ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་སྐོར་གླེང་བའི་སློབ་ཁྲིད་གྲ་སྒྲིག

བཀྲ་ཤིས་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


[གནད་བཏུས] འདིར་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བོད་ཡིག་སློབ་དེབ་དེབ་གཉིས་པའི་སྟེང་བཀོད་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་སྐོར་གླེང་བ་ཞེས་པའི་སློབ་ཚན་འདིའི་སློབ་ཁྲིད་གྲ་སྒྲིག་གི་བརྒྱུད་རིམ་ཆ་ཚང་བཀོད་ཡོད། སློབ་ཚན་འདིར་མཁས་དབང་མཆོག་གིས་ཡུལ་སྐད་དང་ཕལ་སྐད། ཡིག་སྐད་བཅས་ཀྱི་གོ་དོན་དང་དེ་དག་གི་བྱུང་ཚུལ། གཞན་ཡང་ཡུལ་སྐད་དང་ཡིག་སྐད་བར་གྱི་འགལ་འབྲེལ་དང་། ལྷག་པར་དུ་དེ་གཉིས་གཅིག་གྱུར་བྱ་ཚུལ་ཐད་ལ་དགག་གཞག་ལྷུག་པོར་སྤྲོས་ཡོད།

[གནད་ཚིག] ཡུལ་སྐད། ཡིག་སྐད། གཅིག་གྱུར།

དང་པོ། སློབ་ཁྲིད་ཀྱི་དམིགས་ཚད།

༡.རྩོམ་པ་པོས་ཡུལ་སྐད་གཅིག་གྱུར་ཐད་ལ་རང་ལུགས་ཇི་ལྟར་བཀོད་པ་དང་འཁྲུལ་ལྟ་གང་དག་གནད་དུ་བཟུང་ཡོད་པ། དེ་ལ་སྒྲུབ་བྱེད་གང་དག་བཀོད་ཡོད་པ་ཤེས་རྒྱུ།

༢.རྩོམ་པ་པོས་ཐོག་མར་གནད་དོན་འདོན་པ་དང་བར་དུ་དབྱེ་ཞིབ། མཐའ་མར་ཐག་གཅོད་བཅས་ཀྱི་འབྲི་ཐབས་སྤྱད་ཡོད་པ་ཤེས་རྒྱུ།

༣.རྩོམ་ཡིག་ལ་སློབ་སྦྱོང་བྱས་པ་བརྒྱུད་རྩོམ་པ་པོའི་ལྟ་བའམ་དགོངས་གཞི་ལ་གོ་བ་ཟབ་མོ་བླངས་ཏེ་སློབ་མའི་རྒྱུད་ལ་མི་རིགས་ཀྱི་སྐད་དང་ཡི་གེར་དགའ་བ་སྐྱེ་དགོས་པའི་འདུ་ཤེས་བསྐྱེད་རྒྱུ།

གཉིས་པ། སློབ་ཁྲིད་ཀྱི་གཙོ་དཀའ་གནད།

༡.རྩོམ་པ་པོའི་རང་ལུགས་གང་ཡིན་པ་དང་གཞན་གྱི་འཁྲུལ་ལྟ་ངོས་འཛིན། དེ་ལ་སྒྲུབ་བྱེད་གང་དག་བཀོད་ཡོད་པ་ཤེས་རྒྱུ།

༢.རྩོམ་པ་པོའི་དགོངས་གཞི་རྟོགས་རྒྱུ་དང་རང་ལུགས་འཇོག་པའི་ཐབས་རྩལ་དག་མ་ནོར་བར་ཤེས་རྒྱུ། གཞན་སྒྲུབ་བྱེད་དུ་བཀོད་པའི་གསུང་རྩོམ་དག་ལ་རྒྱུས་ལོན་རགས་པ་བྱ་རྒྱུ་དེའོ།།

གསུམ་པ། ཁྲིད་ཡུན་དང་ཁྲིད་ཆས།

༡.ཐུན་གསུམ་ལ་རྫོགས་རྒྱུ།

༢.བསླབ་དེབ། སྨྱུ་གུ། ཟིན་བྲིས། གློག་རྡུལ་སྒོ་སམ།

བཞི་པ། ཁྲིད་ཐབས་དང་སློབ་ཐབས།

༡.འགྲེལ་བཤད། དྲི་བ་འདྲེན་པ། གཤིབ་སྡུར། དཔེ་འགོད།

༢.སྔོན་སྦྱོང་། ཀློག་འདོན། དབྱེ་ཞིབ། དཔྱད་སྡུར།

ལྔ་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།

གཅིག སྔར་བསླབས་སྦྱོང་བརྡར།

༡.དགག་སྒྲུབ་རྩོམ་ཡིག་གི་གོ་དོན་དང་གྲུབ་ཆ། དབྱེ་བ། སྒྲུབ་ཐབས་བཅས་ཤེས་རྒྱུ།

༢.ཁ་སྐད་དང་ཡིག་སྐད་ཀྱི་གོ་དོན་ཅི།

གཉིས། སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ནི་དགག་སྒྲུབ་རྩོམ་ཡིག་གི་འབྲི་ཐབས་སྤྱད་ནས་བྲིས་ཡོད་པས། སྒྱུ་རྩལ་རྩོམ་ཡིག་ལྟར་རང་གྲུབ་པ་ཚན་པ་དགར་ནས་དབྱེ་ཞིབ་མི་བྱེད་པར་གནད་དོན་འདོན་པ་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་ཀྱི་གོ་རིམ་ལ་བརྟེན་ནས་དབྱེ་ཞིབ་བྱ་རྒྱུ་ཡིན།

(1) གནད་དོན་འདོན་པ།

ཀ ཐ་སྙད་འགྲེལ་བ།

ཡུལ་སྐད། ས་གནས་སོ་སོའི་སྐད་ལ་ཟེར།

ཕལ་སྐད། ས་གནས་ཁག་མང་པོས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཟེར།

ཁ་སྐད། ཁ་ནས་བཤད་རྒྱུན་ཡོད་པའི་སྐད་ཆ་ལ་ཟེར།

ཡིག་སྐད། བརྡ་སྤྲོད་ཀྱི་སྦྱོར་ཚུལ་དང་མཐུན་པར་ཡིག་ཐོག་ཏུ་བཀོད་པའི་སྐད་ཆ་ལ་ཟེར།

ཁ ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ།

ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་ནི་ལྟོས་བཅས་ཀྱི་འབྲེལ་བ་ཡིན་པ་ལས་ལྟོས་མེད་ཀྱི་ཁ་སྐད་དང་ཡིག་སྐད་ཟེར་བ་ཞིག་མེད་པས། ས་གནས་འགའ་ཞིག་གི་ཡུལ་སྐད་དེ་ས་གནས་གཞན་ཞིག་གི་ཡིག་སྐད་ཡིན་ལ། ས་གནས་འགའ་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་གི་ཡུལ་སྐད་ཡིན། དཔེར་ན་ཁམས་འབྲི་སྟོད་ཕྱོགས་ཀྱི་ཡུལ་སྐད་དྲི་མད་དང་རྫོ་ལྟ་བུ་ནི་ཡིག་སྐད་དུ་ཕབ་ན་རིམ་བཞིན་ཁ་བརྡ་དང་བཤད་པའི་དོན་ཡིན་ལ། མདོ་སྨད་དཔའ་ལུང་ས་ཆའི་ཡུལ་སྐད་རྩེབས་དང་གཅན་ཚའི་ཡུལ་སྐད་བསུས་པ་ལྟ་བུ་ནི་རིམ་བཞིན་ཡོང་དང་ཕོ་བའི་དོན་ལ་འཇུག་པ་ལྟ་བུའོ།།

ག ཁ་སྐད་དང་ཡིག་སྐད་གཅིག་གྱུར་བྱ་རྒྱུའི་འགལ་བ་གཙོ་བོ་ནི་ཡུལ་སྐད་གཅིག་གྱུར་བྱ་རྒྱུ་དེའོ།།

(2) གནད་དོན་དབྱེ་ཞིབ།

བོད་རིགས་ནི་ཚོ་བ་ཁག་གཅིག་ཏུ་འདྲེས་ནས་གཅིག་གྱུར་བྱུང་ཟིན་པའི་མི་རིགས་ཤིག་ཡིན་པར་མ་ཟད། ས་གནས་ཕན་ཚུན་བར་ལ་འབྲེལ་བ་བྱེད་དུས་ཐུན་མོང་གིས་གོ་ཐུབ་པའི་ཕལ་སྐད་ཡོད་ལ། རྒྱུན་དུ་སྤྱོད་པའི་ས་གནས་ཁག་སོ་སོའི་ཡུལ་སྐད་ཀྱང་ཡོད་པ་དེ་འདྲ་ཞིག་ཡིན་པར་བརྩི་གི་ཡོད།

རང་ལུགས་འཐད་ལྡན་དུ་འགོད་པ།

ཀ སྐད་ཀྱི་བྱུང་འཕེལ་གྱི་ཆོས་ཉིད་ལ་སྦྱར་ཏེ་རང་ལུགས་སྲ་བརྟན་དུ་གཏོང་བ།

ཁ བོད་སྐད་ཀྱི་གནས་བབ་དང་བསྟུན་ནས་རང་ལུགས་སྲ་བརྟན་དུ་གཏོང་བ།

ག མི་རིགས་དང་སྐད་ཆ། ཡི་གེ་བཅས་གཅིག་གྱུར་བྱ་ཚུལ་གྱི་ཆོས་ཉིད་ལ་སྦྱར་ཏེ་རང་ལུགས་སྲ་བརྟན་དུ་གཏོང་བ།

(3) གཞན་གྱི་འཁྲུལ་ལྟ་འགོད་པ།

༡.མི་རིགས་ཤིག་ཆགས་ཟིན་པའི་རྗེས་སུ་ཐུན་མོང་གིས་གོ་ཐུབ་པའི་སྐད་མ་གཏོགས་ཡུལ་སྐད་མེད་ཟེར་བ།

༢.ས་གནས་སོ་སོའི་ཡུལ་སྐད་ཡོད་པ་ཙམ་ལས་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ།

༣.བོད་རིགས་ལ་ད་ལྟ་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ།

(4) གཞན་གྱི་འཁྲུལ་ལྟ་འགོག་པ།

༡.མི་རིགས་ཤིག་ཆགས་ཟིན་པའི་རྗེས་སུ་ཐུན་མོང་གིས་གོ་ཐུབ་པའི་སྐད་མ་གཏོགས་ཡུལ་སྐད་མེད་ཟེར་ན། རྩོམ་པ་པོས་སྒྲུབ་བྱེད་འདི་ལྟར་བཀོད་ཡོད་དེ། རྒྱལ་སྤྱིའི་སྒྲ་རིག་པའི་མཁས་པ་ཚོས་བོད་སྐད་ལ་ཡུལ་སྐད་མི་འདྲ་བ་ཁག་ལྔར་ཕྱོགས་སྡོམ་བྱས་ཡོད་ལ། རྒྱལ་ནང་གི་སྒྲ་རིག་པའི་མཁས་པ་ཚོས་བོད་སྐད་ཀྱི་ནང་དུ་ཡུལ་སྐད་དེ་རིགས་ཆེན་པོ་གསུམ་དུ་བཀར་ཡོད། ཞིབ་འཇུག་གི་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པ་འདིའོ།།སྐབས་འདིར་རྩོམ་པ་པོས་གཞན་ལུགས་དགག་ཞོར་དུ་ཡུལ་སྐད་གཅིག་གྱུར་བྱ་རྒྱུའི་ཐད་ལ་རང་ལུགས་འདི་ལྟར་གཞག་ཡོད་དེ། གཅིག་ནས་ཡུལ་སྐད་ཆེན་པོ་གསུམ་ལས་གང་ཞིག་གནའ་རབས་རྩོམ་ཡིག་ཁྲོད་ཀྱི་ཡིག་སྐད་དང་མཐུན་པོ་ཡོད་མེད་ལ་ལྟ་བ་དང་གཉིས་ནས་ཡུལ་སྐད་ཆེན་པོ་གསུམ་ལས་གང་དེ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་ཆུང་ལྟ་བ་གཞིར་འཛིན་རྒྱུ་དེའོ།།

༢.ས་གནས་སོ་སོའི་ཡུལ་སྐད་ཡོད་པ་ཙམ་ལས་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་ན། རྩོམ་པ་པོས་སྒྲུབ་བྱེད་འདི་ལྟར་བཀོད་ཡོད་དེ། གནའ་རབས་བོད་ཀྱི་དཔེ་ཆ་མི་འདྲ་བ་ཁག་བདུན་དཔྱད་གཞིར་དྲངས་པ་ལས་ཡོད་པ་བསྟན་ཡོད། གཉིས་ནས་དེ་དག་ལས་ཡུལ་སྐད་ཐོག་གཅིག་གྱུར་མེད་པ་མ་གཏོགས་རྩ་བའི་བརྡ་སྤྲོད་རིག་པ་དང་རྩ་བའི་ཐ་སྙད་གཅིག་གྱུར་ཡིན་པ་བསྟན་ནས་ཤུགས་སུ་ཕལ་སྐད་གཅིག་གྱུར་ཡིན་པ་བསྟན་ཡོད། སྐབས་འདིར་རྩོམ་པ་པོས་གཞན་ལུགས་དགག་ཞོར་དུ་ཡུལ་སྐད་གཅིག་གྱུར་བྱ་རྒྱུའི་ཐད་ལ་རང་ལུགས་འདི་ལྟར་གཞག་ཡོད་དེ། པར་སྐྲུན་ལག་རྩལ་བོད་ལ་དར་བ་དེས་བོད་ཀྱི་ཡིག་གཟུགས་དང་དག་ཆ། སྐད་ཡིག་གཅིག་གྱུར་ལ་ནུས་པ་ཐོན་པ་བསྟན་ནས་ཤུགས་སུ་ཡུལ་སྐད་གཅིག་གྱུར་ལ་ནུས་པ་ཐོན་ཡོད་པ་བསྟན་ཡོད།

༣.བོད་རིགས་ལ་ད་ལྟ་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་ན། རྩོམ་པ་པོས་སྒྲུབ་བྱེད་འདི་ལྟར་བཀོད་ཡོད་དེ། བོད་ལ་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་ཡོད་པར་མ་ཟད་དེ་དང་མཐུན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཀྱང་ཆ་ཚང་ཞིག་ཡོད་པ་བསྟན་ཡོད། སྐབས་འདིར་ཡང་རྩོམ་པ་པོས་གཞན་ལུགས་དགག་ཞོར་དུ་ཡུལ་སྐད་གཅིག་གྱུར་བྱ་རྒྱུའི་ཐད་ལ་རང་ལུགས་འདི་ལྟར་གཞག་ཡོད་དེ། སྔར་ཡོད་སུམ་རྟགས་ཀྱི་ལུགས་རྣམས་མེད་པར་བཟོས་ནས་ཡི་གེའི་དག་ཆ་དེ་ལྷ་སའི་ཁ་སྐད་དམ་ཡུལ་སྐད་ཐོག་ལ་བསྒྱུར་རྒྱུར་ཨུ་ཚུགས་བྱས་ན།ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བཟོ་ཐུབ་རྒྱུ་ཕར་ཞོག་གནས་གཞན་དག་གི་ཡུལ་སྐད་བར་ཁ་བྲལ་ཆེ་རུ་འགྲོ་ངེས་པ་བསྟན་ཡོད།

(5) གནད་དོན་ཐག་གཅོད།

སྔར་ཡོད་བརྡ་སྤྲོད་ཀྱི་གཞུང་ལུགས་རྣམས་རྒྱུན་འཛིན་བྱས་ཐོག ས་གནས་ཁག་གི་ཡུལ་སྐད་དང་གནའ་རབས་བོད་ཀྱི་རྩོམ་ཡིག་ཁག་ལ་ཞིབ་འཇུག་བྱས་ཏེ། འབྱུང་འགྱུར་ཡིག་སྐད་དང་ཡུལ་སྐད་གཅིག་གྱུར་ཡོང་བར་རྨང་གཞི་འདིང་དགོས་པའི་འབོད་སྐུལ་བྱས་ཡོད།

(6) དགག་སྒྲུབ་ཀྱི་ཁྱད་ཆོས།

རྩོམ་ཡིག་འདིར་རང་ལུགས་འཐད་ལྡན་དུ་སྒྲུབ་པའི་འབྲི་ཐབས་སྤྱད་ཡོད་ཅིང་། རང་ལུགས་འཐད་ལྡན་དུ་བཀོད་པ་ཡང་དག་པ་ཡིན་པ་གསལ་སྟོན་བྱ་ཆེད། ལུང་དྲངས་ནས་རང་གི་ལྟ་ཚུལ་བརྗོད་པ་དང་དེ་ཉིད་སྲ་བརྟན་དུ་གཏོང་བར་ཐོག་མར་སྐད་ཆ་བྱུང་འཕེལ་གྱི་ཆོས་ཉིད་སྟོན་པ་དང་བར་དུ་བོད་ཀྱི་སྐད་ཆའི་གནས་བབ་སྟོན་པ། མཐའ་མར་མི་རིགས་དང་སྐད། ཡི་གེ་བཅས་སྔ་མོ་ནས་གཅིག་གྱུར་བྱུང་ཟིན་པ་གསལ་སྟོན་བྱས་རྗེས། འབྱུང་འགྱུར་གྱི་ཁ་ཕྱོགས་བསྟན་ཏེ་གཞན་གྱི་འཁྲུལ་ལྟ་རེ་རེ་དམིགས་སུ་བཏོན་ནས་དེ་དག་རེ་རེ་ལ་དགག་གཞག་སྤྲོས་ཞོར་དུ་རྟིང་གནོན་གྱི་ཚུལ་གྱིས་རང་ལུགས་གཞག་ནས་སྒྲུབ་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན།

(7) སློབ་ཚན་སྤྱི་སྡོམ།

སློབ་ཚན་འདིར་ཡུལ་སྐད་དང་ཕལ་སྐད། ཁ་སྐད། ཡིག་སྐད་སོགས་ཀྱི་གོ་དོན་དང་འབྲེལ་བ། འགལ་བ་སོགས་མ་འདྲེས་པར་གསལ་བོར་ཤེས་པའི་རྨང་གཞིའི་ཐོག་གནད་དོན་འདོན་པ་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་ཀྱི་གོ་རིམ་སོ་སོ་མ་འདྲེས་པར་ཤེས་རྒྱུ་དེའོ།།

(8) ལས་བྱ་བཀོད་སྒྲིག

བསླབ་དེབ་སྟེང་གི་སྦྱང་གཞི་དང་སྦྱང་གཞི་ལྷན་ཐབས་ཡོངས་འགྲུབ་བྱ་རྒྱུ།།

* བཀྲ་ཤིས་ཉི་མ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1