མཚོ་སྔོན་འབྲོག་ཁུལ་གྱི་སློབ་ཆུང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་ཐད་ཀྱི་བསམ་གཞིག་ཐོར་བུ།

པད་མ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


[གནད་བཏུས] རྩོམ་ཡིག་འདིར་མཚོ་སྔོན་འབྲོག་ཁུལ་གྱི་བོད་རིགས་སློབ་ཆུང་སློབ་མའི་བསླབ་ཕྱིའི་བོད་ཡིག་དཔེ་ཀློག་གི་མིག་སྔའི་གནས་བབ་དང་། དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་རགས་ཙམ་བྱས་པ་བརྒྱུད། བྱིས་པའི་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་ཡོང་བ་དང་། དེ་ཉིད་འཕེལ་རྒྱས་དང་ལེགས་སྒྱུར་ཐད་ལ་རང་གི་ལྟ་ཚུལ་འགའ་བརྗོད་ཡོད་ཅིང་། བྱིས་པའི་དཔེ་ཀློག་གི་དགོས་མཁོར་དམིགས་ནས་བོད་ཡིག་དཔེ་ཀློག་གི་ཐབས་ལམ་འགའ་ངོ་སྤྲོད་རགས་ཙམ་བྱས་ཡོད།

[གནད་ཚིག] མཚོ་སྔོན་འབྲོག་ཁུལ། སློབ་ཆུང་སློབ་མ། བསླབ་ཕྱིའི་དཔེ་ཀློག

དང་པོ། སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་མིག་སྔའི་གནས་བབ་དང་དེའི་རྒྱུ་རྐྱེན།
གཅིག ཁྱིམ་ཚང་སློབ་གསོའི་ཁོར་ཡུག
བྱིས་པའི་དཔེ་ཀློག་གི་གོམས་སྲོལ་དང་སྤུས་ཚད་ནི་མི་རིགས་གང་དེའི་སྲོལ་རྒྱུན་ནས་བརྒྱུད་པའི་ཁྱིམ་ཚང་སློབ་གསོ་ལ་འབྲེལ་བ་ངེས་ཅན་ཞིག་མཆིས་པར་འདོད་དེ། དཔེར་ན་ཡ་ཧུ་དཱ་པའི་མི་རིགས་ལྟ་བུ་ལ་མཚོན་ན་ཁོ་ཚོས་བྱིས་པར་ཆུང་ངུའི་དུས་ནས་དཔེ་ཀློག་གི་གོམས་སྲོལ་བཟང་པོ་སྐྱེད་སྲིང་བྱེད་ཆེད་དགོས་ངེས་ཀྱི་བྱེད་ཐབས་སྣ་མང་སྤྱོད་ཀྱིན་ཡོད། “དཔེར་མཚོན་ཅན་གྱི་ཡ་ཧུ་དཱ་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་འདི་འདྲའི་ཁྱད་སྲོལ་ཞིག་མཆིས་ཏེ། བྱིས་པ་ཐོག་མར་ཡི་གེ་ལ་འཇུག་སྐབས་ཁོ་ཚོས་དམ་པའི་གསུང་རབ་ཀྱི་སྟེང་ལ་སྦྲང་རྩི་བྱུགས་ཏེ་ཕྲུ་གུ་དག་ལ་ཤེས་རིག་གི་རོ་མངར་མྱོང་དུ་འཇུག ཕྱིས་སུ་གོམས་སྲོལ་འདི་ཉིད་ཡ་ཧུ་དཱ་པའི་སློབ་ཕྲུག་དག་ཤེས་རིག་གི་སྒོ་མོར་འཇུག་པའི་སློབ་ཐུན་ཐོག་མ་རུ་གྱུར་ཡོད།”①ཅེས་འཁོད་ཡོད་ལ། ཁོ་ཚོས་དེ་དང་དེ་འདྲ་བའི་བྱེད་ཐབས་ངོ་མཚར་བ་ཅི་རིགས་སྤྱད་དེ་བྱིས་པར་ཆུང་དུས་ནས་དཔེ་དེབ་ལ་དགའ་བའི་བག་ཆགས་འཇོག་པར་བྱེད་ཅིང་། དེ་ནི་ཁོ་ཚོས་བྱིས་པའི་དཔེ་ཀློག་ལ་མཐོང་ཆེན་དང་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་བྱུང་བའི་དན་རྟགས་ཤིག་ཏུ་མངོན། བོད་རང་གི་སྔར་སྲོལ་དུ་དགོན་སྡེའི་ཁོར་ཡུག་མ་གཏོགས་ཁྱིམ་པའི་སྤྱི་ཚོགས་སུ་དཔེ་ཀློག་གི་སློབ་གསོ་ལ་གཙིགས་ཆེན་བྱེད་པའི་གོམས་སྲོལ་དེ་འདྲ་དར་ཁྱབ་བྱུང་མེད་པར་སྣང་། དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ཡོད་མོད། གཙོ་བོ་སྤྱི་ཚོགས་གསར་བའི་སྔོན་དུ་བོད་རང་གི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྣམ་པ་ནི་གཙོ་བོ་ཞིང་ཕྱུགས་ལ་བརྟེན་པ་དང་། དཔེ་ཆ་ཀློག་པ་ནི་ཆོས་གྲྭ་འགྲིམ་པའི་རབ་བྱུང་བ་དག་གི་ལས་ཀ་ཙམ་ལས་ཁྱིམ་པ་སྐྱ་བོ་དག་ལ་འབྲེལ་བ་ཆེར་མེད་པའི་བསམ་པའི་འཛིན་སྟངས་ཡོངས་ཁྱབ་ཏུ་གནས། བོད་པའི་ཡུལ་ལུང་དག་ཏུ་སྒྲིག་འཛུགས་ཅན་གྱི་སྤྱི་པའི་སློབ་གྲྭ་མེད་པ་སོགས་སྤྱི་ཚོགས་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན། རིག་གནས་ཁོར་ཡུག་བཅས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདོད། སྤྱི་ཚོགས་གསར་བའི་སློབ་གསོའི་འཕེལ་ཕྱོགས་དང་ལྷན་དུ་འབྲོག་དམངས་ཀྱི་སློབ་གསོའི་གོ་རྟོགས་ལའང་ལྟོས་བཅས་ཀྱིས་འགྱུར་བ་ཕྲན་བུ་རེ་བྱུང་དང་འབྱུང་བཞིན་ཡོད་པ་ནི་བྱིས་པའི་སློབ་ཞུགས་ཚད་མཐོ་རུ་འགྲོ་བཞིན་པ་ལྟ་བུས་ཀྱང་ཅུང་ཙམ་མཚོན། ཡིན་ནའང་འབྲོག་དམངས་བྱིངས་ལ་མཚོན་ན་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་ལ་གོ་བ་རྣལ་མ་ཞིག་ཆགས་ཐུབ་མེད་པའི་ཁར་སྤྱི་ཚོགས་ཧྲིལ་བོར་སློབ་མའི་སྐར་འབྲས་གཙིགས་སུ་འཛིན་པའི་སློབ་གསོའི་ལྟ་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་ཁྱབ་ཟིན་ལ། བྱིས་པའི་བདེ་ཐང་དང་ཀུན་སྤྱོད་ལ་དོ་ཁུར་དང་། འཇོན་ནུས་མཐོར་འདེགས་སོགས་ལ་དེ་འདྲའི་མཐོང་ཆེན་མི་བྱེད་པའི་གནས་ཚུལ་སྤྱི་ཁྱབ་ཏུ་གནས། དེ་ལ་རྟེན་ཅིང་འབྲེལ་བར་བྱིས་པའི་བསླབ་ཕྱིའི་དཔེ་ཀློག་གི་སྤུས་ཚད་དེ་ཡང་ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་ཡོད། དེ་ཡང་གཅིག་ནས་མིག་སྔའི་འབྲོག་ཁུལ་གྱི་ཁྱིམ་བདག་མང་ཆེ་བར་འཐུས་སྒོ་ཚང་བའི་སློབ་གསོ་ཞིག་ཐོབ་མེད་པས་ཁོ་ཚོས་བྱིས་པའི་དཔེ་ཀློག་སོགས་སློབ་སྦྱོང་གི་ཐད་ལ་མཛུབ་སྟོན་དང་སྣེ་ཁྲིད་བྱེད་པའི་འཇོན་ནུས་མེད་པ་དང་། གཉིས་སུ་དུས་རབས་གསར་བའི་དཔལ་འབྱོར་འགྲན་རྩོད་ཀྱི་ཤུགས་རྐྱེན་འོག་ཁྱིམ་ཚང་མང་ཆེ་བར་འཚོ་བའི་ཐད་ཀྱི་གནོན་ཤུགས་སྔར་བཞིན་ཆེ་ཞིང་། ཁོ་ཚོས་མིག་སྔའི་འཚོ་ཐབས་དང་ཁྱིམ་གྱི་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ཕྱོགས་ཁོ་ནར་བསམ་གཞིགས་དང་དོན་གཉེར་བྱེད་པ་མ་གཏོགས་མི་ཆོས་ཀུན་སྤྱོད་གཙོས་ནང་བསམ་པའི་དཔལ་ཡོན་ལ་བརྩི་མཐོང་དང་། དེ་ཉིད་དར་སྤེལ་གཏོང་བའི་ཐད་དོ་སྣང་མེད་པའི་སྣང་ཚུལ་ནི་སྔར་ལས་ཀྱང་ཚབས་ཆེན་དུ་འགྱུར་བཞིན་ཡོད། དཔེར་ན། ཁོ་བོས་ལོ་དུ་མའི་ཉམས་མྱོང་ལས་རྒྱུས་ལོན་བྱུང་བ་ནི་ཁྱིམ་བདག་མང་ཆེ་བར་མཚོན་ན་བྱིས་པས་སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་མ་འོངས་པའི་འཚོ་རྟེན་གྱི་བྱ་བ་ག་གེ་མོ་ཞིག་རག་པ་ཁོ་ནའི་ཆེད་ཡིན་པ་ལྟ་བུའི་བསམ་ཚུལ་ཆིག་རྐྱང་བ་ཞིག་གི་ངོས་ན་ལུས་འདུག་པ་རེད། དེ་ལྟ་བུའི་སློབ་གསོའི་ཁོར་ཡུག་ལས་ང་ཚོས་དུས་རྒྱུན་གླེང་བའི་བྱིས་པའི་བདེ་ཐང་ལ་དོ་ཁུར་བྱེད་པ་དང་བྱིས་པའི་རིག་ནུས་སྔོག་འདོན་བྱེད་པ། བྱིས་པའི་དགའ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། བྱིས་པའི་དཔེ་ཀློག་གི་གོམས་སྲོལ་སྐྱེད་སྲིང་བྱེད་པ་སོགས་ནི་དངོས་ཡོད་ཀྱི་གནས་ཚུལ་དང་ཁད་ཐག་རིང་ནས་རིང་དུ་འགྱུར་བཞིན་འདུག
གཉིས། སློབ་གྲྭའི་སློབ་གསོའི་རྒྱུ་རྐྱེན།
༡. དཔེ་ཀློག་ཐད་ཀྱི་སྣེ་ཁྲིད་ཞན་པ།
དུས་རབས་གསར་བའི་སྒོ་འཕར་ངང་གིས་ཕྱེ་བ་དང་ལྷན་དུ་སྤྱི་ཚོགས་ལས་རིགས་སོ་སོ་དང་རིམ་པ་སོ་སོའི་མི་སྒེར་དང་ཚོགས་པ་གང་ལ་མཚོན་ནའང་སྤུས་ཚད་སློབ་གསོའི་ལམ་ཆེན་དུ་གོམ་པ་སྤོ་དགོས་པའི་འབོད་སྐུལ་ཡང་ཡང་གཏོང་གིན་ཡོད། མིག་སྔའི་འབྲོག་ཁུལ་གྱི་སློབ་ཆུང་དག་ལ་མཚོན་ན་སློབ་ཁྲིད་ཐོག་ཁང་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་ཡོ་ཆས་ལེགས་བསྒྱུར་སོགས་རྨང་གཞིའི་སྒྲིག་ཆས་དང་། སློབ་མའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་སོགས་ཕྱིའི་རྣམ་པའི་ཐད་ནས་སྔོན་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་བྱུང་དང་འབྱུང་བཞིན་འདུག་མོད། འོན་ཀྱང“སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་སྐྱེད་སྲིང་བྱེད་རྒྱུ་སྣང་མེད་དུ་ལུས་ཤིང་སློབ་མའི་ཁེར་རྐྱང་གི་བསམ་གཞིགས་དང་གསར་བཏོད་ནུས་པ། མི་ཇི་ལྟར་བྱེད་ཚུལ་སོགས་ཀྱི་ཕྱོགས་ལ་ཤན་ཤུགས་ཐེབས་ནས་སྐར་གྲངས་མཐོ་ལ་ནུས་པ་ཞན་པའི་མི་འབོར་ཆེན་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་རྨང་གཞི་སློབ་གསོའི་དགོངས་དོན་དང་། སྤུས་ཚད། སློབ་གསོའི་འཕེལ་རྒྱས་ཀྱི་ཆོས་ཉིད་སོགས་དང་རྒྱབ་འགལ་དུ་གྱུར་ཅིང་མི་རེ་རེའི་འཕེལ་རྒྱས་དང་འཚོ་གནས་ལ་ཤན་ཤུགས་ཐེབས་བཞིན་ཡོད”②ཅེས་གསུངས་པ་བཞིན་སློབ་མའི་སྐར་འབྲས་གཙིགས་སུ་འཛིན་པ་དང་། རྒྱུགས་འབྲས་ཀྱིས་སློབ་གསོའི་སྤུས་ཚད་གཞལ་བའི་ལམ་ལུགས་དང་འདུ་ཤེས་ཀྱི་རྩ་བར་གཡོ་འགུལ་བྱུང་མེད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་རང་རེད། དེ་བས་འབྲེལ་ཡོད་ཀྱི་སློབ་གསོའི་སྡེ་ཁག་ལ་མཚོན་ནའང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་ཐད་ལ་གཟབ་ནན་གྱི་བླང་བྱ་མེད་པ་དང་། སློབ་གྲྭ་དག་ལ་མཚོན་ནའང་རང་ངོས་ནས་སྣེ་ཁྲིད་དང་འཆར་འགོད་མེད་པ་སོགས་ཀྱི་རྐྱེན་ལས་སློབ་མའི་བསླབ་ཕྱིའི་དཔེ་ཀློག་དེ་མིང་ཙམ་གྱི་ཚད་དུ་གྱུར་ཡོད། གཞན་སློབ་མ་རྣམས་ལ་མཚོན་ན་རང་གི་དགའ་ཕྱོགས་དང་འདོད་མོས་ལྟར་བསླབ་ཕྱིའི་ལྟ་ཀློག་གི་སྣང་ཚུལ་ཉི་ཚེ་བ་རེ་འགའ་མཐོང་རྒྱུ་ཡོད་མོད། གཅིག་ནས་ཁྱིམ་བདག་དང་དགེ་རྒན་གྱི་ཁྲིད་སྟོན་ཞན་པ། གཉིས་ནས་བོད་ཡིག་དཔེ་དེབ་ཀྱི་ཐོན་ཁུངས་ཉུང་བ་སོགས་ཀྱི་དབང་གིས་ལག་ལ་གང་སོན་དུ་ལྟ་བ་དང་བརྗོད་བྱ་མི་གཙང་བའི་རིགས་ལ་ལྟ་བ། འཆར་གཞི་དང་གྲ་སྒྲིག་གང་ཡང་མེད་པར་ལྟ་བ་སོགས་ཀྱི་གནད་དོན་ཡང་གནས་ཡོད་པས་སློབ་གྲྭ་རང་ངོས་ལ་མཚོན་ནའང་འདིའི་ཐད་དུ་སྟོང་ཆ་ཆེན་པོ་ཞིག་ལུས་འདུག་པར་འདོད།
༢. དཔེ་ཀློག་གི་ཐོན་ཁུངས་ཐད།
དཔེ་ཆའི་ཐོན་ཁུངས་ཐད་ཀྱི་འགལ་རྐྱེན་གླེང་བ་ལ་ཕྱོགས་གཅིག་ནས་དེང་རབས་ཆ་འཕྲིན་གྱི་ཤུགས་རྐྱེན་ནི་ངེས་པར་གླེང་དགོས་ཏེ། ཆ་འཕྲིན་དུས་རབས་སུ་སླེབས་པ་དེས་ཕྱོགས་མང་པོ་ཞིག་ནས་མི་རྣམས་ཀྱི་འཚོ་བ་ལ་སྔར་མེད་ཀྱི་སྟབས་བདེ་བསྐྲུན་དང་སྐྲུན་བཞིན་པ་ནི་གོར་མ་ཆག་མོད། དྲ་རྒྱའི་བྱེད་ནུས་རྒྱ་ཁྱབ་ཏུ་སྤེལ་བ་དེས་སྤྱི་ཚོགས་ཡོངས་ཀྱི་དཔེ་ཀློག་གི་ཐད་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཡོད་པ་ནི་ང་ཚོས་བཤོལ་དཀའ་བ་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་རེད། དེ་བཞིན་དེང་རབས་ཆ་འཕྲིན་ལག་རྩལ་གྱི་ཐོན་དངོས་ཁ་པར་དང་གློག་ཀླད་སོགས་ནི་སློབ་མའི་སློབ་སྦྱོང་དང་དཔེ་ཀློག་གི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་མོད། ཁྱིམ་ཚང་སློབ་གསོ་ཞན་པའི་འབྲོག་ཁུལ་ལ་མཚོན་ན་དེས་སློབ་མའི་སློབ་སྦྱོང་གི་བྱ་བ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཐེབས་བཞིན་ཡོད་དེ། དཔེར་ན། འབྲོག་ཁུལ་གྱི་སློབ་ཕྲུག་ཆེ་གེ་མོས་གུང་གསེང་གི་སྐབས་སུ་ཁ་པར་གྱི་རོལ་རྩེད་ལ་གཡེང་སྟེ་རང་གི་འགན་འཁྲིའི་སྦྱང་གཞི་ལེགས་འགྲུབ་མ་བྱུང་བ་སོགས་ཀྱི་སྣང་ཚུལ་ག་ས་གར་གནས་ཡོད་པ། སྐད་འཕྲིན་སོགས་བརྒྱུད་དེ་ཁུངས་ལུང་དང་ཡིད་རྟོན་མེད་པ། བྱིས་པའི་བསམ་བློ་གོལ་སར་འཁྲིད་སླ་བའི་བརྡ་འཕྲིན་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་དང་ལེན་བྱེད་ཀྱིན་ཡོད་པས།དེ་རིགས་ནི་ང་ཚོས་ངེས་པར་བསམ་གཞིགས་བྱེད་དགོས་པའི་གནད་དོན་དག་ཏུ་འཁུམས། གཞན་ཡང་བོད་ཡིག་གི་དཔེ་ཆའི་ཐོན་ཁུངས་མི་འདང་བ་དེ་རེད། དེ་ཡང་ས་གནས་དཔེ་ཚོང་ཁང་དང་སློབ་གྲྭའི་དཔེ་མཛོད་ཁང་སོགས་སུ་པར་སྐྲུན་བྱས་པའི་བོད་ཡིག་གི་བསླབ་ཕྱིའི་དཔེ་དེབ་དག་ལས་མང་ཆེ་བ་ནི་རྒྱུགས་གཞིའི་དགོས་མཁོ་ལ་དམིགས་པའི་འབྲེལ་ཡོད་ཀྱི་ལྷན་ཐབས་དག་དང་ཡིག་རིགས་གཞན་ལས་བསྒྱུར་སྒྲིག་བྱས་པའི་དཔེ་དེབ་དག་ཡིན་པས། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་སློབ་མའི་བློ་ཁ་དང་འཚམ་མིན་ཅི་རིགས་ཡོད་ཅིང་།བྱིས་པའི་ཀློག་འདོན་གྱི་ནུས་པ་མཐོར་འདེགས་ཐད་གོ་ཆོད་མིན་སྣ་ཚོགས་སུ་སྣང་བས་སློབ་ཆུང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་ཆ་རྐྱེན་ཐད་ཕྱི་ནང་གཉིས་ཆར་ནས་ཧ་ཅང་ཞན་པར་འདོད།
གཉིས་པ། བསླབ་ཕྱིའི་དཔེ་ཀློག་གི་གནས་བབ་ལེགས་སྒྱུར་ཐད་ཀྱི་བསམ་ཚུལ་འགའ།
འབྲོག་ཁུལ་གྱི་བྱིས་པར་དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་སྐད་ཡིག་སློབ་གསོའི་བླང་བྱ་འགངས་ཆེན་ཞིག་ཡིན་པར་མ་ཟད་བྱིས་པའི་མདུན་ལམ་དང་འབྲེལ་བ་དམ་པོ་ཡོད། བྱིས་པར་དཔེ་ཀློག་གི་གོམས་སྲོལ་ལེགས་པོ་ཞིག་ཆགས་ན་བྱིས་པའི་མི་གཞི་ཀུན་སྤྱོད་དང་། འཚོ་བའི་འདུན་མ། འཇོན་ནུས་དང་ཤེས་རབ་སོགས་ཕྱོགས་གང་ཐད་ཕན་ནུས་ངེས་ཅན་ཞིག་ཐོན་ངེས་ཏེ། ཨུ་རུ་སུའི་སློབ་གསོ་པ་གྲགས་ཅན་སུའུ་ཧུའོ་མུའུ་ལིན་སི་ཅིས“སློབ་བུ་དག་ལ་མཚོན་ན་དུས་རྒྱུན་གྱི་སྦྱང་བྱ་དང་།
ལྟ་ཚུལ། སྤྲོ་མོས་ལས་གཞན་ཕུན་སུམ་ཚོགས་པའི་རིག་ནུས་ཀྱི་འཚོ་བ་ཞིག་ཡོད་པར་རིགས། འདི་རུ་བརྗོད་པ་ནི་བསླབ་ཕྱིའི་དཔེ་ཀློག་ལ་ཟེར་བ་ཡིན་ཏེ། ལྷག་དོན་གཞོན་ནུའི་དུས་ཀྱི་དཔེ་ཀློག་ལ་ཟེར་བ་ཡིན།”③ཞེས་གསུངས་པ་བཞིན། དཔེ་ཀློག་ནི་སྐྱེ་བོ་ཞིག་འཚར་ལོངས་འབྱུང་བའི་མི་ཚེའི་བཞུད་ལམ་གྱི་བསམ་བློའི་རྒྱགས་ཕྱེ་དང་ལམ་སྟོན་གྱི་སློབ་དཔོན་ཞིག་ཏུ་ལྟ་ཆོག་པ་ཡིན། དེ་ཡང་གོང་དུ་བརྗོད་པ་བཞིན་མིག་སྔའི་འབྲོག་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་གནས་བབ་ལ་གཞིགས་ན་བྱིས་པར་བདེ་ཐང་གི་དཔེ་ཀློག་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་དུས་ཚོད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་།ང་ཚོས་རེ་ཞིག་སློབ་གྲྭའི་སློབ་གསོའི་ཁོར་ཡུག་ཁྲོད་དེ་ལ་འོས་མཐུན་གྱི་བར་སྟོང་ཞིག་འཚོལ་རྒྱུ་ནི་ཐབས་ལམ་ལེགས་ཤོས་སུ་བསམ།
གཅིག བྱིས་པའི་དཔེ་ཀློག་གི་སྤྲོ་སྣང་སློང་ཐབས།
“སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན”ཞེས་པ་བཞིན་ཐོག་མར་སློབ་གྲྭ་རང་ངོས་སམ་དགེ་རྒན་གྱི་སྣེ་ཁྲིད་ལ་བརྟེན་ནས་སློབ་ཕྲུག་རེ་རེ་བཞིན་དངོས་སུ་དཔེ་ཀློག་གི་འཚོ་བར་ཟབ་ཞུགས་བྱེད་དུ་བཅུག་སྟེ། བྱིས་པའི་དཔེ་ཀློག་གི་མོས་འདུན་ལ་སྐུལ་སློང་བྱེད་དགོས། སློབ་གསོ་པ་གྲགས་ཅན་ཕི་ཡ་རྗི་ཡིས“རིག་ནུས་ཀྱི་བྱ་བ་ཡོད་ཚད་སྤྲོ་སྣང་ལ་མ་བརྟེན་པ་མེད”ཅེས་གསུངས་པ་བཞིན་སྤྲོ་སྣང་ནི་ལས་སྒོ་དོན་གཉེར་གྱི་ལྡེ་མིག་ལྟ་བུ་ཡིན། དེ་ཡང་ང་ཚོས་བྱེད་ཐབས་སྣ་མང་ཞིག་སྤྱད་ན་ད་གཟོད་དེའི་ཐད་ལ་ཕན་འབྲས་མི་དམན་པ་ཞིག་མངོན་ཐུབ་པར་འདོད། དེ་ཡང་དོན་ཚན་འགར་ཕྱེ་ན།
༡. སློབ་གྲྭ་སྤྱིའམ་ཡང་ན་འཛིན་བདག་གི་བཀོད་སྒྲིག་ལྟར་དཔེ་ཀློག་དང་འབྲེལ་བའི་བྱ་འགུལ་སྣ་མང་སྤེལ་དགོས་ཏེ། སྙན་ངག་གྱེར་འདོན་དང་རྩོམ་ཡིག་ཀློག་འདོན་གྱི་འགྲན་བསྡུར་ལྟ་བུར་མཚོན་ན་ཕྱོགས་གཅིག་ནས་སློབ་མའི་དཔེ་ཀློག་གི་སྤྲོ་སྣང་སློང་ཐུབ་པ་དང་། གཉིས་ནས་སློབ་མའི་སྨྲ་ལྕེ་སྦྱོང་བརྡར་དང་བློ་སྤོབས་སྐྱེད་སྲིང་། ཀློག་ནུས་མཐོར་འདེགས། སློབ་སྦྱོང་ལ་སྐུལ་འདེད་ཐུབ་པ་སོགས་ཕན་པའི་ཆ་ཇི་སྙེད་ཅིག་མཆིས།
༢. སློབ་མར་རང་དབང་གི་དུས་ཚོད་འོས་འཚམ་རེ་སྤྲད་དེ་དཔེ་ཀློག་དང་འབྲེལ་བའི་བྱ་འགུལ་གང་མང་རང་མོས་སྒོས་རྩ་འཛུགས་བྱེད་དུ་འཇུག་པ། དཔེར་ན། སློབ་བུ་དག་གི་འདོད་མོས་ལྟར་འཛིན་གྲྭའི་སྤྱི་གཞུང་ལ“རང་མོས་དཔེ་སྒྲོམ”གསར་དུ་བསྐྲུན་པ་དང་། སློབ་བུ་ཚོས་རང་ཉིད་ཀྱི་ཁོམ་སྐབས་དང་བསྟུན་འཛིན་གྲྭའི་སྤྱི་གཞུང་ལ་དཔེ་དེབ་གཡར་ཏེ་ལྟ་ཀློག་བྱས་ན་སྟབས་བདེ་ཞིང་སྤྲོ་བ་སློང་ཐུབ་པ་མ་ཟད། ཁོ་བོས་ཕྱིས་དཔེ་ཀློག་གི་ཐད་ལ་སྔར་ལས་ལྷག་པའི་ཕན་འབྲས་མི་དམན་པ་ཞིག་ཐོབ་ངེས།
༣. དགེ་རྒན་གྱིས་སློབ་མའི་དཔེ་ཀློག་ཐད་སྐུལ་ལྕག་གཏོང་བ། དགེ་རྒན་ཞིག་ཡིན་ཕྱིན་རང་ཉིད་ཀྱི་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་ཆེད་དགོས་དབང་གིས་འབྲེལ་ཡོད་ཀྱི་དཔེ་དེབ་དག་ཀློག་དགོས་པར་མ་ཟད། མི་ཚེ་ཧྲིལ་བོར་དཔེ་ཀློག་གི་གོམས་སྲོལ་ལེགས་པོ་ཞིག་ཆགས་རྒྱུ་དེ་ཡང་ཧ་ཅང་གལ་ཆེ་བར་འདོད། 《སུའུ་ཧུའོ་མུའུ་ལིན་སི་ཅིའི་སློབ་གསོའི་ལེགས་བཤད》ནང་། “གལ་སྲིད་དགེ་རྒན་གང་དེར་དཔེ་ཀློག་མེད་པའམ་དཔེ་དེབ་ཀྱི་ཀློང་ཡངས་སུ་སྦྲུམ་པའི་བསམ་བློའི་འཚོ་བ་ཞིག་མེད་ཚེ། ཁོ་རང་ཉིད་ཀྱི་སློབ་གསོའི་ནུས་རྩལ་མཐོར་འདེགས་གཏོང་བའི་བྱེད་ཐབས་ཡོད་རྒུའི་དོན་སྙིང་ཤོར་འགྲོ་བ་རེད།”④ཅེས་དགེ་རྒན་གྱི་དཔེ་ཀློག་དེ་གལ་ཆེ་བའི་ཚུལ་ནན་གྱིས་བསྟན་ཡོད། དེ་བཞིན་དགེ་རྒན་གྱིས“སློབ་བུ་རེ་རེ་དཔེ་དེབ་ཀྱི་འཇིག་རྟེན་དུ་འཁྲིད་དེ་ཁོ་ཚོ་དཔེ་ཆ་ལ་དགའ་བའི་འདུན་པ་གསོ་སྐྱོང་བྱེད་དགོས་པར་མ་ཟད། དཔེ་ཆ་ནི་ཁོ་ཚོའི་འཚོ་བའི་ལམ་སྟོན་གྱི་སྒྲོན་མེ་རུ་འགྱུར་བར་བྱེད་དགོས། དེ་ནི་དགེ་རྒན་ལ་རག་ལས་པར་མ་ཟད་ཁོ་རང་ཉིད་ཀྱི་བསམ་པའི་འཚོ་བར་སིམ་པའི་གོ་ཐོབ་ལ་རྟེན་ཅིང་འབྲེལ་བ་ཞིག་རེད།”⑤ཅེས་གསུངས་པ་ལྟར་སློབ་ཁྲིད་ཀྱི་སྐབས་སུ་སློབ་བུ་རྣམས་ལ་དཔེ་ཀློག་གི་འབྲེལ་ཡོད་ཤེས་བྱ་དང་དགེ་མཚན། ཐབས་ལམ་སོགས་བཤད་དགོས་པར་མ་ཟད། གནའ་དེང་ཕྱི་ནང་གི་བརྩམས་ཆོས་གྲགས་ཅན་འོས་སྦྱོར་བྱེད་པ་དང་། མི་སྣ་གྲགས་ཅན་གྱི་དཔེ་ཀློག་གཏམ་རྒྱུད་སོགས་ཀྱང་སྐབས་བསྟུན་གྱིས་འཆད་དགོས་ཏེ། དཔེར་ན། བོད་རང་གི་སྔོན་བྱོན་སྐྱེས་ཆེན་དག་ལས་རྗེ་ཙོང་ཁ་པ་དང་འབྲོམ་སྟོན་པའི་དཔེ་གཟིགས་གནང་ཚུལ་ལྟ་བུ་སློབ་ཁྲིད་ཀྱི་སྐབས་སུ་འཕྲོས་དོན་གྱི་ཚུལ་གྱིས་བརྗོད་ན་སློབ་མའི་དཔེ་ཀློག་ལ་སྐུལ་ལྕག་འདེབས་པ་དང་སྙིང་རུས་བསྐྱེད་པ་སོགས་ལ་ཅི་ནས་ཀྱང་དགེ་མཚན་མི་དམན་པ་ཡོད་ངེས།
གསུམ་པ། དཔེ་ཀློག་གི་ཐབས་ལམ་འགའ།
སྤྱིར་བྱ་བ་ཆེ་ཕྲ་གང་ལ་འཇུག་ཀྱང་ཐབས་ལམ་ཡང་དག་པ་ཞིག་ལ་བརྟེན་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས་གཤམ་དུ་བྱིས་པའི་དཔེ་ཀློག་གི་ཐབས་ལམ་སྐོར་ནས་རང་གི་འདོད་ཚུལ་རགས་ཙམ་ཞིག་གླེང་བར་བྱ།
གཅིག གསུང་རབ་ཚད་ལྡན་ལ་བག་ཆགས་འཇོག་པ།
སྔོན་བྱོན་དམ་པའི་གསུང་རབ་ཚད་ལྡན་དཔེ་ཀློག་བྱས་ཏེ། བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཆའི་རྗོད་ལུགས་དང་རྩོམ་པའི་སྒྲིག་སྟངས། མཛེས་དཔྱོད་དང་རིན་ཐང་ལྟ་བ་སོགས་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སློབ་མའི་རྒྱུད་ལ་འཐས་པར་བྱེད་རྒྱུ་ནི་བོད་ཡིག་དཔེ་ཀློག་གི་དགོས་ངེས་ཀྱི་བླང་བྱ་ཞིག་ཏུ་འཁུམས། མིག་སྔའི་འབྲོག་ཁུལ་གྱི་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་ཐོན་ཁུངས་ལ་མཚོན་ན་སློབ་ཆུང་རིམ་པའི་བསླབ་ཕྱིའི་དཔེ་ཀློག་ལ་དམིགས་པའི་དཔེ་དེབ་རེ་འགའ་སྒྱུར་སྒྲིག་དང་འགྲེམ་སྤེལ་བྱས་ཡོད་ལ། དེ་དག་ལས་བོད་རིགས་སློབ་མའི་བློ་ཁ་དང་འཚམ་པའི་དཔེ་དེབ་ལེགས་པོ《མི་རོ་རྩེ་སྒྲུང》དང《སྐོམ་སེལ་བདུད་རྩིའི་ཆུ་རྒྱུན》ལྟ་བུ་ཉུང་ཤས་ལས་མེད། གཞན་སྒྱུར་སྒྲིག་བྱས་པའི་དཔེ་དེབ་དག་ལ་མཚོན་ན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྲོལ་རྒྱུན་གྱི་ཁྱད་པར། རིན་ཐང་ལྟ་བ་སོགས་ཀྱི་རྐྱེན་གྱིས་བོད་རང་གི་བྱིས་པའི་མཛེས་དཔྱོད་སེམས་ཁམས་དང་འཚམ་མིན་གྱི་འགལ་བ་ཡང་ཞར་དང་ཞོར་ལ་འབྱུང་གིན་ཡོད་དེ། དཔེར་ན་སྲོག་ཆགས་ཁྱི་ལྟ་བུར་མཚོན་ན། ཨ་རིའི་མི་རྣམས་ཀྱིས“མིའི་རིགས་ཀྱི་ཆེས་བཟང་བའི་གྲོགས་པོ”ཞེས་བློ་དཀར་དང་གཞུང་བཟང་གི་དཔེ་རུ་བྱེད་ཀྱང་། བོད་རང་ལ་མཚོན་ན་ཁྲེལ་དང་ངོ་ཚ་མེད་པའི་དཔེ་རུ་འགོད་པ་ལྟ་བུ་རེད། དེ་མིན་བརྡ་སྤྲོད་ཀྱི་ཆོས་ཉིད་དང་ཚིག་དོན་གྱི་རོ་ཉམས་སོགས་ཀྱི་ཐད་ནས་ཀྱང་གོ་བ་བསྐྱེད་ཐུབ་མིན་ཅི་རིགས་སུ་སྣང་བས་ན། བོད་རང་གི་རིག་གནས་ཀྱི་ཉིང་བཅུད་འདུས་པའི་གསུང་རབ་ཚད་ལྡན་དག་ལས་འོས་འཚམ་རེ་གདམ་གསེས་བྱས་ཏེ་སློབ་ཆུང་གི་དུས་ནས་ཅི་ནུས་ཀྱིས་ཀློག་འདོན་བྱེད་རྒྱུ་གལ་ཆེ་བར་བསམ། དཔེར་ན《གེ་སར་སྒྲུང》དང《མི་ལའི་མགུར་མ》ལྟ་བུ་ལ་མཚོན་ན་བརྩམས་ཆོས་ཀྱི་བསམ་བློ་དང་བརྗོད་བྱའི་ཐད་ནས་བྱིས་པའི་བློ་ཁ་དང་འཚམ་དཀའ་མོད། ཚིག་གི་མྱོང་བ(语感)ལ་བག་ཆགས་འཇོག་ཕྱིར་ཅིས་ཀྱང་སློབ་ཆུང་གི་དུས་ནས་ཀློག་དགོས་པར་འདོད། གཞན་ཡང་སློབ་ཆུང་རིམ་པའི་བསླབ་གཞི་དག་ལ་བོད་རང་གི་གླུ་དང་གཞས། གཏམ་དཔེ་སོགས་ས་བཅད་མ་སྟོངས་པ་ཙམ་རེ་བཀོད་ཡོད་མོད། དེ་ཙམ་གྱིས་མི་ཆོག་པར་དགེ་རྒན་གྱི་ཁྲིད་སྟོན་དང་བཀོད་སྒྲིག་འོག་དེའི་སྐོར་གྱི་དཔེ་མང་པོར་ལྟ་ཀློག་བྱེད་རྒྱུ་དེ་ཡང་དགོས་ངེས་ཀྱི་བྱེད་ཐབས་ཤིག་ཏུ་འདོད།
གཉིས། དཔེ་ཀློག་ཟིན་བྲིས་འབྲི་བ།
རྒྱའི་ཁ་དཔེར“ཡིད་འཛིན་དགའ་ཞིག་ལས་སྨྱུ་གུ་ཆག་པོ་ཞིག་བཟང”ཞེས་གྲགས་པ་བཞིན།དུས་རྒྱུན་གྱི་དཔེ་ཀློག་ཁྲོད་དཔེ་ཀློག་ཟིན་བྲིས་འབྲི་རྒྱུ་དེ་ཧ་ཅང་གལ་ཆེ་བའི་སློབ་སྦྱོང་གི་ཐབས་ལམ་ཞིག་སྟེ། དཔེ་ཀློག་ཟིན་བྲིས་འགོད་ཐབས་ལ་ཡུལ་དུས་དང་མི་སོ་སོའི་དགོས་མཁོ་ལྟར་རིགས་དང་དབྱེ་བ་མི་འདྲ་བ་རེ་འགའ་མཆིས་མོད། སློབ་ཆུང་སློབ་མ་ཞིག་གི་ངོས་ནས་གཞིགས་ན་གཙོ་བོ་རིགས་གསུམ་གྱིས་ཆོག་པར་བསམ།
ཀ མ་རྩོམ་ཁྲོད་ཀྱི་མིང་ཚིག་གལ་ཆེན་དང་བརྗོད་པ་ལེགས་པོ་དག་ཐད་ཀར་དུ་བཤུ་འབྲི་བྱེད་པ། དེས་སློབ་མའི་བརྡ་སྤྲོད་ཀྱི་དག་ཆ་དང་ཡིད་འཛིན་གྱི་ནུས་པ་ལ་ཕན་པར་མ་ཟད། སློབ་མའི་རྩོམ་ཡིག་འབྲི་སྦྱོང་ལ་མཚོན་ནའང་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་སྣང་།
ཁ། དཔེ་ཀློག་གི་མྱོང་ཚོར་འབྲི་བ། དེས་སློབ་མས་བཀླགས་ཟིན་པའི་བརྩམས་ཆོས་ཀྱི་ནང་དོན་ལ་བསམ་གཞིགས་གཏོང་བ་དང་། སློབ་མ་རང་ཉིད་ལ་རང་རྐྱ་འཕེར་བའི་བསམ་གཞིགས་གཏོང་སྟངས་ཤིག་ཆགས་པར་བྱེད་པ་ལ་ཕན་ནུས་གལ་ཆེན་ཐོན་པར་འདོད།
ག གོ་དཀའ་བའི་ཐ་སྙད་དག་ལ་ཚིག་མཛོད་སོགས་སྤྱད་དེ་མཆན་དང་འགྲེལ་བ་ཟིན་བྲིས་སུ་འགོད་པ། དེས་སློབ་མའི་མིང་ཚིག་གསོག་འཇོག་ལ་ཕན་པར་མ་ཟད། རང་འགུལ་གྱིས་གནད་དོན་ཐག་གཅོད་པ། དྲི་བ་དང་གནད་དོན་ལ་དུས་ཐོག་ཏུ་འཇུག་པ་སོགས་ཀྱི་ཐད་དགེ་མཚན་ཆེ་བར་མཐོང་།
གསུམ། བློར་འཛིན་གྱི་ཐབས་ལམ་དང་ཁྱད་ཆོས།
བོད་རང་གི་སྲོལ་རྒྱུན་གྱི་སློབ་ཁྲིད་སློབ་གསོ་ལས་བསྟན་བཅོས་ཀྱི་རྩ་བ་མང་པོ་བློ་ལ་འཛིན་པ་དང་བློ་རྒྱུགས་འབུལ་བ་ནི་སློབ་ཁྲིད་ཀྱི་སྔོན་འགྲོའི་ཡན་ལག་གལ་ཆེན་ཞིག་ཡིན་པར་མ་ཟད་དཔེ་ཀློག་གི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། གུང་ཐང་བསྟན་པའི་སྒྲོན་མེས། “དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།། ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས།། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།།”⑥ཞེས་བློར་འཛིན་གྱི་དགོས་གལ་རང་བཞིན་ནན་གྱིས་བསྟན་ཡོད། རྒྱ་མི་རིགས་ལྟ་བུ་ལ་མཚོན་ནའང་བྱིས་པས་ཆུང་དུས་ནས་ཐང་གི་སྙན་ངག་དང་ཁུང་ཙིའི་བསླབ་བྱ་སོགས་བློ་ལ་ངེས་རྒྱུ་ནི་སྐད་ཡིག་བསླབ་ཚན་གྱི་སྔོན་འགྲོའི་བླང་བྱ་རུ་གྱུར་འདུག་ལ། དེས་བྱིས་པའི་ཡ་རབས་ཀུན་སྤྱོད་ལ་གསོས་འདེབས་པ་དང་། གསུང་རབ་ཚད་ལྡན་ལ་བག་ཆགས་འཇོག་པ། ཡིད་འཛིན་གྱི་ནུས་པ་བསྐྱེད་པ་སོགས་ལ་ཕན་པར་བཤད་ཡོད། བོད་རང་ལ་མཚོན་ནའང་གྲུབ་མཐའ་སོ་སོའི་མཁས་གྲུབ་དག་གིས་ཚིགས་བཅད་ཀྱི་ལམ་ནས་མཛད་པའི་སྙན་ངག་དང་མགུར་མ། རྣམ་ཐར་དང་རྟོགས་བརྗོད། ལུགས་ཀྱི་བསྟན་བཅོས་སོགས་གསུང་རབ་རི་བོའི་གཏོས་དང་མཉམ་པ་དེ་དག་ནི་ཚིག་ཉམས་དང་དོན་ཉམས་གང་ཐད་ནས་གཞན་དྲིང་མི་འཇོག་པས་དེ་དག་ལས་དགོས་དབང་གིས་གདམ་གསེས་དང་། ལེགས་བཏུས་བྱས་ཏེ་སློབ་མའི་བློར་འཛིན་ལས་བྱ་རུ་བཀོད་སྒྲིག་བྱས་ན་ནི་བྱིས་པའི་སྐད་ཡིག་ཤེས་བྱ་གོང་འཕེལ་དང་ཡིད་འཛིན་ནུས་པ་མཐོར་འདེགས་ལ་ཕན་པར་མ་ཟད། ད་དུང་ཀུན་སྤྱོད་སློབ་གསོའི་ཐད་ལའང་དགེ་མཚན་ཆེ་བར་མཐོང་། དེ་བས་ན་བྱིས་པས་ཆུང་དུས་ནས་ལེགས་བཤད་བསླབ་བྱ་སོགས་རྩོམ་རིག་དང་སུམ་རྟགས་སྙན་ངག་སོགས་ཀྱི་རྩ་བ་གལ་ཆེ་བ་རྣམས་བློ་ལ་ངེས་རྒྱུ་ནི་བོད་སྐད་ཡིག་ལ་མཚོན་ན་དཔེ་ཀློག་ལ་འཇུག་པའི་རྨང་གཞི་དང་རིག་པའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པར་འདོད།
མདོར་ན་སློབ་ཆུང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་མིག་སྔའི་གནས་བབ་ཉག་ཕྲ་བ་དང་དེ་ཉིད་འཕེལ་རྒྱས་གཏོང་རྒྱུ་ནི་སྐད་ཡིག་སློབ་གསོའི་བླང་བྱ་གལ་ཆེན་ཞིག་ཡིན་པར་མ་ཟད། བྱིས་པའི་འདུན་ལམ་དང་སྒོ་ཀུན་ནས་འབྲེལ་བའི་ཁ་ཚ་དགོས་གཏུག་གི་དོན་བྱ་ཞིག་ཀྱང་ཡིན། དེ་བས་སློབ་གསོའི་ལས་རྐང་ལ་འཐམ་པའི་དགེ་རྒན་དང་། བྱིས་པའི་མདུན་ལམ་ཐུགས་ཁྲལ་གཡེལ་མེད་བཞེས་གྱིན་པའི་ཁྱིམ་བདག་གིས་དེའི་ཐད་ལ་སྔར་ལས་གཙིགས་ཆེན་བྱས་ཏེ་བྱིས་པར་ཉམས་དགའ་བའི་དཔེ་ཀློག་གི་ཁོར་ཡུག་བསྐྲུན་རྒྱུ་ནི་ལྡོག་མེད་ཀྱི་འོས་འགན་ཞིག་ཏུ་འཁུམས་སོ། །

* པད་མ་འབུམ། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ལུགས་ལྟེ་གནས་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།

①亚伯拉 犹太人之谜[M]中央编译出版社2006:159
②གཅན་རོང་བསྟན་འཛིན། སློབ་གསོ་ལག་ལེན་རྣམ་བཤད། [M] ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2003:38
③苏霍姆林斯基 苏霍姆林斯基教育智慧格言[M] 人民教育出版社2014:46
④苏霍姆林斯基 苏霍姆林斯基教育智慧格言[M]人民教育出版社2014:322
⑤苏霍姆林斯基 苏霍姆林斯基教育智慧格言[M] 人民教育出版社2014:319
⑥གུང་ཐང་བསྟན་པའི་སྒྲོན་མེ། གུང་ཐང་སློབ་གཉེར་བསླབ་བྱ། [M] མི་རིགས་དཔེ་སྐྲུན་ཁང་། 2006:4


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1