབ་གྲྭ་དེ་ནས་གསོ་སྐྱོང་བྱས་པ་རེད།”⑥
མདོར་ན་རྗེ་ཤེས་རབ་རྒྱ་མཚོ་ཁོང་ནང་ལོགས་སུ་ཞབས་སོར་འཁོད་པའི་ལོ་མང་པོའི་ནང་། གནས་ཡུལ་མི་འདྲ་བ་དང་དུས་ཚོད་མི་འདྲ་བའི་ནང་ཐེངས་མང་པོར་རྒྱ་བོད་རིག་གནས་འབྲེལ་འདྲིས་བྱེད་དགོས་པ་གསུངས་པར་མ་ཟད། ད་དུང་བོད་དུ་ལོ་ཙཱའི་ལས་ཁུངས་འཛུགས་དགོས་ཞེས་ནན་གྱིས་བསྟན་པ་སོགས་ལས། ཁོང་གིས་རྒྱ་བོད་མི་རིགས་འབྲེལ་འདྲིས་དང་རྒྱ་བོད་ལོ་ཙཱ་བྱ་བ་འཕེལ་རྒྱས་གཏོང་བ་དང་། རང་ནུས་ཀྱིས་སྐད་གཉིས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པའི་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་མཚོན་ཐུབ།
གཉིས་པ། དོན་གནད་ཆེ་བའི་ཡིག་ཆ་བསྒྱུར་ཞུས་བྱས་པའི་མཛད་པ།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཁོང་གིས་སླར་ཡང་རང་གི་ནུས་པ་ཅི་ཡོད་བཏོན་ཏེ་རྒྱ་བོད་ལོ་ཙཱའི་ཕྱོགས་ལ་བྱ་བ་མང་བོ་མཛད།
གཅིག 《ཀུན་ཁྱབ་རྩ་ཚིག》གི་བསྒྱུར་ཞུས་མཛད་པ།
1949ལོའི་ཟླ9པའི་ཚེས8ཉིན། ཟི་ལིང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་ཁོངས་གཏོགས་ཀྱི་དྲུང་ཡིག་ཁྲུའུ་རུ། ལོ་ཙཱ་ཁོའོ་ཞེས་པ་བཙུགས་ཏེ་ལས་འགན་གཙོ་བོ་ནི། “བརྡ་སྦྱོར་དང་། བཀའ་གསུང་། བསྒྲགས་ཡིག སྒྲིག་ཁྲིམས་སོགས་ཡིག་སྒྱུར་བྱ་རྒྱུར་མ་ཟད། ད་དུང་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་པ་དང་ཆོས་ལུགས་མི་སྣ་ལ་དམག་དོན་དོ་དམ་ཁང་དུ་སླེབས་དུས་ངག་སྒྱུར་དང་། བསམ་འཆར་བརྗེ་རེས་སོགས་ཞབས་ཞུ་བསྒྲུབ་རྒྱུ་དེ་རེད།”⑦ 1950ལོར་ཟླ1པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་བ་བཙུགས། དྲུང་ཡིག་ཁྲུའུ་ཡིས་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེ་བའི་བོད་རིགས་ས་ཁུལ་དུ་ཆབ་སྲིད་དྲིལ་སྒྲོག་དང་འཐབ་ཕྱོགས་གཅིག་གྱུར་གྱི་དགོས་མཁོ་ལ་བསྟུན་ནས། མྱུར་མོར་ཀྲུང་གོ་གསར་བ་དབུ་བརྙེས་པའི་སྐབས་སུ་རྩ་ཚིག་རང་བཞིན་གྱི་ཆབ་སྲིད་ཡིག་ཆ་ཁ་ཤས་བོད་ཡིག་ཏུ་བསྒྱུར་དགོས་པ་ཐག་བཅད་དེ། 《ཀྲུང་གོ་རྒྱལ་ཁབ་གསར་འཛུགས་ཀྱི་ཚུལ་ལུགས་ཆེན་པོ་གསུམ་གཞུང་ངོ་མཚར་བཀྲ་ཤིས་ཁྲི་ཕྲག་ཅེས་བྱ་བ་དགེ》(《新中国的三部大法规--万种奇异吉祥》)ཞེས་པའི་དེབ་ཆུང་ཞིག་བསྒྲིགས་ཡོད། དེབ་ཆུང་དེ་ལས《ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་གྱི་ཚོགས་ཐོག་ཏུ་མྰོ་ཀྲུའུ་ཞི་མཆོག་གིས་གསུང་བཤད་གནང་བ》(《毛泽东主席在中国人民政治协商会议上的讲话》)དང་། 《ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག》(《中国人民政治协商会议共同纲领》)《ཀྲུང་གོ་མངའ་འབངས་སྲིད་སྐྱོང་གྲོས་མཐུན་གྱི་འཛུགས་ལུགས》(《中国人民政治协商会议组织法》)《དཔལ་དཀྱིལ་མངའ་འབངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་ཡང་འབངས་མི་སྲིད་གཞུང་འཛུགས་ཚུལ》(《中华人民共和国中央人民政府组织法》)⑧བཅས་ཡིག་ཆ་བཞི་ཆེད་དུ་ཡིག་སྒྱུར་བྱས།དེ་ལས《ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་གྱི་ཚོགས་ཐོག་ཏུ་མཱོ་ཀྲུའུ་ཞི་མཆོག་གིས་གསུང་བཤད་གནང་བ》ཞེས་པའི་མཇུག་བྱང་དུ། “འདི་ནི་ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་གྱི་ཚོགས་ཐོག་ཏུ། མཱོ་ཀྲུའུ་ཞི་ནས་གསུང་བཤད་གནང་བ་ལགས། འདི་ཡང་ཧུག་སིན་ཀྲིན(侯生珍)ནམ་ཤེས་རབ་གོ་ཆས་ལེགས་པར་བསྒྱུར་ཏེ་རིག་བྱེད་ནོར་བུའི་རྒྱན་འཆང་གསུང་རབ་རྒྱ་མཚོས་ཞུས་དག་བྱས་པ་ལགས།”ཞེས་བཀོད་ཡོད། 《ཀྲུང་གོའི་མངའ་འབངས་སྲིད་སྐྱོང་གྲོས་མཐུན་ཀུན་ཁྱབ་ཀྱི་རྩ་ཚིག》གི་མཇུག་བྱང་དུ། “འདི་ནི། མངའ་འབངས་སྤྱིའམ་ཐུན་མོང་ལ་སྤྱི་ཕན་འདྲ་མཉམ་དུ་འབྱུང་ཐབས་ཉ་རྒྱའི་ཁ་ཐུག་དང་གོས་ཀྱི་གོང་བ་ལྟ་བུའི་བཤད་པ་ཡིན་པས་གུང་ཐུང་གང་ལེན(共同纲领)ཏེ་སྡུད་ཚིག་སྟེ་སྤྱི་མཉམ་ཁ་གོང་ཞེས་བྱ་བར་འགྱུར་བ་རྫོགས་སོ།། རིག་བྱེད་ནོར་བུའི་རྒྱན་འཆང་གསུང་རབ་རྒྱ་མཚོ་དང་སྐད་ཡིག་བཞི་སྨྲ་ཕུའུ་ཧན་ཝུན།(浦函文) ཧྲིན་ཐུན་ཆིན(沈桐清)རྣམས་ཀྱིས་ལེགས་པར་བསྒྱུར་བ། བསྟན་པའི་གཏེར་མཛོད་ཆེན་པོ་ཧྥུའུ་ཀྲུའུ་ཞི་ཤེས་རབ་ཏཱ་སིའི་གཟིགས་པས་ཟིན་པ་སྟེ་ཕན་བདེའི་འབྱུང་གནས་ཆོས་སྲིད་ཀྱི་ལུགས་ཟུང་རྣམ་པར་དག་པ་དར་བའི་རྒྱུར་གྱུར་ཅིག”ཅེས་དང་། 《ཀྲུང་གོ་མངའ་འབངས་སྲིད་སྐྱོང་གྲོས་མཐུན་གྱི་འཛུགས་ལུགས》ཀྱི་མཇུག་བྱང་དུ། “འདི་ནི། རིག་བྱེད་ནོར་བུའི་རྒྱན་འཆང་གསུང་རབ་རྒྱ་མཚོ་དང་སྐད་ཡིག་བཞི་སྨྲ་ཕུའུ་ཧན་ཝུན།(浦函文) ཧྲིན་ཐུན་ཆིན(沈桐清)རྣམས་ཀྱིས་ལེགས་པར་བསྒྱུར་བ་བསྟན་པའི་གཏེར་མཛོད་ཆེན་མོ་ཧྥུའུ་ཀྲུའུ་ཞི་ཤེས་རབ་ཏཱ་སིས་གཟིགས་ཞིབ་གནང་བ་སྟེ་ཕན་བདེའི་འབྱུང་གནས་ཆོས་སྲིད་ཀྱི་ལུགས་བཟང་རྣམ་པར་དག་པ་དར་བའི་རྒྱུར་གྱུར་ཅིག”ཅེས་དང་། 《དཔལ་དཀྱིལ་མངའ་འབངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་ཡང་འབངས་མི་སྲིད་གཞུང་འཛུགས་ཚུལ》གྱི་མཇུག་བྱང་དུ། “འདི་ནི་རིག་བྱེད་ནོར་བུའི་རྒྱན་འཆང་གསུང་རབ་རྒྱ་མཚོ་དང་། སྐད་ཡིག་བཞི་སྨྲ་ཧུག་སིན་ཀྲིན(侯生珍)ནམ་ཤེས་རབ་གོ་ཆ་གཉིས་ཀྱིས་ལེགས་པར་བསྒྱུར་བ་བསྟན་པའི་གཏེར་མཛོད་ཆེན་པོ་ཧྥུའུ་ཀྲུའུ་ཞི་ཤེས་རབ་ཏཱ་སིའི་གཟིགས་པས་ཟིན་པ་སྟེ་ཕན་བདེ་འབྱུང་གནས་ཆོས་སྲིད་ཀྱི་ལུགས་ཟུང་རྣམ་པར་དག་པ་དར་བའི་རྒྱུར་གྱུར་ཅིག”ཅེས་བཀོད་ཡོད།《ཀུན་ཁྱབ་རྩ་ཚིག》ནི་སྐབས་དང་པོའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་པའི་སྟེང་དུ་གྲོས་མཐུན་ཐོབ་པའི་ཡིག་ཆ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་དུས་ཀྱི་གནས་སྐབས་ཀྱི་རྩ་ཁྲིམས་ཤིག་རེད། དེ་བོད་སྡོད་ས་ཁུལ་གྱི་སྲིད་གཞུང་འཛུགས་སྐྲུན་དང་། མི་རིགས་བྱ་བའི་ཁྲོད་དུ་ནུས་པ་ཆེན་པོ་བཏོན་ཡོད་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དཔེ་སྐྲུན་བྱས་པའི་བོད་ཡིག་གི་དཔེ་ཆ་དང་པོ་ཡིན་པར་མ་ཟད། ཀྲུང་གོ་གསར་བའི་ནང་རྒྱ་ཡིག་བོད་ཡིག་ཏུ་ཡིག་སྒྱུར་བྱས་པའི་དཔེ་ཆ་དང་པོའང་ཡིན། རྗེ་ཤེས་རབ་རྒྱ་མཚོས《ཀུན་ཁྱབ་རྩ་ཚིག》སོགས་འགྱུར་ཡིག་རྩ་ཆེན་དག་ལ་ཞུ་དག་མཛད་པར་མ་ཟད། 《ཀུན་ཁྱབ་རྩ་ཚིག》གི་མཇུག་ཏུ་གསོལ་ཚིག་ཅིག་བརྩམས་ཏེ། “མཆོག་སྦྱིན་མི་ཟད་དགེ་བཅུའི་ཉི་ཟླ་གསལ།། སྤྱི་མཉམ་ཕན་བདེ་ནོར་བུའི་རྒྱ་མཚོ་འཕྱུར།། འབངས་རིགས་གཅིག་བསྒྲིལ་གསེར་གྱི་རི་བོ་བརྟན། །རྫོགས་ལྡན་གསར་བའི་འཇིག་རྟེན་མཛེས་གྱུར་ཅིག ། ཅེས་ཀུན་ལ་གཅེས་སྐྱོང་ལྷག་བསམ་གྱི་འོད་དཀར་ཁོང་ན་འཚེར་བ་ཤཱཀྱའི་དགེ་སྦྱོང་ཤེས་རབ་རྒྱ་མཚོས་སྨོན་པ་ཛ་ཡནྟུ།།”⑨ ཞེས་ཁོང་གིས་ཀྲུང་གོ་གསར་བ་དར་རྒྱས་སུ་ཡོང་བ་ལ་སྨོན་འདུན་མཛད་ཡོད།
གཉིས། སྐབས་དང་པོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུའི《ཡིག་ཆ་ཕྱོགས་བསྒྲིགས》ཀྱི་ཡིག་སྒྱུར་ལ་མཛུབ་ཁྲིད་གནང་བ།
1954ལོའི་ཟླ9པར། སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས། དེར་ཡིག་སྒྱུར་ཙུའུ་བཙུགས་ཏེ་ཐེངས་དང་པོའི་ཚོགས་འདུའི《ཡིག་ཆ་ཕྱོགས་བསྒྲིགས》ཡིག་སྒྱུར་དང་དཔེ་སྐྲུན་གྱི་འགན་འཁུར་བ་རེད། སྐབས་དེར་ཁོང་ནི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅས་ཡིན་པར་མ་ཟད། ད་དུང་ཚོགས་ཆེན་ཡིག་སྒྱུར་ཙུའུ་ཡི་བློ་འདོན་པར་བསྐོས། 《ཡིག་ཆ་ཕྱོགས་བསྒྲིགས》ལས། མའོ་ཀྲུའུ་ཞིའི་ཚོགས་འདུའི་མགོ་ཚུགས་པའི་གསུང་བཤད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁག་དང་པོ། བློ་མཐུན་ལིའུ་ཧྲའོ་ཆིའི(刘少奇)རྩ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་སྙན་ཞུ། ཙུང་ལི་ཀྲོའུ་ཨེན་ལའེ(周恩来)སྲིད་གཞུང་བྱ་བའི་སྙན་ཞུ་བཅས་འདུས་ཡོད། བསྒྱུར་བྱའི་མ་ཡིག་གི་ནང་དོན་རྒྱ་ཆེ་བར་མ་ཟད། ཡིག་སྒྱུར་གྱི་དུས་ཚོད་ཐུང་བ་དང་། མ་ཡིག་ལས་གསར་བྱུང་གི་ཐ་སྙད་མང་པོ་གཏན་འཁེལ་བྱས། 《ཡིག་ཆ་ཕྱོགས་བསྒྲིགས》ཀྱི་རྒྱ་བོད་ཡིག་སྒྱུར་ལ་དངོས་སུ་ཞུགས་པའི་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། “ཚོགས་ཞུགས་ཀྱི་ལོ་ཙཱ་པ་རྣམས་ནི་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན། ཞི་ཁམས(1955ལོའི་ལོ་སྨད་དུ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བསྡུས)བཅས་ནས་ཡོང་བ་ཡིན་པ་དང་། ལོ་ཙཱའི་ཉམས་མྱོང་ཕྱོགས་ནས་བཤད་ན། ལ་ལ་ནི་གོ་མིན་ཏང་དུས་སྐབས་ཀྱི་ལོ་ཙཱ་པ་ཡིན་པ་དང་། ལ་ལ་ནི་བཀའ་ཤག་སྲིད་གཞུང་གི་ལས་བྱེད་མི་སྣ་ཡིན་ལ། ལ་ལ་ནི་སྐུ་དྲག་དང་། ལ་ལ་ནི་བླ་མ་སྤྲུལ་སྐུ་ཡིན། ད་དུང་ལ་ལ་ནི་ཀྲུང་གོ་གསར་བའི་རྗེས་སུ་གསོ་སྐྱོང་བྱས་པའི་ན་གཞོན་ལོ་ཙཱ་པའང་ཡོད། ལོ་ཚོད་ཀྱི་ཕྱོགས་ནས་བཤད་ན། ལོ་ན་ལྔ་བཅུ་དང་དྲུག་ཅུ་ཅན་གྱི་མཁས་པ་རྒན་རབས་པ་ཡོད་པ་དང་། ལོ་ན་བཅུ་ཤས་དང་ཉི་ཤུ་ཁ་ཤས་ཀྱི་ལོ་ན་ཕྲ་བ་ཅན་ཡང་ཡོད། ཁོ་ཚོར་སོ་སོར་རང་རང་གི་ཁྱད་ཆོས་ཡོད་ནའང་། ཤེས་ཡོན་པ་མང་པོ་འདུས་ན། ཕན་ཚུན་བར་མཐོང་ཆུང་དང་ཡིད་ཆེས་མི་བྱེད་པའི་སྐྱོན་ཆའང་མངོན་གསལ་དོད་པོ་ཡིན་པ་དང་། ལྷག་པར་དུ་ས་གནས་དང་སྡེ་ཁག་གི་རྩོད་གཞི་སོགས་བསྣན་ན། ཡིག་སྒྱུར་ཁྲོད་ཀྱི་མི་འདྲ་བའི་བསམ་འཆར་ཡང་མི་སྒེར་བར་གྱི་རྩོད་གཞིར་གྱུར་ཏེ་ཚོགས་ཆེན་གྱི་ཡིག་སྒྱུར་ལ་གནོད་པ་ཐེབས་པ་རེད།”⑩ཅེས་གསུངས། རྗེས་སུ་ཡིག་སྒྱུར་ཙུའུ་ཡིས་རྗེ་ཤེས་རབ་རྒྱ་མཚོ་གདན་དྲངས་ཏེ་ཁོང་ལ་ལོ་ཙཱ་ལས་བྱུང་བའི་གནད་དོན་རྣམས་ཐག་གཅོད་བྱེད་པའི་རེ་བ་ཞུས། “དགེ་བཤེས་ཆེན་མོས་ཚོགས་འདུར་ཞུགས་དུས། གྲོས་ཚོགས་ཐོག་རིག་གཞུང་སྐོར་གྱི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས་གནད་དོན་དེ་དག་ཁོ་ནར་དམིགས་ནས་བསམ་འཆར་བཤད་ཆོག་པ་ལས། མི་སྒེར་བར་གྱི་རྩོད་གླེང་དང་འཁོན་འཛིན་གཏན་ནས་བྱས་མི་ཆོག གལ་ཏེ་སུ་ཞིག་གིས་བརྗོད་གཞི་དེ་དག་དང་བྲལ་ནས་མི་སྒེར་བར་གྱི་བདེན་རྫུན་རྩོད་གླེང་བྱས་ན། དགེ་བཤེས་ཀྱིས་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་རེད། དགེ་བཤེས་ཆེན་མོས་རིག་གཞུང་གི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་མཉམ་དུ་བསྲེས་པར་ངོ་རྒོལ་བྱས་པ་དང་། གཞན་གྱི་རྒྱབ་ཕྱོགས་ནས་ཕྲ་མ་རྒྱག་པ་དང་གཞན་ལ་དམའ་འབེབས་དང་མ་ཉེས་ཁ་གཡོགས་བྱེད་པའི་བྱ་སྤྱོད་ལ་ཞེན་ལོག་བྱས།” རྗེ་ཤེས་རབ་རྒྱ་མཚོ་ནི་མི་གཤིས་དྲང་ཞིང་དྲང་བདེན་ཁོ་ན་འཛིན་པ་ཞིག་ཡིན། ཁོང་གིས་ཆོས་ལུགས་དང་རིག་གནས་ཀྱི་བྱ་གཞག་ལོ་མང་པོར་གཉེར་ནས་སློབ་མ་མང་པོ་གསོ་སྐྱོང་བྱས་ཏེ། ཆོས་ལུགས་ལས་རིགས་ནས་སྲིད་ཕྱོགས་དང་། དམག་དོན་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་ཕྱོགས་གང་སར་ཁྱབ་ཡོད་ནའང་། ཁོང་གིས་རང་ཉིད་ཀྱི་ཚོགས་ཁག་དང་སྟོབས་ཤུགས་གང་ཡང་སྤེལ་མྱོང་མེད། “ཁོང་གིས་བྱ་བའི་འགྲིག་མིན་བཤད་པ་ལས་མི་སྒེར་གྱི་ཡིན་མིན་མི་བཤད་པ་དང་། གཞུང་དོན་གཉེར་བ་ལས་སྒེར་དོན་མི་སྒྲུབ་པ། ཆོས་ལུགས་ལས་རིགས་དང་རིག་གཞུང་ལས་རིགས་གང་ཡིན་རུང་ཚང་མར་ཕྱོགས་རིས་མི་འཛིན་པ་དང་། སྐོར་བ་ཆུང་ཆུང་མི་རྒྱག་པ་རེད།” དེ་བཞིན“མི་སུ་ཡིན་ནའང་། ཁོང་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་པ་དང་། ཁོང་གི་དགོངས་འཆར་ལ་བརྩི་འཇོག་བྱེད་བཞིན་ཡོད།”⑪ མཐར་རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་ཁྱད་དུ་འཕགས་པའི་ཤེས་ཡོན་དང་གཤིས་སྤྱོད་ཀྱིས་ཕྱོགས་གང་ཅིའི་འབྲེལ་བ་མཐུན་སྦྱོར་དང་བསམ་འཆར་མི་འདྲ་བ་སྣ་ཚོགས་གཅིག་གྱུར་བྱས་ཏེ། གནད་དོན་ཐམས་ཅད་འོས་འཚམ་གྱིས་ཐག་གཅོད་བྱས་ཡོད་པ་རེད།
རྗེ་ཤེས་རབ་རྒྱ་མཚོའི་མཛུབ་ཁྲིད་འོག ལོ་ཙཱ་པ་མང་པོས་མཉམ་དུ་འབད་བརྩོན་བྱས་ཏེ། སྐབས་དང་པོའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཐེངས་དང་པོ་དང་ཐེངས་གཉིས་པའི་ཚོགས་འདུའི་ཡིག་སྒྱུར་བྱ་བ་རྣམས་ལེགས་པར་བསྒྲུབས་ཡོད་པ་དང་། ཚོགས་འདུའི་ཡིག་ཆ་ཡིག་སྒྱུར་བྱེད་པ་ལས་ཐ་སྙད་དང་བརྡ་ཆད་གསར་བ་ཁྲི་ཕྲག་ཁ་ཤས་ཤིག་གསར་བཟོ་གཏན་འཁེལ་བྱས་ཏེ།⑫ ས་གནས་ཁག་གི་མི་འདྲ་བའི་སྒྱུར་ཚུལ་རྣམས་གཅིག་གྱུར་དང་གཏན་འབེབས་བྱས་ནས། ཀྲུང་གོ་གསར་བའི་རྒྱ་བོད་ལོ་ཙཱའི་ལས་དོན་ལ་ཐོག་མའི་རྨང་གཞི་བརྟན་པོ་བཏིངས།
གསུམ། མའོ་ཙེ་ཏུང་གི་གསུང་རྩོམ་གྱི་འགྱུར་ཡིག་ལ་ནུས་ཤུགས་བཏོན་པ།
1955ལོར། ཙུང་ལི་ཀྲོའུ་ཨེན་ལའེ(周恩来)ཡིས་ཆོག་མཆན་བཀོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་ཡིག་སྒྱུར་ཅུའུ་བཙུགས། དེའི་ལས་འགན་གཙོ་བོ་ནི། “གཅིག་ནི་རྒྱལ་ཡོངས་རང་བཞིན་གྱི་ཏང་གི་འཐུས་མི་ཚོགས་ཆེན་དང་མི་དམངས་འཐུས་མི་ཚོགས་ཆེན། ཆབ་སྲིད་གྲོས་མོལ་ཚོགས་འདུ་སོགས་ཚོགས་འདུ་གལ་ཆེན་ལ་ལོ་ཙཱ་བྱེད་པ་དང་། གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཚང་གལ་ཆེན་ལོ་ཙཱ་བྱེད་པ། གསུམ་ནི། མར་ལེ་གསུང་རྩོམ་དང་མའོ་ཀྲུའུ་ཞིའི་གསུང་རྩོམ་ལོ་ཙཱ་བྱེད་པ་བཅས་རེད།”⑬
སྤྱི་ལོ1958ལོར་ཀྲུང་དབྱང་གིས《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》(དེབ་དང་པོ་ནས་དེབ་གསུམ་པ)ལོ་ཙཱ་བྱས་ཏེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བཅུ་ཐམ་པའི་སྐབས་སུ་ལེགས་སྐྱེས་ཀྱི་ཚུལ་དུ་དབུལ་དགོས་པའི་བླང་བྱ་བཏོན། སྐབས་དེར་ཡིག་སྒྱུར་ཅུའུ་ཡི་བོད་ཡིག་གཞུང་དོན་ཁང་དེ་མི་རིགས་དཔེ་སྐྲུན་ཁང་དུ་བསྲེས་ནས། སྐལ་བཟང་ཡེ་ཤེས་དང་། ལིའུ་ལི་ཆན(刘立千)དང་ངག་དབང་སྐལ་བཟང་། ཧོང་མིང་ཞིན(黄明信)བཅས་ཀྲུའུ་རིན་གཞོན་པ་བཞི་ཡོད་པ་དང་། ལོ་ཙཱ་པའམ་རྩོམ་སྒྲིག་པ30ལྷག་ཙམ་ཡོད། ལོ་ངོ་གཅིག་གི་རིང་ལ《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》ཀྱི་དེབ་གསུམ་པོ་བསྒྱུར་དགོས་ན་ལོ་ཙཱ་པའི་དཔུང་ཁག་ཅུང་ཞན་པ་ཡིན་པས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་རྒྱལ་ཡོངས་ནས་མཁས་པ་གདན་དྲངས་ཏེ་ལོ་ཙཱའི་དཔུང་ཁག་ཤུགས་སྣོན་བྱེད་རྒྱུར་ཐག་བཅད། སྐབས་དེར་གདན་དྲངས་པའི་མཁས་པ་ལ། གསུང་རབ་རྒྱ་མཚོ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། མི་ཉག་མགོན་པོ། དགེ་འདུན་སོགས་ཡོད་པར་མ་ཟད། མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་དང་གཙོ་སྒྲིག་པ་ས་ཁུང་ལིའོ(萨空了)བོད་ཡིག་ཙུའུ་ཡི་ཙུའུ་ཀྲང་དུ་བསྐོས་པ་དང་། རྗེ་ཤེས་རབ་རྒྱ་མཚོ་བློ་འདོན་ས་རུ་བསྐོས་ཡོད།⑭
1959ལོར། གསུང་རྩོམ་ཡིག་སྒྱུར་གྱི་བྱ་བ་དུས་ལྟར་དུ་བསྒྲུབས་ཚར་ནའང་། འོན་ཀྱང་འགྱུར་ཡིག་ལས་གཡར་མིང་མང་དྲགས་པ་དང་། རྒྱ་ཡིག་གི་བྲོ་བ་ཤུགས་དྲགས་པས། མང་ཚོགས་ཀྱིས་ཧ་མི་གོ་བ་དང་། མཁས་པ་རྣམས་ཀྱིས་དགའ་བསུ་མི་བྱེད་པ་རེད། ཀྲུང་དབྱང་གིས་གནས་ཚུལ་དེ་ཤེས་རྗེས་ལས་དོན་ཙུའུ་ཞིག་རྩ་འཛུགས་བྱས་ནས་མི་རིགས་དཔེ་སྐྲུན་ཁང་དུ“རྒྱུ་སྤུས་བརྟག་ཞིབ་ལས་འགུལ”སྤེལ་ཏེ། འགྱུར་ཡིག་ལ་སླར་ཡང་ཞུ་དག་བྱེད་དགོས་པའི་བླང་བྱ་བཏོན། 1960ལོའི་ཟླ9པའི་ཚེས30ཉིན། མའོ་ཙེ་ཏུང་གི་གསུང་རྩོམ་དེབ་བཞི་པ་དངོས་སུ་དཔེ་སྐྲུན་བྱས་པས། དེབ་བཞི་པའི་ཡིག་སྒྱུར་དང“རྒྱུ་སྤུས་བརྟག་ཞིབ་ལས་འགུལ”ནི་ཕལ་ཆེར་དུས་མཉམ་དུ་སྤེལ་བ་རེད། སྔོན་གྱི་སྐྱོན་ཆ་རྣམས་མི་འབྱུང་བའི་ཆེད་དུ། མི་རིགས་དཔེ་སྐྲུན་ཁང་དུ“མའོ་ཙེ་ཏུང་གི་གསུང་རྩོམ་གྲངས་ཉུང་མི་རིགས་སྐད་ཡིག་ཏུ་ཡིག་སྒྱུར་དང་དཔེ་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ”ཟླ་བ་བཞི་ཙམ་གྱི་རིང་ལ་འཚོགས་ཏེ། བསམ་བློ་འདུ་ཤེས་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། རྒྱལ་ནང་གི་སྐད་བརྡ་རིག་པའི་མཁས་པ་དང་། ལོ་ཙཱ་པ་གྲགས་ཅན་གདན་ཞུ་བྱས་ཏེ། ལོ་ཙཱའི་ཁྲོད་ཀྱི་གནད་དོན་རྣམས་ཐག་གཅོད་བྱས། 1962ལོ་ནས1963ལོའི་བར། འགྱུར་ཡིག་ལ་ཡང་ཡང་ཞུ་དག་དང་དག་བཅོས་བྱས་རྗེས། པཎ་ཆེན་རིན་པོ་ཆེ་དང་། རྗེ་ཤེས་རབ་རྒྱ་མཚོ། ང་ཕོད་ངག་དབང་འཇིགས་མེད། ཚེ་ཏན་ཞབས་དྲུང་སོགས་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མིང་གྲགས་ཆེ་བའི་མཁས་པ་རྣམས་ལ་སྤྲད་དེ་བསམ་འཆར་བསྡུ་ལེན་བྱས། རྗེ་ཤེས་རབ་རྒྱ་མཚོས་དེ་ལ་ཤིན་ཏུ་མཐོང་ཆེན་བྱས་ཏེ། འགྱུར་ཡིག་གི་ཡིག་གྲངས་ལ་འབུམ་བཞི་ལྷག་ཙམ་ཡོད་ནའང་། བོད་འགྱུར་ལ་ཞུ་དག་ཞིབ་པར་མཛད་དེ་དགེ་མཚན་ལྡན་པའི་དགོངས་འཆར་མང་པོ་བསྩལ།
འོན་ཀྱང1964ལོར་རྗེ་ཤེས་རབ་རྒྱ་མཚོ་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ཏེ་མཚོ་སྔོན་དུ་བསྐྱལ། རྗེས་སུ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྗེ་ཤེས་རབ་རྒྱ་མཚོའི་གནས་ཚུལ་འདྲི་གཅོད་བྱེད་དུས། རྗེ་ཤེས་རབ་རྒྱ་མཚོ་ལ་འཐབ་རྩོད་བྱེད་པའི་སྐབས་སུའང་ཁོང་ཉིད་ཀྱིས་མའོ་ཀྲུའུ་ཞིའི་གསུང་རྩོམ་གྱི་འགྱུར་ཡིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་དང་། འགྱུར་ཡིག་གི་མ་དག་པའི་སྐོར་ལ་དཔྱད་བརྗོད་དང་མཆན་བཀོད་མང་པོ་མཛད་དེ། རྗེས་སུ་བསྐྱར་དཔར་བྱེད་དུས་དག་བཅོས་བྱ་རྒྱུར་བསམ་འཆར་བཏོན།
1964ལོར་རྒྱལ་ཡོངས་སུ་གཙང་བཤེར་བཞིའི་ལས་འགུལ་སྤེལ་བས། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》དེབ་བཞི་པའི་ཡིག་སྒྱུར་ཡང་མཚམས་བཞག་སྟེ་དཔེ་སྐྲུན་བྱེད་མ་ཐུབ། 1980ལོར་དེབ་ལྔ་པ་བསྒྱུར་ཚར་རྗེས། ད་གཟོད་དེབ་ལྔ་བོ་མཉམ་དུ་དཔེ་སྐྲུན་བྱས་ཏེ། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》ཀྱི་རྒྱ་བོད་ཡིག་སྒྱུར་གྱི་བྱ་བ་ཡོངས་སུ་མཇུག་རྫོགས། 《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས》ཡང་ཡང་དུ་ཞུ་དག་བྱས་པ་ལས་མིང་ཚིག་དང་ཐ་སྙད་མང་པོ་ཞིག་གསར་དུ་གཏན་འཁེལ་བྱས་ཏེ། རྗེས་སུ་རྒྱ་ཆེ་བའི་མང་ཚོགས་དང་མཁས་པ་རྣམས་ཀྱིས་དགའ་བསུ་ཐོབ་པའི་འགྱུར་ཡིག་ཏུ་གྱུར་པར་མ་ཟད། རྗེས་ཕྱོགས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྲིད་ཇུས་སོགས་དྲིལ་སྒྲོག་བྱེད་པ་ལ་ནུས་པ་ཆེན་པོ་ཐོན།
གསུམ་པ། རྒྱ་བོད་ལོ་ཙཱའི་ལག་ལེན།
འཇར་འགོག་དམག་འཁྲུག་གི་སྐབས་སུ། རྗེ་ཤེས་རབ་རྒྱ་མཚོས་འཕྲིན་ཡིག་དང་གཏམ་བཤད་མང་པོ་མཛད་དེ་མི་རིགས་མཐུན་སྒྲིལ་དང་འཇར་པན་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་སྟེ་བོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཁོང་ཉིད་ཀྱིས་སླར་ཡང་རྒྱང་སྒྲོག་དང་རྩོམ་ཡིག་གི་ལམ་ནས་མི་དམངས་སྲིད་དབང་གི་སྲིད་ཇུས་ཅི་འདྲ་ཞིག་ཡིན་པ་དང་། གུང་ཁྲན་ཏང་ནི་སྲིད་ཏང་ཅི་འདྲ་ཞིག་ཡིན་པ། གུང་ཁྲན་ཏང་གི་མི་རིགས་འདྲ་མཉམ་མཐུན་སྒྲིལ་དང་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་སོགས་དྲིལ་སྒྲོག་བྱས་ཏེ་བོད་ལ་ཆབ་སྲིད་ཀྱི་ཐ་སྙད་མང་པོ་ཞིག་ངོ་སྤྲོད་བྱས།
1937ལོར་ནས་བཟུང་། རྗེ་ཤེས་རབ་རྒྱ་མཚོ་ཁོང“མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་བོད་སོག་གི་ས་ཆ་མང་པོར་ཕེབས་ཤིང་འཇར་འགོག་དམག་འཁྲུག་ལ་ཁ་གཏད་འཇལ་དགོས་པའི་དྲིལ་སྒྲོག་བྱ་བ་ལེགས་པར་སྤེལ།”⑮ 1939ལོའི་ཟླ5པར། ཁོང་ཁྲུང་ཆིང་དུ་བཞུགས་དུས། “རྒྱ་བོད་དབྱིན་གསུམ་གྱི་འཇར་འགོག་རྒུད་སྐྱོབ་དྲིལ་སྒྲོག་བསྒྲགས་ཡིག་སྟེ《བོད་སོག་སྤུན་ཟླར་སྤྲིངས་པའི་འཇར་འགོག་དྲིལ་སྒྲོག་ཡི་གེ》ཞེས་པ་རྩ་འཛུགས་རང་བཞིན་ལྡན་པ་པར་སྐྲུན་བྱས་ཤིང་དེ་མར་བཀྲམས།”⑯ དེ་རྗེས་ཀྱང《དུང་དཀར་སྒྲ་དབྱངས》དང་། 《བོད་སོག་མི་སྣར་སྤྲིངས་པའི་ཡི་གེ》《གནོད་སེལ་སྐྱབས་འཇུག་གི་ཚོགས་བསགས་འབྱུང་གཞི》སོགས་བརྩམས་ཏེ། འཇར་པན་བཙན་འཛུལ་གྱི་ཉེས་པ་རྗེན་མར་བཏོན་པ་དང་། བོད་སོག་སེར་སྐྱ་མང་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ་འཇར་འགོག་དང་། མེས་རྒྱལ་སྲུང་སྐྱོབ་བྱེད་དགོས་པ་དྲིལ་སྒྲོག་བྱས། ཁོང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་ངང་དྲིལ་སྒྲོག་ལེགས་པར་བསྒྲུབས་པ་ལ་བརྟེན། “དེ་གའི་ས་གནས་ཁག་གི་མི་དམངས་རྣམས་ཀྱིས་ནོར་ཕྱུགས་དང་དངོས་རྫས་མང་པོས་གཡུལ་ས་ལ་རོགས་སྐྱོར་བྱས་ཤིང་།གཞན་ཡང་ཀན་སུའུ་དང་མཚོ་སྔོན་གྱི་བོད་སོག་ན་གཞོན་རྣམས་ཀྱིས་རྒྱལ་སྲུང་རྒྱལ་སྐྱོབ་ཀྱི་འོས་འགན་དང་དུ་བླངས་ཏེ། འཇར་པན་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དྲག་ཏུ་བྱས་ནས་དང་བླངས་དམག་ཏུ་ཞུགས་མགོ་བརྩམས་ཤིང་། 1944ལོའི་ཟླ12པའི་ཉིན་བཅུ་ལྷག་གི་རིང་དམག་ཞུགས་མི་གྲངས་བརྒྱ་ལས་བརྒལ” ཅེས་པ་ལྟར། རྗེ་ཤེས་རབ་རྒྱ་མཚོའི་སྐུལ་སློང་དང་དྲིལ་སྒྲོག་གིས་བོད་སོག་མི་དམངས་ཀྱི་འཇར་འགོག་འདུ་ཤེས་དང་སྙིང་སྟོབས་ལ་སྒུལ་ཤུགས་ཆེན་པོ་ཐེབས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་དང་། ཆབ་སྲིད་ཀྱི་གནས་བབ་སོགས་བོད་ལ་ངོ་སྤྲོད་བྱེད་མཁན་ཡང་སྔ་གྲས་ཡིན་པ་རྟོགས་ཐུབ།
“ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཆབ་སྲིད་དྲིལ་སྒྲོག་དང་རྒྱ་བོད་འབྲེལ་འདྲིས་ཀྱི་དགོས་མཁོ་ལྟར། སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་གནས་ཚུལ་རྣམས་བོད་མི་ལ་ངོ་སྤྲོད་བྱེད་དགོས་པ་དང་། གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་སྲིད་ཇུས་སོགས་ཀྱི་ནང་དོན་ཡང་བོད་ཀྱི་མང་ཚོགས་ལ་ངོ་སྤྲོད་བྱེད་དགོས་པའི་དུས་ལ་འཁེལ་ཡོད། ཡིན་ནའང་རང་རྒྱལ་ལ་ད་དུང་གཏན་འཁེལ་གྱི་ཡིག་སྒྱུར་ལས་ཁུངས་མེད་པ་དང་། ཐ་སྙད་གསར་བ་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་ལས་ཁུངས་ཀྱང་མེད་པས། ས་གནས་སོ་སོའི་ལོ་ཙཱ་པ་རྣམས་ཀྱིས་གསར་བྱུང་ཐ་སྙད་ལ་འཕྲད་དུས་རྗེ་ཤེས་རབ་རྒྱ་མཚོས་བརྩམས་པའི་གསུང་བཤད་དང་གསུང་རྩོམ་ཚད་གཞིར་བཟུང་སྟེ་ཡིག་སྒྱུར་བྱས་པ་རེད།”⑰ དེ་བཞིན་རྗེ་ཤེས་རབ་རྒྱ་མཚོས་ཆབ་སྲིད་སྟེང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཕྱོགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད། ད་དུང་ཐ་སྙད་གསར་བཟོ་དང་དྲིལ་སྒྲོག་སོགས་ཀྱི་ཕྱོགས་ལའང་ནུས་པ་ཆེན་པོ་ཐོན་ཡོད་པ་ཤེས་ཐུབ།
“1950ལོའི་ཟླ5པར། རྗེ་ཤེས་རབ་རྒྱ་མཚོས་རྒྱང་སྒྲོག་ལས་ཁུངས་བརྒྱུད་དེ་བོད་ལ་ཞི་བས་བཅིངས་འགྲོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་གསུང་བཤད་གནང་བ་དང་།”⑱ 1950ལོ་ནས1951ལོའི་བར་ཁོང་ཉིད་ཀྱིས་ཨ་མེ་རི་ཁའི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་སྲིད་དོན་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པའི་སྐོར་ལ་བོད་ཡིག་གི་རྩོམ་ཡིག་གསུམ་བརྩམས། རྗེས་སུ་ཀྲུང་དབྱང་མི་རིགས་ཨུ་ཡོན་ལྷན་ཁང་གིས་རྒྱ་བོད་ཤན་སྦྱར་གྱི་དེབ་ཆུང་ཞིག་བཟོས་ཏེ། བོད་ཀྱི་དྲིལ་སྒྲོག་གི་བྱ་བ་དང་། ལོ་ཙཱའི་བྱ་བ་སྒྲུབ་མཁན་རྣམས་ལ་བཀྲམས། དེ་ནི་རྒྱ་བོད་ལོ་ཙཱ་པས་ངེས་ཀློག་དེབ་ཆུང་ཞིག་ཏུ་གྱུར་ནས། ཐ་སྙད་གསར་བ་ཚང་མ་དེབ་ཆུང་དེ་ལ་གཞི་བཅོལ་ཏེ་ལོ་ཙཱ་བྱེད་བཞིན་ཡོད།
འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། “རྗེ་ཤེས་རབ་རྒྱ་མཚོའི་རྒྱ་ཡིག་གི་ཆུ་ཚད་དེ་འདྲ་མཐོན་པོ་མེད་ནའང་། འོན་ཀྱང་ཁོང་གི་རྣམ་རིག་ཧ་ཅང་གསལ་བས། ལོ་ཙཱའི་ཁྲོད་ཀྱི་གནད་དོན་རྣམས་མྱུར་མོར་ཤེས་ཐུབ་པར་བཤད།”⑲ རྗེ་ཤེས་རབ་རྒྱ་མཚོས་བསྒྱུར་པའི་ཐ་སྙད་ལ། དཔེར་ན། གསར་བརྗེ་དང་། སྤྱི་ཚོགས། སྤྱི་མཐུན་རྒྱལ་ཁབ། འཐུས་མི། སྲིད་གཞུང་། ཨུ་ཡོན་ལྷན་ཁང་། ཀུན་ཁྱབ་རྩ་ཚིག་དང་། མི་རིགས་སྲིད་ཇུས། ཆོས་ལུགས་སྲིད་ཇུས། དང་བླངས་དམག་མི། མི་རིགས་ས་ཁོངས་རང་སྐྱོང་སོགས་ད་ལྟའང་བཀོལ་བཞིན་ཡོད། ཁོང་ཉིད་ཀྱིས་ཡིག་སྒྱུར་བྱེད་སྐབས་གཙོ་བོ་དོན་སྒྱུར་གྱི་ལམ་ནས་བསྒྱུར་བ་དང་། བོད་ཀྱི་བརྡ་སྤྲོད་ལ་བསྟུན་ཅི་ཐུབ་བྱས་ཡོད་པར་མ་ཟད། བོད་ཡིག་དག་མ་དོན་ལྡན་ཅན་ཤ་སྟག་ཡིན་ཏེ། དཔེར་ན། “帝国主义”ལ། “འཕར་སྤྱང་བཙན་པོའི་རྒྱལ་ཁབ”ཅེས་བསྒྱུར་བ། དེ་ལས་ཁོང་ཉིད་ཀྱིས“帝国主义”ནི་སྤྱང་ཀི་ལྟ་བུ་བཙན་ཤེད་རྒྱལ་ཁབ་ཀྱི་དཔེ་རུ་དྲངས་ཡོད། ད་ལྟ་བཀོལ་བཞིན་པའི“བཙན་རྒྱལ་རིང་ལུགས”ཁོང་ཉིད་ཀྱི་འགྱུར་ལས་ཟུར་ཆག་ནས་ཡོང་བ་རེད། “人民”ལ“མངའ་འབངས”ཞེས་བསྒྱུར་བ་ལྟ་བུའང་བོད་དུ་སྔ་མོ་ནས་ཡོད་པའི་མིང་ཚིག་བེད་སྤྱོད་བྱས་པ། “中华”ལ“དཔལ་དཀྱིལ”ཞེས་བསྒྱུར་བ། དེའང་མིང་ཚིག་གི་གོ་དོན་གཙོ་བོར་བཟུང་ནས་བསྒྱུར་བ་ཡིན་ཏེ། “中”ལ“དཀྱིལ”དང་། “华”ལ“དཔལ”གྱི་མིང་གཉིས་བསྡུས་ཡོད་པ་ཤེས་ཐུབ། “中央”ལ“དབུས་གཞུང”དུ་བསྒྱུར་བ་ཚང་མ་བོད་ཀྱི་བརྡ་སྤྲོད་དང་བོད་ཀྱི་སྐད་སྲོལ་ལྟར་སྦྱར་ཡོད། ཡིན་ན་ཡང་དེ་དག་རྗེས་སུ་ཁྱབ་གདལ་དུ་མ་སོང་བས། ལོ་ཙཱ་པ་གཞན་རྣམས་ཀྱིས་མིང་ཚིག་སྒྲ་སྒྱུར་བྱས་ནས་རྒྱུན་འབྱམས་སུ་སོང་།
རྗེ་ཤེས་རབ་རྒྱ་མཚོས་ད་དུང“解放”དང“解放军”ལ། “འཆིང་འགྲོལ”དང“འཆིང་འགྲོལ་དམག”ཅེས་བསྒྱུར་མྱོང་། ཁོང་གི་དགོངས་པ་ལས། མིང་ཚིག་གྲུབ་པ་ལ་ད་ལྟ་བའི་བྱ་ཚིག་གཉིས་མཉམ་དུ་བསྒྲིགས་ན་བོད་ཀྱི་བརྡ་སྤྲོད་དང་མཐུན་པར་འདོད་པས་དེ་ལྟར་བསྒྱུར། འོན་ཀྱང་རྗེས་སུ་ལོ་ཙཱ་པ་ལ་ལས་བཅིངས་ནི་འདས་པ་དང་། འགྲོལ་ནི་ད་ལྟ་བའི་ཚིག་གིས་གྲུབ་ན་སྔ་མོའི་བཅིངས་པ་ལས་ད་ལྟ་འགྲོལ་སོང་བ་མཚོན་ཐུབ་ཅེས་དེ་ལྟར་བསྒྱུར་ནས་རྒྱུན་འབྱམས་སུ་སོང་། རྗེས་སུ་རྗེ་ཤེས་རབ་རྒྱ་མཚོ་དང་མཁས་པ་མི་ཉུང་བ་ཞིག་གིས་ཁོང་ཉིད་ཀྱིས་བསྒྱུར་བ་དག་མ་ཡིན་པར་འདོད་དེ་སྔར་བཞིན་འཆིང་འགྲོལ་ཞེས་བསྒྱུར་ནའང་། མི་ལ་ལས་མང་ཚོགས་ཁྲོད་རྒྱུན་འབྱམས་སུ་སོང་བ་ཡིན་ན་དེ་ལྟར་གཅིག་གྱུར་བྱས་ན་ལེགས་པའི་བསམ་འཆར་བཏོན་པས། ཁོང་ཉིད་ཀྱིས་སྲོལ་རྒྱུན་གྱི་བརྡ་སྤྲོད་བརྩི་སྲུང་བྱེད་དགོས་ནའང་། མང་ཚོགས་ཀྱི་གདམ་གསེས་ལའང་བརྩི་བཀུར་བྱེད་དགོས་ཞེས་གསུངས་ཏེ་མིང་ཚིག་གཅིག་གྱུར་བྱས། རྗེ་ཤེས་རབ་རྒྱ་མཚོ་མཆོག་ནི་སྐུ་ཚེ་གང་བོར་གངས་ཅན་གཙུག་ལག་ལ་སྦྱངས་པ་མཐར་ཕྱིན་མཛད་པའི་མཁས་ཆེན་ཞིག་ཡིན་ནའང་། ཁོང་ནི་རྒྱུན་པར་ང་རྒྱལ་དང་ཁེངས་དྲེགས་མེད་པར། ནམ་ཡིན་ནའང་ཁེངས་སྐྱུང་གི་ཚུལ་དུ་བཞུགས་ནས་གཞན་གྱི་བསམ་འཆར་ལ་མཐོང་ཆེན་བྱས་ཏེ་རྒྱ་བོད་ལོ་ཙཱའི་བྱ་བ་ལེགས་འགྲུབ་བྱུང་བ་ལ་རྩོལ་བ་ལྷོད་མེད་མཛད་པ་རེད།
མདོར་ན། ཁོང་གིས་རྒྱ་བོད་ལོ་ཙཱ་ལ་མཛད་རྗེས་ཆེན་པོ་གནང་བར་མ་ཟད། ལོ་ཙཱ་པ་མང་པོ་གསོ་སྐྱོང་བྱས་དང་བྱེད་པ་ལའང་ནུས་ཤུགས་ཆེན་པོ་བཏོན་ཡོད། ཁོང་གིས་ན་གཞོན་གྱི་ལོ་ཙཱ་པ་འཇམ་དཔལ་རྒྱ་མཚོ་ལགས་ལ་སྐུལ་མ་བཏང་བ་ཇི་བཞིན། “མི་ཁ་ཤས་ཀྱིས་ལོ་ཙཱའི་བྱ་བ་ལ་མཐོང་ཆུང་བྱེད་པ་དང་། ལོ་ཙཱ་པ་ནི་གཞན་ལས་དམའ་བའི་བྱ་བ་ཞིག་ཡིན་པར་འདོད་པ་དང་མགོ་ཁྲིད་པ་ཞིག་བྱེད་ཐུབ་ན་ད་གཟོད་གཟི་བརྗིད་ཅན་དུ་བརྩི་བ་ནི་ཤིན་ཏུ་མི་འགྲིག་པ་རེད། ལོ་ཙཱའི་བྱ་བ་ནི་ཤིན་ཏུ་གལ་ཆེན་རེད”ཅེས་དང་། “བོད་ཀྱི་ལོ་རྒྱུས་སྟེང་དུ་ལོ་ཙཱའི་བྱ་བ་ལ་ཧ་ཅང་མཐོང་ཆེན་བྱེད་དེ། ལོ་ཙཱ་པ་ནི་མཁས་པ་ལྟར་དུ་བརྩི་མཐོང་བྱེད་རྒྱུ་ཡོད”ཅེས་གསུངས། རྗེས་སུ་ཁོང་གིས་སླར་ཡང་ཚོགས་འདུ་མང་པོ་ནས་ལོ་ཙཱའི་བྱ་བ་མཐོང་ཆུང་བྱེད་པའི་ལྟ་བ་ལ་དགག་པ་རྒྱག་པ་དང་། ཚང་མ་ལ་ནན་ཏན་གྱིས་ལོ་ཙཱའི་བྱ་བ་བསྒྲུབ་དགོས་པ་དང་། ཚད་ལྡན་གྱི་ལོ་ཙཱ་པ་ཞིག་བྱེད་དགོས་པའི་སྐུལ་སློང་ཡང་ཡང་མཛད་ཡོད། དེ་བཞིན་ཁོང་ཉིད་ཀྱི་རྒྱ་བོད་ལོ་ཙཱའི་ཐད་ཀྱི་མཛད་རྗེས་དེ་དག་ད་ལྟའི་ལོ་ཙཱ་པ་རྣམས་ལ་མཚོན་ན་བློ་བསྐྱེད་ཆེན་པོ་ཐེབས་ཐུབ་པར་མ་ཟད། སློབ་གསོའི་ནུས་པ་ཆེན་པོའང་ཐོན་ཡོད་པ་ནི་སྨོས་མ་དགོས་པ་རེད། །
* ཀུན་བཟང་སྒྲོལ་མ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་ཚགས་པར་དང་དུས་དེབ་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
①ཀྲུང་དབྱང་སློབ་ཆེན་ནི་ཀྲུང་ཧྭ་མིན་གོའི་སྐབས་སུ་བཙུགས་པའི་སློབ་ཆེན་ཞིག་ཡིན།
②赵勇 参政为抗战救国 弘法为团结固疆[J]中国藏学2018(4):47
③赵勇 参政为抗战救国 弘法为团结固疆[J]中国藏学2018(4):48
④赵勇 参政为抗战救国 弘法为团结固疆[J]中国藏学2018(4):49
⑤《喜饶嘉措格西呈报筹办寺庙教育及报送青海喇嘛教义国文讲习所工作计划章程及关于创设藏民学校补助费申请的有关文书》(1940年8月-1945年4月),中国第二历史档案馆,全宗号:五,案卷:13168。
⑥侃本 扎西才旦 一代宗师、佛学泰斗喜饶嘉措大师[J]中国西藏2018(05):58
⑦王亚森 民族语文翻译工作者的贡献[EB/OL]新华网 青海频道2009年11月12日
⑧陈庆英 张子凌 青海省1950年1月刊印的《共同纲领》的藏文译本[J]青海民族研究2013(4):93
⑨陈庆英 张子凌 青海省1950年1月刊印的《共同纲领》的藏文译本 青海民族研究2013(4):94
⑩降边嘉措 诲人不倦的导师[J]民族翻译2008(1):81
⑪降边嘉措 诲人不倦的导师[J]民族翻译2008(1):81
⑫降边嘉措 诲人不倦的导师[J]民族翻译2008(1):83
⑬降边嘉措 毛主席著作藏文版的翻译出版历程[J]民族翻译2021(1):7
⑭降边嘉措 毛主席著作藏文版的翻译出版历程[J]民族翻译2021(1):7
⑮⑯བཀྲ་ཤིས་རྒྱལ། རྗེ་བཙུན་ཤེས་རབ་རྒྱ་མཚོ་དང་ཁོང་གི་རྒྱལ་གཅེས་བསམ་སྤྱོད་སྐོར་གླེང་བ། [G] རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྡུས། མཚོ་སྔོན་ཟི་ལིང་། 2018ལོའི་ཟླ9པའི་ཚེས1ནས་ཚེས5ཉིན། ཤོག་ངོས 317
⑰降边嘉措 诲人不倦的导师[J]民族翻译2008(1):78
⑱降边嘉措 喜饶嘉措大师对和平解放西藏的特殊贡献[G]喜饶嘉措大师爱国思想研讨会论文汇编 2018:85
⑲降边嘉措 诲人不倦的导师[J]民族翻译2008(1):80