རྒྱལ་རོང་སྐོར་བྲོའི་དུས་སྟོན་སྐབས་དགུ་པ་འབར་ཁམས་སུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-01



        སྤྱི་ཟླ་10ཚེས་28ཉིན་གྱི་སྔ་དྲོར། 2021ལོའི་རྒྱལ་རོང་སྐོར་བྲོ་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་དགུ་པ་འབར་ཁམས་གྲོང་ཁྱེར་དུ་འཚོགས། ཐེངས་འདིའི་སྐོར་བྲོ་དུས་སྟོན་གྱི་བརྗོད་བྱ་ནི་མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་དགྱེས་འཛོམས་ཞེས་པ་དེ་རེད།


        ཀྲུང་གུང་རྔ་བ་ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིང་གིས་བྱེད་སྒོའི་མགོ་བརྩམས་པ་བསྒྲགས། ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཆིང་ཡུང་གིས་ཤིས་ཚིག་ཕུལ།

        ཕྱོགས་དང་ཕྱོགས་མཚམས་ནས་ཡོང་བའི་འདིར་ཚོགས་ཁྲོམ་པ་སྤྲིན་གྱི་འདུ་འགོད་དང་མཚུངས་པར་གཡོ་ལང་རྣམ་པར་རྒྱས་ནའང་། ཀུན་གྱིས་རང་གཞན་ཀུན་གྱི་བདེ་ཐང་གི་ཆེད་དུ་ཁ་རས་གྱོན་ཞིང་ཉིང་སྐྱུར་བརྟག་འབྲས་ཁྱེར་ཡོད་ལ། སྒོ་ཆེན་དུ་ལས་ཀ་བ་ཚོས་མགྲོན་པོ་ཀུན་གྱི་བདེ་ཐང་བཤེར་རིས་དང་ཉིང་སྐྱུར་བརྟག་འབྲས་སོགས་ལ་ཞིབ་ཏུ་བརྟག་རྗེས་ད་གཟོད་ཡུལ་དངོས་སུ་མངག་གིན་འདུག །

        རྒྱལ་རོང་སྐོར་བྲོའི་ཕ་ས་རུ་འབོད་པའི་འབར་ཁམས་ནི་རྒྱལ་རོང་རིག་གནས་ཀྱི་ལྟེ་བ་ཡིན་པས། རྒྱལ་རོང་རིག་གནས་ཀྱི་རྨང་ཤིན་ཏུ་མཐུག་ཅིང་། དེ་བས་ཀྱང་རྒྱལ་རོང་སྐོར་བྲོའི་སྙན་གྲགས་འཛམ་བུ་གླིང་ལ་ཁྱབ་ཡོད། ཤར་རྒྱལ་མོ་ཚ་བ་རོང་གི་རྒན་དར་གཞོན་གསུམ་ཀུན་གྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་སྐོར་བྲོ་ཡིས་སྟངས་སྟབས་བསྒྱུར་ཅིང་། སྙན་མོའི་གླུ་དབྱངས་ངག་ལ་བཀུག་ནས་འདིར་ཚོགས་ཁྲོམ་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག །

        རྒྱུས་ལོན་བྱུང་བ་ལྟར་ན། 2004ལོ་ནས་བཟུང་། འབར་ཁམས་གྲོང་ཁྱེར་གྱིས་རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་སྤེལ་ཟིན་ལ། རྒྱལ་རོང་སྐོར་བྲོ་རིག་གནས་ལྗོངས་སྐོར་དུས་སྟོན་ནི་འབར་ཁམས་ཀྱི་ཁྱད་ཆོས་ལྡན་པའི་རིག་ལྗོངས་ཟོང་རྟགས་སུ་གྱུར་ཡོད་པར་མ་ཟད། འབར་ཁམས་ཀྱི་སྐྱེ་ཁམས་ལྗོངས་སྐོར་རིག་གནས་མཁར་གྲོང་གི་ངོ་མཚར་བའི་མཛེས་སྡུག་ཡོངས་སུ་མངོན་ཡོད།

        བྱེད་སྒོར་བོད་སྐྱོར་ལས་བྱེད་པ་དང་། རྔ་ཁུལ་གྱི་སྒྱུ་རྩལ་པ། དྲ་གྲགས་བཅས་ཀྱིས་གླུ་དང་གར་གྱི་ལམ་ནས་ཤར་རྒྱལ་མོ་ཚ་བ་རོང་གི་ངོ་མཚར་རྨད་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་། དམངས་སྲོལ་རིག་གནས། སྐྱེ་ཁམས་རིག་གནས། གསར་བརྗེའི་རིག་གནས་སོགས་ཀུན་གྱི་མིག་མདུན་དུ་བསྟར་ཡོད་དོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1