“འགན་གཙང་ཆུང་ངུ”དེ“གཉེར་སྐྱོང་ཆེན་མོའི”ཕྱོགས་སུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-08



          བཀྲས་གླིང་གྲོང་ཚོ་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དུ་གནས་ཤིང་། རྨོ་ཞིང་མུའུ1878.39ཡོད་པས་སྲོལ་རྒྱུན་གྱི་ཞིང་ལས་གྲོང་ཚོ་ཞིག་རེད། སྔོན་ཆད་དུད་ཁྱིམ་ཁག་གི་ཞིང་ལས་ཐོན་སྐྱེད་ནི་དུས་ཀུན་ཏུ“ཁྱིམ་ཚང་སོ་སོས་རང་གི་སྒོ་འགྲམ་དུ་ཁ་བར་གད་བདར་བྱེད་པ”བཞིན། ཞིང་ཁ་ཞིབ་ཏུ་སྒྲིལ་བའི་འཕེལ་རིམ་དལ་བ་དང་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་ཉུང་བ། ཡོང་འབབ་ཀྱི་ཆུ་ཚད་དམའ་བ་བཅས་རེད།

བཀྲས་གླིང་གྲོང་ཚོས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་ཆས་ཉོས་པའི་རྣམ་པ། 
          འཕེལ་རྒྱས་ཀྱི་གནས་བབ་གསར་པའི་མདུན་དུ། ཁ་ཐོར་གྱི་ཞིང་ཆུང་གཉེར་སྐྱོང་མ་དཔེ་ཇི་ལྟར་བསྒྱུར་ཏེ་ཞིང་ལས་ཀྱི་ཐོན་རྫས་ཐོན་སྐྱེད་མཐོར་འདེགས་དང་། ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་གཏོང་རྒྱུ་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་གྱུར་ཡོད། ད་ཡོད་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། 2019ལོར་བཀྲས་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་བཀྲས་གླིང་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་མཉམ་ལས་ཁང་གཉེར་སྐྱོང་། ཏང་ཡོན་གྱིས་སྣེ་ཁྲིད། ཞིང་དུད་ཀྱིས་སྣེ་ཁྲིད། ཞིང་དུད་ཞུགས་པ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། པ་སྣམ་རྫོང་ཀྲར་ལིན་ཞིང་འཕྲུལ་ཞབས་ཞུའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཞིང་དུད་ཁག་གིས་རྨོ་ཞིང་ངམ་ཡང་ན་དངུལ་སྒོར་དང་ངལ་ནུས་མ་རྐང་ནང་ཞུགས་ཏེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང35དང་ས་ཞིང་མུའུ1880ལ་ཁྱབ་ཡོད་པ་རེད། “སུས་ཞིང་འདེབས་པ”དང“ཞིང་ཇི་ལྟར་འདེབས་པའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་མ་ཟད། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་དམིགས་ཡུལ་མངོན་འགྱུར་བྱུང་ནས“འགན་གཙང་ཆུང་ངུ”རིམ་བཞིན“གཉེར་སྐྱོང་ཆེན་མོའི”འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། 

བཀྲས་གླིང་གྲོང་ཚོར་རྨོ་འདེབས་བྱེད་པའི་མཛད་སྒོ་འཚོགས་བཞིན་པ།
          མཉམ་ལས་ཁང་འཛུགས་པའི་དུས་འགོར་དཀའ་ངལ་སྣ་ཚོགས་ཡོད་ཅིང་། མ་དངུལ་མི་འདང་བའི་གནད་དོན་ཐད་ཕྱོགས་ཀུན་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་པ། གྲོང་ཚོའི་ལས་བྱེད་པའི་བྱང་ཚད་མཐོན་པོ་མེད་པས་ཤེས་བྱ་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། ལས་སྒོ་སྤེལ་ཁྱོན་མི་ཆེ་བས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་པའི་རྩལ་ནུས་ཆུ་ཚད་དང་ཞབས་ཞུའི་ནུས་པ་མཐོན་པོ་མེད་པས་ཆེད་ལས་ལག་རྩལ་དགེ་རྒན་གདན་དྲངས་ནས་ལས་སྒྲུབ་པུའུ་ཡི་ལག་རྩལ་མི་སྣར་སློབ་ཁྲིད་བྱས་པ་དང་། དཀའ་ངལ་རིམ་བཞིན་ཁྱད་དུ་གསད་ནས་ཡོང་འབབ་ཀྱང་ཉུང་ཉུང་རེ་རིམ་གྱིས་རག་གི་ཡོད་པ་རེད། མཉམ་ལས་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཀྱི་བྱེ་བྲག་རྣམ་གྲངས་སྟེ། ལྷོ་ནུབ་ས་ཁུལ་གྱི་ནས་ཀྱི་སྤུས་ལེགས་ཕན་འབྲས་མཐོ་ལ་སྟབས་བདེ་བའི་འདེབས་གསོའི་ལག་རྩལ་གཅིག་སྡུད་དང་དཔེ་སྟོན་དང་ལེན་བྱས་ནས་མུའུ2000གི“13-5171-7རིགས”ཀྱི་ས་བོན་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་མཉམ་ལས་ཁང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་བསྣན་ཡོད་པ་རེད། 

བཀྲས་གླིང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གིས་ཡུག་སྦྲེལ་རྨོ་འདེབས་ཀྱི་ལས་ཀ་བྱེད་བཞིན་པ།
          བཀྲས་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སྤེན་པ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མཉམ་ལས་ཁང་གི་སྤྱིའི་རྒྱུ་ནོར་སྒོར་ཁྲི322.8ཟིན་པ་དང་། ལས་སྒོའི་ཁྱབ་ཁོངས་དེ་ཞིང་འཕྲུལ་ལས་སྒྲུབ་དང་མི་ཤུགས་ལ་བརྟེན་ནས་རྩྭ་འདེབས་པ། ས་ཞིང་ཁོད་སྙོམས་པ། ཡུལ་གཞན་དུ་ས་ཞིང་ལེགས་བཅོས། ཞིང་འཕྲུལ་ཉམས་གསོ། དེ་བཞིན་རྫས་ལུད་དང་ཞིང་སྨན། ས་བོན། ཞིང་ཤོམ། ཞིང་འཕྲུལ་ཡོ་བྱད་བཅས་བྲིན་ཚོང་སོགས་ཐད་འཕེལ་རྒྱས་ཕྱིན་ཡོད་པ་རེད། 

བཀྲས་གླིང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གིས་ཡུག་སྦྲེལ་གྱི་བརྔ་བསྡུའི་ལས་ཀ་སྒྲུབ་བཞིན་པ།
          གྲོང་ཚོ་ཡོངས་ཀྱི་ཞིང་འཕྲུལ་ཅན་གྱི་ཕྱོགས་བསྡུས་སྤྱོད་ཚད་མཐོ་རུ་ཕྱིན་ནས་དཔྱིད་རྨོད་འདེབས་འཛུགས་ཀྱི་ལས་ཀ་དེ་སྲོལ་རྒྱུན་གྱི་ངལ་རྩོལ་ནུས་ཤུགས་168ཀྱིས་ཟླ་གཅིག་རིང་གི་ལས་ཡུན་ནས་ངལ་རྩོལ་ནུས་ཤུགས30ཡིས་ཉིན་བརྒྱད་ནང་བསྒྲུབས་ཐུབ་པར་གྱུར་ཡོད། མུའུ་རེར་ས་བོན་སྤྱི་རྒྱ10གྲོན་ཆུང་ཐུབ་པ་ཕུད་གྲོང་ཚོ་དེ་ཡོངས་ཀྱི་ཕྱིར་ལས་ཀ་འགྲོ་མཁན་ཡང་དེ་སྔ་ལས50%མང་དུ་ཕྱིན་ཡོད་པ་རེད། སྤེན་པ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་བཙུགས་པ་ནས་བཟུང་། ས་ཞིང་མུའུ9480རྨོ་འདེབས་གཏིང་ཟབ་བྱས་པ་དང་ཚབ་གཉེར་དོ་དམ་ལས་དོན་ཡོངས་ཀྱི་རྣམ་གྲངས་མུའུ12000དང་ལེན་བྱས་པ། “13-5171-7རིགས”ཀྱི་བྲིན་འཚོང་གི་ས་བོན་རྒྱ་མ་ཁྲི33.92ལེགས་སྒྲུབ་བྱས་པ། གྲོང་ཚོ་དེ་ག་དང་དེ་བཞིན་ཉེ་འཁོར་ཞང་གྲོང་གི་སྟོན་བསྡུའི་བྱེད་སྒོ་སྤེལ་ཡུལ་མུའུ900ཁུར་ལེན་བྱས་པ་དང་། སྤྱིའི་ཡོང་འབབ་སྒོར་ཁྲི282.24བྱུང་བ། མང་ཚོགས་ལ་ཁེ་བཟང་སྒོར་ཁྲི54.76ཐོབ་པ་བཅས་ལས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1