དྲི་བ་ནི་ཤེས་རབ་ལ་འཇུག་པའི་ལྡེ་མིག་ཡིན། —《མའེ་ཇིའི་ལེགས་སྐྱེས》ཞེས་པའི་སློབ་ཁྲིད་ཀྱི་དཔེ་མཚོན་གཏམ་རྒྱུད།
ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29
[གནད་བཏུས] རྩོམ་ཡིག་འདིར《མའེ་ཇིའི་ལེགས་སྐྱེས》ཞེས་པའི་སློབ་ཚན་འདི་འཁྲིད་སྐབས། སློབ་གྲོགས་ཤིག་གིས་སྒྲུང་གཏམ་ཁྲོད་ཀྱི་གྲངས་ཀ་དག་གི་མཚོན་དོན་ཅི་ཡིན་གྱི་དྲི་བ་ཞིག་བཏོན་པ་ལས་འཕྲོས་ཏེ། འབྲེལ་ཡོད་ཀྱི་སློབ་ཁྲིད་རྒྱུ་ཆ་གཞིར་བཟུང་ནས། སྒྲུང་གཏམ་འདིར་མི་སེར་དཀྱུས་མའི་དཀའ་སྡུག་གི་འཚོ་བ་བརྒྱུད་ནས་གཞོན་ནུ་ཕོ་མོ་གཉིས་ཀྱི་ལྷད་མེད་རང་གཤིས་དང་འགྱུར་མེད་བརྩེ་དུང་མཚོན་ཡོད་པར་མ་ཟད། ད་དུང་སྒྲུང་གཏམ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་དད་མོས་སིམ་ནས་འདྲེས་ཡོད་པ་རིགས་པས་བསྒྲུབས་ཏེ། ཁྲིད་ཐབས་གསར་བ་ཞིག་བཏོན་ཡོད་ཅིང་། ཞོར་དུ་དྲི་བ་ནི་ཤེས་རབ་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་པའི་བདེན་པ་དེ་སློབ་ཁྲིད་གཏམ་རྒྱུད་ལ་སྦྱར་ནས་ར་སྤྲོད་གནང་ཡོད།
[གནད་ཚིག] 《མའེ་ཇིའི་ལེགས་སྐྱེས》 སློབ་ཁྲིད། དཔེ་མཚོན་གཏམ་རྒྱུད།
སློབ་ཐུན་འདིར་ངས་རང་གི་འཆར་གཞི་དང་སློབ་ཁྲིད་ཀྱི་འགྲོས་ཚད་ལྟར་ཨ་རིའི་སྒྲུང་ཐུང་རྩོམ་མཁན་གྲགས་ཅན་ཨོ་ཧེང་རེས་ལགས་ཀྱིས་བརྩམས་པའི《མའེ་ཇིའི་ལེགས་སྐྱེས》ཞེས་པའི་སྒྲུང་གཏམ་འདི་འཁྲིད་པ་ཡིན། གཟའ་འཁོར་སྔོན་མར་ཐུན་གསུམ་གྱི་རིང་ལ་སློབ་ཚན་འདིའི་ཀློག་འདོན་དང་འབྲུ་འགྲེལ། དབྱེ་ཞིབ་ཀྱི་རིམ་པ་རགས་ཙམ་ཞིག་ཁྲིད་ཟིན་པ་དང་། ཐུན་འདིར་སློབ་ཚན་སྤྱི་སྡོམ་བྱེད་པ་ལས་འཁྲིད་བྱའི་ནང་དོན་གཞན་མེད་པས། སློབ་ཁྲིད་ཀྱི་ནང་དོན་ལྟོས་བཅས་ཀྱིས་ཉུང་བར་སྣང་། གོ་སྐབས་འདིར་བསྟུན་ནས་ངས་སློབ་མ་རྣམས་ལ་བསམ་གཞིག་དང་དབྱེ་ཞིབ། བགྲོ་གླེང་བྱེད་པའི་གོ་སྐབས་མང་ཙམ་བསྐྲུན་ན་སྙམ་སྟེ། གྲ་སྒྲིག་གང་འཚམ་ཞིག་བྱས་ཏེ་སློབ་ཁྲིད་འཚོག་པའི་ཅོང་བརྡ་དང་མཉམ་དུ་སློབ་ཁང་ནང་ཆས་པ་ཡིན།
ཁྲིད་སྟེགས་སུ་བུད་དེ་སློབ་གྲོགས་འགར་ཐུན་སྔོན་མའི་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་ཏེ་བསླབས་ཟིན་པའི་རྨང་གཞིའི་རྒྱུན་ཤེས་ཀྱི་དྲི་བ་འགའ་བཏོན་ནས་སློབ་སྦྱོང་གི་གནས་ཚུལ་ལ་སྟབས་བདེའི་ངང་ཚད་གཞལ་རྗེས། འཆར་གཞི་ལྟར་ཐད་ཀར་སློབ་ཚན་སྤྱི་སྡོམ་གྱི་རིམ་པར་ཞུགས་པ་ཡིན། མི་སྣ་དང་བྱུང་རིམ། ཁོར་ཡུག་བཅས་སྒྲུང་གཏམ་གྱི་རྩ་བའི་གྲུབ་ཆ་གསུམ་པོ་དཀྱུས་སུ་བཟུང་ནས། རྩོམ་ཐབས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཐབས་ལམ། ཞིབ་བརྗོད་ཀྱི་གོ་རིམ་དང་ཚིག་སྦྱོར་གྱི་རོ་ཉམས་སོགས་ཕྱོགས་འགའ་ནས་སློབ་གྲོགས་ཚོའི་དྲན་ཚོར་དང་བསམ་ཚུལ་རྣམས་ཁ་ཁོག་པས་མ་གསང་བར། གློ་རྒྱུ་མས་མ་བསྐུམ་པར་ཚོ་ཆུང་དགར་ནས་ལྷོད་ལྷོད་ཀྱིས་བགྲོ་གླེང་བྱེད་དུ་བཅུག སློབ་གྲོགས་རྣམས་བགྲོ་གླེང་གི་བྱ་འགུལ་ལ་ཞུགས་པའི་རྣམ་འགྱུར་གཟབ་ནན་ཡིན་པར་མ་ཟད། སློབ་ཁྲིད་ཀྱི་རྣམ་པ་གུ་ཡངས་པོ་དང་བག་ལྷོད་པོར་འདུག་པས་རེ་ཞིག་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་ལྟར་འུར་ཟིང་ངེར་གྱུར། ངས་ནི་ཚོ་ཆུང་སོ་སོའི་བགྲོ་གླེང་གི་གནས་ཚུལ་ལ་ལྟ་རྟོག་བགྱི་ཞོར་སྐབས་རེར་དགོས་ངེས་ཀྱི་མཛུབ་སྟོན་རེ་དང་བབ་བསྟུན་གྱིས་ཁ་གསབ་རེ་བྱས་ཏེ་སློབ་ཁྲིད་བྱ་འགུལ་ལ་ཚུལ་མཐུན་གྱིས་དོ་དམ་བྱས་ནས་བསྡད། སློབ་ཁྲིད་ཀྱི་རྩ་འཛུགས་དང་བཀོད་སྒྲིག་ཅུང་ཟད་ཚགས་དམ་ཞིང་འཆར་གཞི་དང་དམིགས་ཡུལ་གསལ་བས་བགྲོ་གླེང་གི་བྱ་འགུལ་གོ་རིམ་ལྡན་པ་ཞིག་འཁྱོངས་སོང་། ཏག་ཏག་ཚོ་ཆུང་ཕལ་ཆེ་བས་བགྲོ་གླེང་བྱས་ཚར་ཏེ་སྒྲུང་གཏམ་འདིའི་རྩོམ་འབྲིའི་ཐབས་རྩལ་དང་སྒྱུ་རྩལ་གྱི་ཁྱད་ཆོས། ཞིབ་བརྗོད་ཀྱི་གོ་རིམ་དང་ཚིག་སྦྱོར་གྱི་རོ་ཉམས་ལ་སོགས་པའི་ཐད་ནས་སྤྱི་སྡོམ་གནད་དུ་འཁེལ་བ་རེ་གནང་འདུག་པས་གཟེངས་བསྟོད་བྱས་ཏེ། གོ་བ་ལོན་ཁག་པའི་དཀའ་གནད་ཀྱི་དྲི་བ་ཡོད་མེད་དྲིས་པ་ལ། སློབ་གྲོགས་མང་ཤོས་ཀྱིས་དྲི་བ་གཞན་མེད་པའི་བརྡ་ལེན་སྤྲད། ངས་ཀྱང་སློབ་ ཁྲིད་ཡག་པོ་ཞིག་འཁྱོངས་སོང་སྙམ་པའི་ང་རྒྱལ་དང་བཅས་ཏེ་ལས་བྱ་བཀོད་སྒྲིག་བྱེད་པར་རྩོམ་དུས་སློབ་གྲོགས་ཤིག་གིས་ཉམ་ཆུང་ངང་ལག་པ་བསྒྲེངས་ཏེ་དྲི་བ་ཞིག་འདྲི་རྒྱུ་ཡོད་པའི་བཟོ་བསྟན་བྱུང་།ངས་ཁོ་ལ་སྐུལ་མ་བྱེད་པའི་ངག་གིས“ཤེས་བྱ་ནི་དྲི་བ་ལས་ཐོབ་པ་ཡིན་པས། ང་རང་དྲི་བ་འདོན་པའི་སློབ་མར་དགའ། ཁྱོད་ལ་དྲི་བ་ག་རེ་འདུག་གམ”ཞེས་ངག་འཇམ་པོས་དྲིས་པ་ན། ཁོས་ཅུང་ཟད་འདར་བའི་ངག་གིས“སློབ་ཚན་དུ་བྱེ་བྲག་གི་གྲངས་ཀ་འགའ་ཞིག་བཀོད་ཡོད་པ་དེས་སློབ་ཚན་གྱི་བརྗོད་བྱ་འབུར་དུ་བཏོད་པར་ནུས་པ་ག་འདྲ་ཐོན་ཡོད་དམ། དེ་སྒྲུང་གཏམ་འདིའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཏུ་བགྲང་འོས་སམ”ཞེས་ཐོལ་བྱུང་གི་དྲི་བ་ཞིག་བཏོན་པར་སློབ་གྲོགས་མང་ཤོས་ཀྱིས་མཚར་ཉམས་དང་བཅས་ཏེ། དྲི་བ་འདོན་མཁན་གྱི་སློབ་གྲོགས་དེར་སྤྱིར་བཏང་མིན་པའི་མིག་མདངས་ཤིག་གིས་ཅེར་འདུག་ཅིང་། སློབ་གྲོགས་ཁ་ཤས་ཤིག་གིས་ཁྱད་གསོད་ཀྱི་ཉམས་དང་བཅས་ཏེ་གད་མོ་བགད་བྱུང་། སྣང་བ་ཞིག་ལ་སློབ་ཁང་དུ་རེ་ཞིག་རྒྱུན་ལྡན་མིན་པའི་ཚ་བེར་བེར་གྱི་མཁའ་དབུགས་སྟུག་པོ་ཞིག་འཐིབས་ཡོང་བའི་མོད་ལ། ངས་ཀྱང་དྲི་བ་དེ་ནི་ལན་འདེབས་རིན་མེད་པའི་དྲི་བ་ཞིག་རེད་སྙམ་བྱུང་། ཡིན་ནའང་སློབ་གྲོགས་དེའི་མཚར་ཤེས་ཀྱི་བློ་དང་རང་བརྩིའི་བསམ་པ་མི་ཉམས་པའི་ཆེད་དུ་དེ“དངོས་གནས་དྲི་བ་ཡག་པོ་ཞིག་རེད”ཅེས་སྟབས་བདེའི་ངང་བསྟོད་པ་བྱས་ཏེ། རང་སྣང་གང་ཤར་གྱིས“གྲངས་ཀ་དེ་དག་ནི་དུས་ཚོད་དང་ལོ་ཚོད། སྒོར་མོའི་ཁ་གྲངས་མཚོན་པ་རེད”ཅེས་སྟབས་བདེའི་ལན་ཙམ་པོ་བ་ཞིག་གིས་རྫོགས་པར་བྱས་ཙ་ན་སློབ་ཁྲིད་གྲོལ་བའི་ཅོང་བརྡའང་གྲགས་བྱུང་བས་གཞི་ནས་སློབ་ཁང་དང་གྱེས་པར་བརྩམས་པ་ཡིན། དྲི་བ་འདོན་མཁན་གྱི་སློབ་གྲོགས་དེའི་མིག་ཟུང་ལས་ཐུན་མོང་མ་ཡིན་པའི་མདངས་ཤིག་ཕྱུང་སྟེ་ང་ལ་མིག་སྐྱེལ་བྱས་བྱུང་། ངའི་ཉམས་སྣང་ཞིག་ལ་མིག་མདངས་དེ་ནི་ཡིད་མ་ཚིམ་ཞིང་མགུ་མ་གང་བའི་མིག་མདངས་ཤིག་དང་། མཚར་ཤེས་དང་རེ་སྒུག་གིས་ཁེངས་པའི་མིག་མདངས་ཤིག་སྟེ་ངའི་སེམས་སུ་ཚ་རེག་གེར་བཏང་འགྲོ་བས་སྨྲ་མི་ཤེས་པའི་ཚོར་བ་ཞིག་ལུད་འོངས།
ཕྱིར་གཞུང་ལས་ཁང་དུ་འབྱོར་མ་ཐག་ངའི་ལུས་སེམས་གཉིས་ཀ་གཟུགས་མེད་ཀྱི་ཐ་གུ་ཞིག་གིས་བསྡམས་འདུག་སྙམ་པའི་ཚོར་བ་ལྕི་མོ་ཞིག་གིས་ཁྱོན་ནས་མནར་བས་བག་བདེ་བོ་མ་བྱུང་སྟེ། ངལ་གསོ་བའི་སྐབས་དང་། ཁ་བརྡ་གློད་པའི་གླེགས། ལས་བྱ་ལ་བཤེར་བའི་དུས། ཐ་ན་ཟ་མ་བཟའ་བའི་སྐབས་དང་། མཚན་གྱི་རྨི་ལམ་དག་ཏུའང་དྲི་བ་དེ་བྲག་ཅ་བཞིན་ཐོས་འཛིན་གྱི་བུ་གར་མཆེད་འོངས་པ་དང་འདྲ་ཞིང་། མིག་ཟུང་དེས་ངའི་ཁོར་ཡུག་གི་གྲུ་ཟུར་གང་རུང་ཞིག་ཏུ་རྣམ་ཀུན་ང་ལ་ཅེར་འདུག་པའི་འཕྲུལ་སྣང་ཞིག་སྐྱེས་འོངས་པའི་མོད་ལ། ངས་སློབ་གྲོགས་དེར་ཡིད་ཚིམ་ཞིང་མགུ་གང་བའི་ལན་ཞིག་འདེབས་དགོས་སྙམ་པའི་ཆོད་སེམས་ཀྱི་མྱུ་གུ་ཞིག་ཀྱང་སེམས་ཀྱི་ཟབ་ས་ནས་ངང་གིས་འབུས།
ཕྱི་ཉིན་གཞུང་ལས་ཁང་དུ་འབྱོར་མ་ཐག་དགེ་གྲོགས་དག་ལ《མའེ་ཇིའི་ལེགས་སྐྱེས》ཞེས་པའི་སློབ་ཚན་འདིའི་སློབ་ཁྲིད་དང་འབྲེལ་ཏེ་ཁ་བརྡ་བྱས་ནས་ང་ལ་དྲི་བ་དེ་འདྲ་ཞིག་བཏོན་སོང་བའི་སྐོར་གླེང་བ་ཡིན། དགེ་རྒན་གཞན་དག་གིས་ཀྱང་ང་དང་འདྲ་བར་དྲི་བ་དེ་ལ་དོན་སྙིང་ཆེན་པོ་མེད་པར་བསམ་གྱིན་ཡོད་པས། ངས་ཀྱང་དམིགས་བསལ་གྱིས་ནན་འདྲི་མ་བྱས་པར་རང་དགར་བསྐྱུར། སྐད་ཡིག་བསླབ་ཚན་ཚད་གཞི་ལས“སློབ་མ་རེ་རེས་བཏོན་པའི་དྲི་བར་གཟབ་ནན་གྱི་རྣམ་འགྱུར་བཟུང་སྟེ། སློབ་མའི་འཆར་ཡན་དང་གསར་གཏོད་རང་བཞིན་གྱི་བསམ་གཞིག་འདོན་སྤེལ་བྱ་དགོས”པར་གདམས་པའི་སློབ་ཁྲིད་ཀྱི་གྲོས་གཞི་དེ་སེམས་ཀྱི་ཡོལ་གོ་རུ་གཟུགས་བརྙན་བཞིན་འཆར་ཐེངས་རེར། ངས་དྲི་བ་འདིའི་ལན་ཤེས་མ་ཤེས་ཀྱི་མཚམས་ནས་རང་དགར་བསྐྱུར་བའི་བདེན་པ་ཡེ་མ་རྙེད་ཅིང་། སེམས་ཀྱི་ག་ཤེད་ཅིག་ནས་དྲི་བ་དེ་དང་མིག་ཟུང་དེ་ཡལ་ཐབས་མི་འདུག་པས། དྲ་ངོས་ནས《མའེ་ཇེའི་ལེགས་སྐྱེས》ཞེས་པའི་སློབ་ཚན་དང་འབྲེལ་བའི་རྒྱུ་ཆ་སྣ་ཚོགས་ཤིག་འཚོལ་སྡུད་བགྱིས་ཏེ་རེ་རེ་བཞིན་ཞིབ་དང་ནན་གྱིས་བཀླགས་པ་ཡིན། དུས་ཚོད་ནི་གཟུགས་མེད་ཀྱི་ལྕག་གིས་བྲབ་པ་བཞིན་སྐད་ཅིག་སྐད་ཅིག་གིས་ཡལ་འགྲོ་ཞིང་། རྒྱུ་ཆ་དེ་དག་གི་གསེབ་ནས་ཉིན་གཅིག་ཇི་ལྟར་ཡོལ་བའང་མ་ཤེས།
གཟབ་ནན་ཞིབ་ཚགས་ཅན་དང་སྙིང་རུས་བརྩོན་འགྲུས་ཅན་དག་ནི་འགྲོ་བ་མིའི་རིགས་ཀྱི་གཅེས་ཕྲུག་ཡིན་པར་བསྙད་པའི་གཏམ་དེ་བདེན་པར་སྣང་སྟེ། ཉིན་གཅིག་རིང་གི་གཟབ་ནན་དང་སྙིང་རུས་ལས་ངས་སློབ་གྲོགས་དེའི་ཡིད་ཚིམ་ཞིང་མགུ་གང་བའི་ལན་ཞིག་གཞི་ནས་རྙེད་པར་གྱུར་པས་དགའ་བ་དཔག་མེད་རྒྱས་ཤིང་།
ཞོར་དུ་བརྡ་འཕྲིན་དུས་རབས་ཀྱི་བློ་ཡུལ་ལས་འདས་པའི་དགེ་མཚན་དང་བསམ་ཡུལ་ལས་འདས་པའི་ཕན་བདེ་ཚོར་ཏེ་སེམས་ནས་གནོན་པར་དཀའ་བའི་དགའ་སྤྲོ་དཔག་མེད་ཅིག་རྒྱས་བྱུང་སྟེ། དྲ་ལམ་ནས་དུས་ཚོད་མང་པོ་ཞིག་བཀོལ་མ་དགོས་པར། དཀའ་ཚེགས་མང་པོ་ཞིག་བརྒྱུད་མ་དགོས་པར་སློབ་ཚན་ཁྲོད་ཀྱི་གྲངས་ཀ་དེ་དག་དང་འབྲེལ་བའི་རྒྱུ་ཆ་སྣ་ཚོགས་ཤིག་མིག་གི་དགའ་སྟོན་དུ་སྨིན་བྱུང་། དོན་དུ་སྒྲུང་གཏམ་ཁྲོད་ཀྱི་གྲངས་ཀ་དེ་དག་ནི་ཆེས་སྤྱིར་བཏང་གི་གྲངས་ཀ་ཞིག་གཏན་ནས་མིན་ཏེ། ཡེ་ཤུའི་ཆོས་ལུགས་ཀྱི་དད་མོས་དང་དམ་དུ་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་དད་མོས་ཀྱི་བརྡ་རྟགས་ཁྱད་པར་བ་ཞིག་རེད་ཨང་སྙམ་པའི་ངེས་ཤེས་ཟབ་མོ་ཞིག་འདྲོངས།
སློབ་ཚན་དུ་དམིགས་བསལ་གྱིས་བཀོད་པའི་གྲངས་ཀ་དེ་དག་མ་གཞིར་ཡེ་ཤུ་པའི《དམ་པའི་གསུང་རབ》ཁྲོད་ཀྱི་གཏམ་རྒྱུད་ཅིག་དང་འབྲེལ་འདུག་སྟེ། དེ་ཡང་སྟོན་པ་ཡེ་ཤུ་ལགས་ཅེ་རུས་ས་ལེམ་དུ་ཆིབས་སྒྱུར་གནང་སྟེ་དུས་ཆེན་ལ་རོལ་སྐབས། ཡ་ཧུ་དཱ་པའི་མཆོད་དཔོན་གྱིས་མཚན་གུང་སྟོན་པ་ཡེ་ཤུ་འཛིན་བཟུང་བྱེད་པའི་ངན་ཇུས་བཤམས་ཀྱང་། ཡེ་ཤུ་མ་ཤི་ཀ་གར་བཞུགས་ཀྱི་གནས་ཚུལ་གསལ་བོ་ཞིག་མ་ཤེས་པར་ཐབས་ཟད་པའི་སྐབས་དེར། སྟོན་པ་ཡེ་ཤུའི་འཁོར་ན་ཡིག་ཏ་ཟེར་བ་ཞིག་ཡོད་པ་དེས་གནས་ཚུལ་ཤེས་ཏེ་གསང་སྟབས་ཀྱིས་མཆོད་དཔོན་ལ“རྔན་པ་འདོད་ཚོད་ཅིག་སྟེར་ངེས་ན། ངས་ཁྱེད་ལ་སྟོན་པ་ཡེ་ཤུ་འཛིན་བཟུང་བྱེད་པའི་གྲོགས་དན་གནང་ཆོག”པའི་བསམ་ཚུལ་སྨྲས་པར། མཆོད་དཔོན་གྱིས་ཡིག་ཏ་ལ་དངུལ་ལོར་སུམ་ཅུ་བྱིན་ཏེ་ཁོང་གཉིས་ཁྱི་སྤྱང་ངན་འབྲེལ་གྱིས་ཡེ་ཤུ་འཛིན་བཟུང་བྱེད་པའི་གསང་གྲོས་བྱས། སྟོན་པ་ཡེ་ཤུས་གནས་ཚུལ་མཁྱེན་ཏེ་དགོང་ཚིགས་གསོལ་བའི་སྐབས་སུ “ཁྱོད་ཚོའི་ཁྲོད་ཀྱི་མི་གཅིག་གིས་ང་རང་གཡོ་འཚོང་བྱེད་གྲབས་འདུག”ཅེས་གསུངས་མ་ཐག་འཁོར་བཅུ་གཉིས་པོས་ཉམས་འགྱུར་སྣ་ཚོགས་མངོན་པ་རེད། རི་མོ་པ་གྲགས་ཅན་ཏ་ཧྥིན་ཆི་ལགས་ཀྱིས་གཏམ་རྒྱུད་འདི་ས་བོན་བྱས་ཏེ་སྲིད་ན་སྐད་གྲགས་ཆོད་པའི《མཇུག་མཐའི་དགོང་ཚིགས》ཞེས་པའི་རི་མོའི་བརྩམས་ཆོས་འདི་འབྲི་བཞེངས་གནང་བ་རེད། ཡང་ན་གཏམ་རྒྱུད་འདི་དང་ཡེ་ཤུའི་ལས་དབང་ལ་རྐྱེན་བྱས་ཏེ་ནུབ་གླིང་གི་ཆོས་ལུགས་རིག་གནས་ཁྲོད་གྲངས་ཀ་བཅུ་གསུམ་དེ་བཀྲ་མི་ཤིས་པའི་སྐྱོ་གར་མཚོན་བྱེད་ཅིག་ཏུ་གྱུར་པ་རེད།
སྒྲུང་གཏམ་གྱི་མགོ་བརྩམས་མ་ཐག་ཏུ་སྒོར་གཅིག་ཟུར་བརྒྱད་སྐར་བདུན། ཏག་ཏག་སྒོར1.87ཞེས་དམིགས་བསལ་གྱིས་བཀོད་པའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ། (སློབ་ཚན་ཁྲོད་ཀྱི་ལྡེ་ལྷས་བསགས་པའི་སྒོར་གཅིག་ལས་ཟུར་བརྒྱད་སྐར་བདུན་པོ་འཕྲི་ན་ཏག་ཏག་སྐར13ཡིན་ཏེ། 100-87=13)འདི་ལས་གྲངས་ཀ13དེ་ཤུགས་ནས་གབ་པའི་ཚུལ་གྱིས་བསྟན་ཡོད་པ་དང་། སྐུ་ཞབས་ཇེམ་སི་ཏེ་ལིན་ཧིམ་དབྱང་ལ་གཟའ་འཁོར་གཅིག་སྟེ་ཉིན་བདུན་གྱི་རིང་ཕོགས་སྒོར་མོ་ཉི་ཤུ་ལས་མེད་ཅེས་པ(20-7=13)ལྡེ་ལྷས་སྨུག་མདོག་གི་རྦབ་ཆུ་ལྟ་བུའི་སྐྲ་བཙོངས་པའི་རིན་པ་ཡང་ཏག་ཏག་སྒོར་ཉི་ཤུ་རེད་འདུག་ཅིང་། ལྡེ་ལྷས་ཁ་ཧྥེ་བསྐོལ་ནས་ཁོལ་བའི་ཚེ་ཏག་ཏག་དུས་ཚོད་བདུན་པར་སླེབས་འདུག་པ་ལས་ཀྱང(20-7=13)འདི་དག་གི་བར་ཁྱད་ཀྱང་གྲངས་ཀ13ལ་འཁེལ་འདུག་པ་སྟེས་དབང་ཞིག་ཡིན་མི་སྲིད་སྙམ་པའི་དྲན་ཤེས་ཤིག་སྐྱེས་པའི་མོད་ལ་གཅིག་བརྟེན་གཅིག་དྲན་གྱིས《དམ་པའི་གསུང་རབ》ཁྲོད་ཀྱི་སྟོན་པ་ཡེ་ཤུ་རྐྱེན་ངན་ལ་འཕྲད་པའི་གཏམ་རྒྱུད་དེ་དང་ཏ་ཧྥིན་ཆི་ལགས་ཀྱི《མཇུག་མཐའི་དགོང་ཚིགས》ཞེས་པའི་རི་མོའི་བརྩམས་ཆོས་གྲགས་ཅན་དེ་དྲན་འོངས་ཤིང་། ཡེ་ཤུ་མ་ཤི་ཀས་འཇིག་རྟེན་གྱི་སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཆེད་རང་སྲོག་ཕངས་མེད་དུ་བློས་བཏང་བའི་མཛད་པ་དེ་ཤུགས་ནས་མཚོན་པར་བྱས་ཏེ། སློབ་ཚན་ཁྲོད་ཀྱི་ཇེམ་དང་ལྡེ་ལྷ་གཉིས་ཀྱིས་ཕན་ཚུན་ལ་བཅངས་པའི་བརྩེ་དུང་དང་བདེ་སྐྱིད་ཀྱི་ཆེད་དུ་རང་གི་ཆེས་རྩ་ཆེ་བའི་དངོས་པོ་དེ་བློས་བཏང་བའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད་པ་རེད།
ཕྱི་ཉིན་སློབ་ཐུན་གྱི་སྐབས་སུ་ངས《མཇུག་མཐའི་དགོང་ཚིགས》ཞེས་པའི་རི་མོའི་བརྩམས་ཆོས་གྲགས་ཅན་དེ་ཚོན་མདོག་གི་དཔར་དུ་བཏབ་ནས་སློབ་ཁང་དུ་ཁྱེར་སོང་སྟེ། སློབ་གྲོགས་རྣམ་པར་བསྟན་ནས་སློབ་ཚན་ཁྲོད་ཀྱི་གྲངས་ཀ་དེ་དག་རི་མོ་འདི་དང་འབྲེལ་ཡོད་མེད་བགྲོ་གླེང་བྱེད་དུ་བཅུག་པ་ཡིན། བགྲོ་གླེང་ཡུན་རིང་བྱས་ཀྱང་གནད་དུ་འཁེལ་བའི་སྡོམ་ཚིག་ཅིག་མ་ཐོན་པས། ངས་གསལ་འདེབས་དང་མཛུབ་ཁྲིད་ཀྱི་ཚུལ་དུ“རི་མོ་འདིའི་ཁྲོད་དུ་མི་སྣ་དུ་ཡོད་དམ”ཞེས་དྲིས་པར། སློབ་གྲོགས་རྣམས་ཀྱིས་མགྲིན་གཅིག་ཏུ“བཅུ་གསུམ་ཡོད”ཟེར།
“འོ་ན་སྒོར་གཅིག་ལས་ཟུར་བརྒྱད་དང་སྐར་བདུན་འཕྲི་ན། གཟའ་འཁོར་གཅིག་གི་ཡོང་འབབ་སྒོར་ཉི་ཤུ་ཡོད་ཅེས་པའི་ཉི་ཤུ་ལས་བདུན་འཕྲི་ན། ལྡེ་ལྷས་སྐྲ་བཙོངས་པའི་རིན་པ་སྒོར་ཉི་ཤུ་དང་ཁ་ཧྥེ་ཁོལ་དུས་ཆུ་ཚོད་བདུན་པར་སླེབས་འདུག་ཅེས་པའི་ཉི་ཤུ་ལས་བདུན་འཕྲི་ན།” ཞེས་བསྟུན་མར་དྲི་བ་འགའ་བཏོན་པ་དང་སློབ་གྲོགས་རྣམས་ཀྱིས་མགྲིན་གཅིག་ཏུ“བཅུ་གསུམ་རེད”ཅེས་ལན་བཏབ་པའི་མོད་ལ། གསལ་བཤད་དང་ཁ་གསབ་ཀྱི་ཚུལ་དུ་སྟོན་པ་ཡེ་ཤུ་རྐྱེན་ངན་ལ་འཕྲད་པའི་གཏམ་རྒྱུད་དང་སྦྱར་ནས་ནུབ་གླིང་པས་གྲངས་ཀ་བཅུ་གསུམ་ནི་བཀྲ་མི་ཤིས་པའི་སྐྱོ་གར་ཞིག་ལ་བརྩི་ཚུལ། སློབ་ཚན་དུ་བཀོད་པའི་དམིགས་བསལ་གྱི་གྲངས་ཀ་དེ་དག་གིས་དངོས་ཤུགས་གང་རུང་ནས་ཡེ་ཤུའི་ཆོས་ལུགས་ཀྱི་བྱམས་སེམས་དང་རང་ཉིད་བློས་གཏོང་གི་དགོངས་པ་དེ་ཀློག་པ་པོ་ཀུན་ལ་སྒྲོག་པའི་གབ་དོན་བསྡུས་པར་བཤད་པ་ན། ནམ་རྒྱུན་གྱི་སློབ་ཁང་གྲུ་བཞི་འདི་རེ་ཞིག་ཡིད་ཚིམ་པའི་དགའ་བ་དང་མགུ་བའི་སྤྲོ་སྣང་གིས་ཁེངས་སོང་ལ། དེ་སྔོན་དྲི་བ་འདོན་མཁན་གྱི་སློབ་གྲོགས་དེས་ཀྱང་དགའ་བའི་འཛུམ་གྱིས་ང་ལ་ཡང་ཡང་བལྟས་བྱུང་།
དེ་ནས་སློབ་གྲོགས་ཤིག་གིས་རྒན་ལགས། “འོ་ན་ལྡེ་ལྷས་རང་ལ་ཡོད་པའི་སྒོར་གཅིག་ཟུར་བརྒྱད་སྐར་བདུན་པོ་དེ་ཐེངས་གསུམ་ལ་བརྩིས་པ་དེར་དམིགས་བསལ་གྱི་མཚོན་དོན་ཞིག་ཡོད་སྲིད་དམ”ཞེས་དྲི་བ་ཞིག་བཏོན་མ་ཐག སློབ་ཁང་དུ་ཡང་བསྐྱར་འུར་ཟིང་ངེར་གྱུར་ཅིང་། སློབ་གྲོགས་ཤིག་གིས་ཁོས་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རྩ་ཆེན་ཞིག་རྙེད་པ་ལྟ་བུའི་དགའ་སྣང་གིས་ལག་པ་མཐོ་རུ་བསྒྲེངས་བྱུང་། ངས་སློབ་གྲོགས་གཞན་དག་ལ་བགྲོ་གླེང་བྱེད་མཚམས་བཞག་ནས་སློབ་གྲོགས་དེས་ཅི་བཤད་ལ་མཉན་པར་སྐུལ་བ་ན། སློབ་གྲོགས་དེས་སྐད་གསང་མཐོན་པོས“དེ་ནི་ཡེ་ཤུ་མ་ཤི་ཀ་སྐུ་བལྟམས་པའི་དུས་སུ་ཤར་ཕྱོགས་ནས་ཅེ་རུས་ས་ལེམ་དུ་ཡོང་སྟེ་ཁོང་ལ་ལེགས་སྐྱེས་འབུལ་མཁན་གྱི་མེར་ཅི་ཨོར་དང་རྗ་སི་ཕག འབར་ས་རྩི་གསུམ་སྟེ། ཡེ་ཤུ་ལ་ལེགས་སྐྱེས་འབུལ་མཁན་གྱི་མི་ཤེས་པ་ཅན་གསུམ་དང་རྟེན་འབྱུང་གིས་འབྲེལ་འདུག་ཟེར།”སློབ་གྲོགས་གཞན་དག་གིས་སྔར་མེད་ཀྱི་བློ་བསྐྱེད་ཅིག་ཐོབ་པའི་ཉམས་ཀྱིས་དགའ་བསུའི་ཐལ་མོ་རྡེབ་བྱུང་། ཏག་ཏག་སྐབས་འདིར་ངས་སློབ་ཚན་གྱི་མཇུག་ཏུ“ལེགས་སྐྱེས་ཕུལ་བའི་མི་ཡོད་ཚད་ལས་ཇེམ་དང་ལྡེ་ལྷ་གཉིས་ཆེས་བློ་རིག་བཀྲ་བ་དང་།
ལེགས་སྐྱེས་ལེན་པའི་མི་ཡོད་ཚད་ལས་ཇེམ་དང་ལྡེ་ལྷ་གཉིས་ནི་ཆེས་བློ་རིག་ལྡན་པ་རེད། ཡུལ་དང་ས་ཕྱོགས་གང་ཡིན་ཡང་། ཁོ་ཚོ་ནི་ཆེས་བློ་རིག་བཀྲ་བ་དག་ཡིན་པས། མའེ་ཇི་ངོ་མ་ནི་ཁོ་ཚོ་རང་ཡིན་ནོ།།”ཞེས་པའི་ཚིག་འདིའི་བསྟན་དོན་གཞི་ནས་ཧ་གོ་སོང་ལ། སློབ་གྲོགས་རྣམས་ཀྱིས་ཀྱང་ཡོད་ཚད་ཧ་གོ་སོང་བ་འདྲ།
སློབ་གྲོགས་རྣམས་དང་མཉམ་དུ་སློབ་ཚན་ཁྲོད་ཀྱི་དམིགས་བསལ་གྱི་གྲངས་ཀ་དག་གི་གསང་བའི་མཐིལ་བརྟོལ་རྗེས། ངས་ཁ་གསབ་ཀྱི་ཚུལ་དུ་སྒྲུང་གཏམ་འདིའི་རྩོམ་པ་པོ་ཨོ་ཧེང་རེས་འཚོ་གཞེས་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་འཚོ་གནས་ཀྱི་ཁོར་ཡུག་ལས་ཁོང་གི་མི་ཚེ་དང་རྩོམ་འབྲིའི་བསམ་བློ་མངོན་སྟངས་ཀྱི་ཆ་ནས་བསྐྱར་ཞིབ་ལན་ཅིག་བྱས་པ་ཡིན། རྩོམ་པ་པོ་ཁོང་ཉིད་ནི་ཉམ་ང་བའི་སྤྱི་ཚོགས་དང་འཚོ་བའི་ཁོར་ཡུག་ཁྲོད་ནས་ནར་སོན་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་པས། དཀའ་སྡུག་གི་འཚོ་བའི་ཁྲོད་ནས་འཕག་འཚག་རྒྱག་བཞིན་པའི་མི་སེར་དཀྱུས་མའི་འཚོ་བའི་གནས་སྟངས་དང་ལས་དབང་ལ་རྒྱུས་མངའ་ཆེ་ཞིང་། དབུལ་ཕོངས་ཀྱིས་མནར་བའི་མི་སེར་དཀྱུས་མའི་མགྲིན་ཚབ་བྱས་ཏེ་ཁོ་ཚོའི་བདེ་སྡུག་གླུ་རུ་གྱེར་མཁན་གྱི་རྩོམ་པ་པོ་གྲགས་ཆེན་ཞིག་ཏུ་གྱུར་པ་ཡིན་ལ། 《དམ་པའི་གསུང་རབ》ཁྲོད་ཀྱི་གཏམ་རྒྱུད་དག་ཁོང་གི་བརྩམས་ཆོས་ཀྱི་ས་བོན་བྱས་ཏེ། དངོས་ཤུགས་གང་རུང་ནས་རྩོམ་པ་པོའི་དད་མོས་ཀྱི་ལངས་ཕྱོགས་གསལ་བོར་མངོན་ཡོད་པ་རེད། ཁོང་གིས་བརྩམས་ཆོས་ཀྱི་སྨྱན་བྱེད་བརྒྱུད་དེ་ཕ་རོལ་པོའི་བདེ་སྐྱིད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་སྙིང་སྟོབས་དང་བསམ་བློ་བརྒྱུད་སྒྲོག་བྱེད་ཀིན་ཡོད་པས། སྒྲུང་གཏམ་འདིར་སྐབས་དེའི་ཨ་མེ་རི་ཀའི་མི་སེར་དཀྱུས་མའི་དཀའ་སྡུག་གི་འཚོ་བ་བརྒྱུད་ནས་གཞོན་ནུ་ཕོ་མོ་གཉིས་ཀྱི་ལྷད་མེད་རང་གཤིས་དང་འགྱུར་མེད་བརྩེ་དུང་མཚོན་ཡོད་པར་མ་ཟད། སྒྲུང་གཏམ་འདིའི་ཕྱི་ནང་གསང་གསུམ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་དད་མོས་དང་ཡེ་ཤེས་ཆོས་ལུགས་ཀྱི་ལྟ་བ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སིམ་ནས་འདྲེས་ཡོད་པ་རེད།
སློབ་ཁྲིད་གྲོལ་རྗེས་ངའི་ལུས་སེམས་གཉིས་ཀ་བག་ལྷོད་པོར་གྱུར། སློབ་ཐུན་འདི་ལས་སློབ་ཁྲིད་ཀྱི་དམིགས་ཡུལ་དང་འཆར་གཞི་ལ་རྒོལ་བ་ཚ་ནན་ཞིག་བཏང་སོང་ནའང་། སློབ་གྲོགས་རྣམས་ཀྱི་ཐོལ་བྱུང་དང་གློ་བུར་བའི་དྲི་བ་འདི་དག་གིས་ང་ཚོའི་བསམ་གཞིག་གི་སྒོ་འཕེར་ཡངས་པོར་ཕྱེ་བ་དང་། སྒྲུང་གཏམ་ཁྲོད་ཀྱི་དམིགས་བསལ་གྱི་གྲངས་ཀ་འདི་དག་བརྒྱུད་དེ་སྔར་ལས་ཀྱང་གཏིང་ཟབ་པའི་སྒོ་ནས་སྒྲུང་གཏམ་འདི་གའི་བརྗོད་བྱའི་སྙིང་བོ་དང་དེ་ལས་མངོན་པའི་ནུབ་གླིང་གི་ཆོས་ལུགས་རིག་གནས་ལ་ངེས་ཤེས་ཅི་ཟབ་ཅིག་འདྲོངས་སོང་བས། སློབ་ཐུན་འདི་ནི་སྐད་ཡིག་སློབ་ཁྲིད་ཀྱི་ལས་ཀ་གཉེར་བའི་ཚུན་གྱི་ཆེས་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་དང་། བག་ཆགས་ཟབ་ཤོས་ཀྱི་སློབ་ཐུན་ཞིག་ཏུ་གྱུར་ཏེ་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་ནམ་ཡང་གསུབ་པར་དཀའ་བའི་སློབ་ཁྲིད་ཀྱི་བསླངས་གཟུགས་རི་མོ་ཞིག་ཏུ་གྱུར་སོང་ངོ་།།
《མའེ་ཇིའི་ལེགས་སྐྱེས》ཞེས་པའི་སྒྲུང་གཏམ་འདི་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་སློབ་གྲོགས་ཤིག་གི་བློ་ཡུལ་ལས་འདས་པའི་དྲི་བ་ཆུང་ཆུང་ཞིག་ལས་འཕྲོས་ཏེ་ང་ཚོ་སྒྲུང་གཏམ་འདིའི་བརྗོད་བྱའི་གཏིང་རུམ་མྱུལ་ཐུབ་པ་བྱུང་བར་མ་ཟད། སྒྲུང་གཏམ་འདི་དང་སློབ་ཐུན་འདིས་ངེད་ཅག་དགེ་སློབ་རྣམ་པར《མའེ་ཇིའི་ལེགས་སྐྱེས》ལྟ་བུའི་བསམ་ཡུལ་ལས་འདས་པའི་ལེགས་སྐྱེས་ཤིག་གནང་སོང་བ་ནི་སེམས་ཀྱི་མཛོད་དུ་སྐལ་བརྒྱར་ཉར་རུང་བ་ཞིག་གོ།