མི་ལ་དཔལ་ཆགས་ཚེ་རིང་ལོ་བརྒྱ་ཐོབ།།
ཁྱིམ་ལ་གཡང་ཆགས་ལོངས་སྤྱོད་ཕུན་སུམ་ཚོགས།།
ཟས་ལ་བཅུད་ཆགས་མངའ་ཐང་རིགས་རྒྱུད་དར།།
ནོར་ལ་བྱིན་ཆགས་གང་འདོད་ལྷུན་གྱིས་གྲུབ།།
ཨ་སྔོན་དགུང་ནས་ཉི་ཟླ་སྐར་གསུམ་ཚེས།།
དོག་མོ་ས་ནས་ཆབ་དཔལ་རིག་གསུམ་རྒྱས།།
སྐྱིད་པའི་ཁྱིམ་ན་ཕ་མ་མིང་སྲིང་འཛོམས།།
གནམ་ལོ་གསར་བ་སྐྱིད་པའི་ཁྱིམ་ན་རོལ།།
མཐོན་པོའི་སྒང་ལ་ལྷ་བསང་དཀར་པོ་བཏང་།།
དམའ་མོའི་ཐང་ལ་རྟ་རྒྱུག་བང་རྩལ་འགྲན།།
དར་ལྕོག་དམར་པོ་བཙན་པོའི་ལྷ་ལ་བཙུགས།།
གནམ་ལོ་གསར་བའི་རླུང་རྟ་དགུང་དང་མཉམ།།
སྟག་ཤར་གཞོན་ནུ་གླུ་དབྱངས་ལེན་ལ་སྤྲོ།།
སྨན་ཤར་བུ་མོ་ཞབས་བྲོ་འཁྲབ་ལ་དགའ།།
ན་ཆུང་བྱིས་པ་བཟའ་བཏུང་རོལ་བར་སྐྱིད།།
གནམ་ལོ་གསར་བ་སྤྲོ་དགའ་སྐྱིད་ཀྱིས་བསུ།།
བརྩེ་ལྡན་ཕ་ལོ་ཐབ་ཀྱི་གཡས་ན་བཞུགས།།
བྱམས་ལྡན་མ་ལོ་ཐབ་ཀྱི་གཡོན་ན་བཞུགས།།
ཁྱིམ་གྱི་ཕྱི་ནང་སྐྱིད་པའི་དགོད་སྒྲས་གང་།།
གནམ་ལོ་གསར་བ་སྒང་པ་བོད་ལ་ཚེས།།
བཙན་པོའི་སྐུ་མཁར་དབུས་གཙང་ཡུལ་ན་མཐོ།།
ཤེས་རིག་སྒྲོན་མེ་ཨ་མདོ་ཡུལ་དུ་འབར།།
སྙིང་སྟོབས་ཆོད་སེམས་ཁམས་པའི་ཡུལ་དུ་བརྟན།།
གནམ་ལོ་གསར་བ་ཆོལ་གསུམ་བོད་ལ་ཤར།།
མར་ཆུར་ཞོ་གསུམ་སྡེར་ཁ་འབྲོག་ན་མཐོ།།
ཀ་སྦྲང་བུ་གསུམ་སྡེར་ཁ་རོང་ན་མང་།།
མངར་སྐྱུར་ཁ་གསུམ་སྡེར་ཁ་ཁྲོམ་ན་འཛོམས།།
གནམ་ལོ་གསར་བ་ནང་མི་སྤུན་ཟླས་རོལ།།
དགེ་རྒན་དམ་པ་གནའ་དེང་གཉིས་ལ་འབྱོར།།
ན་གཞོན་སློབ་མ་ཤེས་རིག་རྩལ་གྱིས་རྫོགས།།
ཤེས་རིག་སློབ་གླིང་འཛམ་གླིང་ཅན་ལ་ཕྱོགས།།
གནམ་ལོ་གསར་བ་ལྔ་རིག་གླིང་ལ་ཚེས།།
ཁ་པར་ནང་ནས་ཁ་གཡང་སྙན་མོ་སྒྲོག།
འཕྲིན་ཕྲན་ནང་ནས་རྟགས་བརྒྱད་རི་མོ་སྐུར།།
པོད་ཕྲན་ནང་ནས་སྨོན་ཚིག་ལེགས་སྐྱེས་ཕུལ།།
གནམ་ལོ་གསར་བ་བརྡ་འཕྲིན་ཁྲོད་དུ་སྐྱེལ།།
རླུང་རྟ་ལེབ་མོ་ཨ་སྔོན་དགུང་ལ་གཏོར།།
འབྲུ་རིགས་སྣ་ལྔ་འགོ་བའི་ལྷ་ལ་མཆོད།།
རྟེན་འབྲེལ་ཁ་གཡང་ཁ་བ་ཅན་ལ་འབོད།།
གནམ་ལོ་གསར་བ་རེ་སྒུག་ཁྲོད་དུ་ཚེས།།
བརྩེ་བ་དམར་པོ་མེ་ལྕེ་བཞིན་དུ་མཆེད།།
དུང་བ་ཟབ་མོ་འོ་མ་ལས་ཀྱང་དཀར།།
ཚོད་འཛིན་དཀའ་བའི་ལྷད་མེད་བརྩེ་དུང་འདི།།
གནམ་ལོ་གསར་བར་ཕུལ་བའི་ལེགས་སྐྱེས་ཡིན།།