གཡང་འཛོམས་ཀྱིས་མགར་རྩལ་ཡག་པོ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-19


གཡང་འཛོམས་ཀྱིས་མགར་རྩལ་ཡག་པོ་ལ་བརྟེན་ ནས་ཕྱུག་འགྱུར་ལམ་བུ་བསྐྲུན།

གཡང་འཛོམས་ཀྱིས་རི་མོ་རྐོ་བཞིན་པའི་ཚུལ།


ལྕགས་མགར་ཐོ་བའི་རྡུང་སྒྲ་གདོད་མའི་ཚང་ཚིང་ནགས་ཀྱིས་བསྐོར་བའི་བརྗིད་ཆགས་གངས་རིའི་འདབས་སུ་ཆགས་པའི་གྲོང་སྡེའི་འགྲམ་ནས་ཆུ་ཕྲན་དལ་གྱིས་བཞུར་བའི་ལྷུང་སྒྲ་དང་བསྡེབས་ནས་མི་རྣམས་ཀྱི་སྒྲ་འཛིན་དབང་པོར་འདྲེན་བཞིན་འདུག།

དཔྱད་གཞིའི་ཡིག་རིགས་ནང་ངོ་སྤྲོད་བྱས་པ་ལྟར་ན།དཔལ་ཡུལ་རྫོང་ཧོར་སྤོས་ཡུལ་ཤོག་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་དམག་རྣམས་ཁམས་ཁུལ་དཔལ་ཡུལ་དུ་དམག་སྒར་བརྒྱབ་ནས་བསྡད་མྱོང་ཞིང་།དམག་འཁྲུག་ལ་གྲ་སྒྲིག་བྱས་པའི་ཆེད་དུ་མགར་བ་མཐའ་དག་དེའི་ཕྱོགས་སུ་བསྡུས་ཏེ་རལ་གྲི་དང་།མདུང་།མདའ་མགོ་ལ་སོགས་པ་རྡུང་དུ་བཅུག། གླིང་གེ་སར་རྒྱལ་པོ་སྟོབས་ལྡན་དུ་གྱུར་རྗེས་ས་གནས་ཀུན་གྱི་གཟེངས་སུ་ཐོན་པའི་མགར་བའི་ལག་རྩལ་ཡོད་མཁན་ཚང་མ་ཧོར་པོར་བསྡུས་ནས་མཚོན་ཆ་འདྲ་མིན་སྣ་ཚོགས་རྡུང་དུ་བཅུག། ཧོར་གྱི་མགར་བ་གྲགས་ཅན་མགར་ཆོས་དར་ལ་བཀའ་ཕབས་ནས་ཡུལ་འབངས་རྣམས་ལ་མགར་གྱི་བཟོ་རྩལ་ལག་ཤེས་སྩལ་བཅུག་པས་མ་ཚད།ལྕགས་བཞུ་བའི་ཐབས་ཤེས་རྒྱུད་སྤེལ་བྱས་ནས་མཚོན་ཆ་ཡིས་གཙོས་པའི་མི་རིགས་བཟོ་རྩལ་གྱི་ལག་ཤེས་དེ་འཕེལ་རྒྱས་བྱུང་ནས་ཡུན་གནས་ཐུབ་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་ཅིང་།ཧོར་སྤོས་ཞེས་པའི་ས་མིང་ཡང་རྒྱུ་རྐྱེན་དེར་བརྟེན་ནས་ཐོབ་པ་ཞིག་རེད།སྔོན་ཆད་སྲོལ་རྒྱུན་རིག་གནས་ལ་སོགས་པའི་རྐྱེན་པས་ཧོར་པོའི་ལྕགས་མགར་ལག་ཤེས་བཟོ་རྩལ་འདི་སྐྱེས་པས་ལ་མ་གཏོགས་བུ་མོས་རྒྱུན་འཛིན་སྲོལ་མེད་པ་རེད།

དེང་སང་སྲོལ་རྒྱུན་འདི་གཡང་འཛོམས་ཀྱིས་གཏོར་ནས་མགར་གྱི་ལག་ཤེས་མོས་ཉིན་རེ་བཞིན་བྱང་ཆུབ་པར་གྱུར་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།

ཐོག་མར་གཡང་འཛོམས་དང་ཐུག་དུས་མོས་ཁྱིམ་གྱི་ལྕགས་རིགས་མགར་ཁང་དུ་གྲི་ཤུབས་ལ་རི་མོ་རྐོ་བཞིན་མཆིས། མོ་ཡིས་བློ་བསྒྲིམས་ནས་གྲི་ཤུབས་ཐོག་བྱང་ཆ་ཡོད་པའི་སྒོ་ནས་རི་མོ་རྐོ་བའི་རྣམ་པ་ང་ཚོའི་མིག་ལམ་དུ་འཆར་དུས་མོའི་བློ་རྩེ་གཅིག་ཏུ་གཞོལ་བར་ཅ་ཟིང་བཟོད་གླགས་མེད་པར་གྱུར། མོ་ཡིས་འཁྱུག་རིས་བརྐོས་འགྲུབ་བྱུང་རྗེས། དབུགས་ལྷོད་ཕྲན་བུ་བྱས་པའི་སྐབས་སུ་ང་ཚོ་རིག་ཏེ་ཁྱིམ་དུ་མགྲོན་བསུ་བྱས།

ང་ཚོས་ཡོང་དོན་བཤད་རྗེས།མོས་ང་ཚོས་བཅར་འདྲི་ཞུས་པ་དང་ལེན་བྱས་བྱུང་། ཁ་བརྡ་ལབ་ཞོར་གྱི་བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་གཡང་འཛོམས་ཀྱིས་སྨྱུག་འཛིན་པར་བཤད་དོན། སྐྱེས་ཆེན་ཕ་དམ་པས་དངོས་སྩོལ་ལག་ཁྲིད་གནང་འོག། མོ་ལོ་ན13ལ་སོན་པའི་སྐབས་ནས་ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ་སྦྱང་མགོ་བཙུགས་ཏེ་ད་བར་མི་ལོ17འདས་སོང་བ་རེད། ཉིན་རྟག་པར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཉི་ཤུ་ཙམ་ལས་མེད་མགར་ཁང་ནང་བསྡད་དེ་རྡུང་བཟོ་ལ་སྦྱངས་བརྩོན་བྱས་ཤིང་། སྒུར་སྒུར་བྱས་ནས་རི་མོ་བྲིས་ནས་བརྐོས་བཟོ་སོགས་བྱ་དགོས་པའི་དབང་གིས་དུས་རྒྱུན་དཀའ་ཁག་དུ་མ་མྱོང་དགོས་ཐུག་པ་ནི་སྨོས་མེད་རེད། སྨྱུག་འཛིན་པས་ལོ་བཅུ་བདུན་ནང་མགར་རྩལ་སྦྱང་རྒྱུ་དེ་འདོར་སྐྱུར་བྱེད་བསམ་ཨ་མྱོང་ཞེས་དྲི་སྐབས། མོ་ཡིས་བློ་ཐག་ཆོད་པོས་མགོ་གཡུག་གཡུག་བྱས་ཏེ་བཤད་དོན། སློབ་སྦྱོང་བྱས་པའི་བརྒྱུད་རིམ་དཀའ་ཁག་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་ངས་འདོར་སྐྱུར་བྱ་དགོས་གཏན་ནས་བསམ་མ་མྱོང་། ཅི་རེད་ཟེར་ན། འདི་ནི་ཧ་ཅང་རྙེད་དཀའ་བའི་གོ་སྐབས་ཤིག་རེད། ང་ལ་རྡུང་བཟོའི་ལག་རྩལ་འདི་སྩོལ་བའི་ཆེད་དུ་ངའི་ཨ་ཕ་བློ་གྲོས་ཀྱིས་སྤོབས་པ་ཆེར་སྐྱེད་བྱས་ཏེ་ལག་ཤེས་བཟོ་རྩལ་ནང་ལ་མ་གཏོགས་ཕྱིར་མི་བསྩལ་བ་དང་། བུ་ལ་མ་གཏོགས་བུ་མོར་མི་བསྩལ་བའི་རྒྱུན་སྲོལ་འདི་གཏོར་མེད་བཏང་བ་རེད། དེར་བརྟེན།དེའི་སྐབས་སུ་གྲོང་སྡེའི་གཞིས་མི་ཁ་ཤས་ཀྱིས་ཟུར་ཟ་ཀྱོག་གཏམ་བཤད་མྱོང་ཡོད། ཁོ་ཚོས་ངའི་ཨ་ཕས་ལུགས་སྲོལ་མེད་པ་བཟོས་ཟིན་རེད་བསམ་ཡོད། ཨ་ཕས་ཁ་ཐོག་ཅི་སྐྱོན་ལེ་མ་རེད་ཟེར་མོད། འོན་ཀྱང་ཁོའི་བསམ་པའི་ནང་སྡུག་ཅི་ཡོད་ངས་ཤེས་བཞིན་དུ་རེད། དེར་བརྟེན། དེའི་དུས་ངས་ལག་ཤེས་འདི་ཡག་པོ་སྦྱངས་ནས་ཚང་མར་ལྟ་སྟངས་གསར་པ་ཞིག་འཛིན་བཅུག་རྒྱུའི་སེམས་ཐག་བཅད་པ་ཡིན།

ལོ17གྱི་རིང་ལ་གཡང་འཛོམས་ཀྱིས་རྡུང་བཟོ་ལག་རྩལ་གྱི་འགག་གནད་རེ་རེ་བཞིན་སློབ་སྦྱོང་ནན་ཏན་བྱས་ཏེ། གོམ་རིམ་རེ་རེ་བཞིན་ཡང་ནས་ཡང་དུ་གཤར་སྦྱོང་བྱས་ཤིང་། འོན་ཀྱང་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་ལག་ཤེས་བཟོ་རྩལ་འདི་གོ་དོན་མཐིལ་རྟོགས་མཚོན་པ་རྒྱུན་འཛིན་བྱ་དགོས་ན་ལས་སླ་མོ་ཞིག་ཡིན་རྒྱུ་མ་རེད། ད་སྔར་གཡང་འཛོམས་རང་ཉིད་གཅིག་པུ་ཡིས་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་ཆ་ཚང་བ་ཞིག་ལེགས་སུ་གྲུབ་ཐབས་མེད་མོད། འོན་ཀྱང་ཨ་ཕ་དང་ཕུ་ནུ་སྤུན་ཟླ་ཚོའི་གཞོགས་འདེགས་རོགས་རམ་འོག། གཡང་འཛོམས་ཚང་གི་རྡུང་བཟོ་བྱས་པའི་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་དེ་དག་སྤུས་ཀའི་ཐད་ནས་བཤད་ནའང་འདྲ། ཐོན་གྲངས་ཀྱི་ཐད་ནས་བཤད་ནའང་འདྲ།ཧོར་སྤོས་ཡུག་ཕྱོགས་སུ་སྐད་གྲགས་མཆེད་པ་རེད།

ངེད་ཚང་ལ་ཕྲུ་གུ་གསུམ་ཡོད། བུ་ཆེ་བའི་གཟུགས་པོ་སྐྱོན་ཅན་ཡིན་པས་འཚོ་བ་རང་མགོ་ཐོན་ལེ་མ་རེད།ཕྲུ་གུ་གཅིག་དེ་ཆུང་ཆུང་ཡིན་པར་བརྟེན། ཁྱིམ་ནང་གི་ཡོང་སྒོ་འཚོལ་མཁན་ང་གཅིག་པུ་མ་གཏོགས་མེད་པས་དཀའ་ངལ་ཅུང་ཡོད་པས་མ་ཚད། རང་ཉིད་ཀྱི་ལོ་ནའང་རིམ་བཞིན་བགྲེས་པོར་གྱུར་པ་འདི་དྲན་དུས།ལག་ཤེས་བཟོ་རྩལ་འདི་དཀའ་སྤྱད་སྙིང་རུས་ཐུབ་མཁན་གྱི་བུ་རྒྱུད་ལ་བསྩལ་རྒྱུའི་ཆོད་སེམས་འཁོར། དེར་བརྟེན་དེའི་སྐབས་སུ་ཚང་མས་བཀའ་བཀྱོན་སྡིགས་མོ་བྱས་པར་མི་འཛེམས་ནས་བུ་མོ་ལ་ལག་ཤེས་བཟོ་རྩལ་འདི་བསྩལ་རྒྱུའི་སེམས་ཐག་བཅད་པ་ཡིན། བུ་མོས་ཀྱང་དཀའ་སྤྱད་སྙིང་རུས་བྱས་ནས་ལག་ཤེས་བཟོ་རྩལ་འདི་ཡག་པོ་སྦྱངས་ཐལ། ད་ལྟ་ང་ལ་ལས་ཀ་མང་པོ་ལས་རོགས་བྱེད་མགོ་ཐོན་རེད། བུ་མོའི་རོགས་རམ་བྱེད་མཁན་ཡོད་ཕྱིར་ཁྱིམ་ནང་གི་ཡོང་འབབ་ཀྱང་མངོན་གསལ་དུ་མཐོ་རུ་ཕྱིན་པ་རེད་ཅེས་དེའི་སྐབས་སུ་བུ་མོར་ལག་ཤེས་བཟོ་རྩལ་འདི་བསྩལ་བར་ཟུར་ཟའི་སྐོར་གཏམ་བཏང་བའི་དོན་དག་གླེང་སྐབས། གཡང་འཛོམས་ཀྱི་ཨ་ཕས་དེ་ལྟར་བརྗོད་པ་རེད།

བཅར་འདྲི་མཇུག་བསྒྲིལ་རན་སྐབས་གཡང་འཛོམས་ཀྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་ཏང་དང་སྲིད་གཞུང་གིས་ང་ཚོ་ལག་ཤེས་བཟོ་རྩལ་པ་ཚོར་ཐུགས་ཁུར་གནང་བར་ངས་ལྷག་པར་དུ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངའི་ཨ་ཕས་ང་ལ་རྒྱབ་སྐྱོར་གནང་བར་དྲིན་དེ་ལས་ཆེ། ཁོང་གིས་ང་ལ་མི་རིགས་ལག་ཤེས་བཟོ་རྩལ་སློང་སྦྱོང་བྱས་པའི་གོ་སྐབས་སྤྲད་ཟིན་རེད། ང་རང་ལ་ཆ་བཞག་ནས་བཤད་ན། ལག་ཤེས་བཟོ་རྩལ་སྦྱོང་གཉེར་བྱས་པ་འདི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཆེད་མ་ཡིན། ལོ་བཅུ་ལྷག་རིང་ལ་སློབ་སྦྱོང་བྱས་པར་བརྒྱུད། ངས་དངོས་གནས་ལག་ཤེས་བཟོ་རྩལ་གྱི་རིག་གནས་འདི་ལ་དགའ་པོ་སྐྱེས་བྱུང་། ཧོར་སྤོས་བ་ཞིག་ཡིན་པའི་ཆ་ནས་བཤད་ན། ངས་བསམ་ན་ལག་ཤེས་བཟོ་རྩལ་འདི་རྒྱུན་སྤེལ་བྱ་རྒྱུའི་འོས་འབབ་ང་ལའང་ཡོད་ལེ་རེད་ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་ཧོར་པོ་གྲོང་རྡལ་ལ་ཕྱི་ཕྱོགས་སུ་གླ་སར་རྒྱུག་མཁན་གྱི་གཞོན་ནུ་ཉིན་རེ་ལས་ཉིན་རེར་མང་པོར་གྱུར་དང་འགྱུར་བཞིན་ཡོད་ཅིང་། མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱ་དགོས་ན་

གཞོན་ནུ་ཚོས་ཕ་ཤུལ་བུས་འཛིན་བྱ་རྒྱུའི་ཁ་ཚ་དགོས་གཏུག་གི་གནད་དོན་ཡིན་ལ། སྲོལ་རྒྱུན་ཉམས་མེད་ན་ད་གཟོད་རྒྱུད་པ་མི་ཆད་པ་དང་དར་རྒྱས་གོང་འཕེལ་དེ་བས་ཡག་པོ་གཏང་ཐུབ་རྒྱུ་རེད།བློ་གྲོས་ཚང་གིས་སྲོལ་རྙིང་ལུགས་སྲོལ་གཏོར་རྗེས་ཁྱིམ་ཚང་གི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ནས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་འོག། ལག་ཤེས་བཟོ་པ་མང་པོས་ལག་ཤེས་བཟོ་རྩལ་ནང་ལ་མ་གཏོགས་ཕྱིར་མི་བསྩལ་བ་དང་། བུ་ལ་མ་གཏོགས་བུ་མོར་མི་བསྩལ་བའི་རྒྱུན་སྲོལ་གཏོར་ནས་བུ་མོ་ཚོར་ལག་ཤེས་བཟོ་རྩལ་འདི་སྩོལ་མགོ་འཛུགས་བཞིན་ཡོད་པ་རེད།

བརྩན་ཡུལ་གྲོང་སྡེའི་སྐལ་བཟང་མཚོས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུ་ལོག་ཚང་གི་ཁྱིམ་དུ་རྡུང་བཟོ་ལག་ཤེས་སློབ་སྦྱོང་བྱེད་བཞིན་མཆིས། སྐལ་བཟང་མཚོའི་ཁྱིམ་ཚང་ནི་མོ་དང་མོའི་མ་རྒན་གཉིས་མ་གཏོགས་མེད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཞིག་རེད། མོའི་མ་རྒན་ཟུངས་ཞན་ནད་མང་བ་དང་། སྐལ་མཚོས་ད་དུང་སྨྱོ་ནད་ཡོད་མཁན་གྱི་སྲུ་མོ་ཆུང་བར་ལྟ་སྐྱོང་བྱ་དགོས་པར་བརྟེན། ཁྱིམ་ཚང་ལྟ་སྐྱོང་བྱ་རྒྱུའི་ལས་འགན་ལྕི་མོ་འདི་མོའི་ཕྲག་ཐོག་ལ་ལྷུང་ནས་ཁྱིམ་ནང་གི་ས་ཞིང་ཕྲན་བུར་བརྟེན་ནས་ལྟོ་གོས་འཚོ་ཐབས་བྱས། སྐལ་བཟང་མཚོ་ཚང་གི་དཀའ་ངལ་གྱི་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་རྗེས། བུ་ལོག་གིས་སྐལ་བཟང་མཚོ་ལ་ཁོ་ཚང་སར་ཕྱོགས་གཅིག་ནས་ལག་ཤེས་བཟོ་རྩལ་སྦྱོང་བ་དང་ཕྱོགས་གཞན་ཞིག་ནས་ལག་རོགས་བྱས་ཏེ་ཡོང་འབབ་བཙལ་བཅུག་པ་རེད།

བུ་ལོག་ཧྲུའུ་ཅི་ཚང་ངེད་ཁྱིམ་དང་ཐག་རིང་ལེ་མ་རེད། འདིར་སློབ་སྦྱོང་བྱེད་སར་འོངས་དུས་སྟབས་ཧ་ཅང་བདེ་མོ་རེད།ད་ལྟ་ངས་རྙོག་འཛིང་མེད་པའི་ལས་ཀ་སླ་མོ་རྣམས་ལས་རོགས་བྱས་ནས་ཉིན་གཅིག་ལ་ཡོང་འབབ་སྒོར100རག་འདུག། ད་དུང་ཁྱིམ་ནང་ལ་ལྟ་སྐྱོང་བྱེད་ཆོག་པས་ངའི་ཡིད་ཧ་ཅང་ཚིམ་བཞིན་ཡོད་ཅེས་སྐལ་བཟང་མཚོས་དེ་ལྟར་བཤད། ལག་ཤེས་བཟོ་རྩལ་གྱི་ལག་རོགས་བྱས་པ་དང་ཁྱིམ་ནང་གི་ས་ཞིང་ལ་བརྟེན་ནས་སྐལ་བཟང་མཚོ་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཕྱིན་པར་བརྟེན། 2019ལོར་བདེ་བླག་ངང་དབུལ་ཐར་བྱུང་བ་རེད།

ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་སྤེལ་བ་དང་ལྷན་དུ། སྐལ་བཟང་མཚོས་འཚོ་ཐབས་བྱེད་སྟངས་ལ་གདེང་ཚོད་དེ་བས་འཕེལ། མོས་རང་ཉིད་ཀྱིས་སྔ་སྣུར་ཙམ་ལག་ཤེས་བཟོ་རྩལ་འདི་བྱང་ཆ་ཡོད་པ་བྱུང་ནས་མགར་རྩལ་རྡུང་བཟོའི་བརྩམས་ཆོས་དེ་བས་མང་པོ་ཚོང་བྲིན་ཏེ་རང་ཁྱིམ་གྱི་འཚོ་བ་ཉིན་རེ་བཞིན་ཡག་པོ་ཡོང་བའི་སྨོན་འདུན་བཅངས་དང་འཆང་བཞིན་ཡོད་པ་རེད།

ཧོར་སྤོས་ལྕགས་རིགས་རྡུང་བཟོའི་ལག་ཤེས་བཟོ་རྩལ་དེ་ལག་ཤེས་བཟོ་རྩལ་ནང་ལ་མ་གཏོགས་ཕྱིར་མི་བསྩལ་བ་དང་། བུ་ལ་མ་གཏོགས་བུ་མོར་མི་བསྩལ་བའི་དེ་རྒྱུན་སྲོལ་གྱི་རྒྱུན་འཛིན་བྱེད་སྟངས་གཏོར་བ་འདི་ནི་དཔལ་ཡུལ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་སྟངས་འཕེལ་རྒྱས་འགྱུར་ལྡོག་བྱུང་བའི་མཚོན་བྱེད་རི་མོ་ལྟ་བུ་རེད།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་བསྟུན་ནས་དཔལ་ཡུལ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་སྟངས་སྣེ་མང་ཅན་དུ་གྱུར་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་སྤེལ་བྱེད་མཁན་གྱིས་དགེ་ཕྲུག་ལ་བཅངས་པའི་རེ་འདུན་དང་ཚད་གཞིའང་སྔོན་མ་དང་བསྡུར་ན་འཚམ་པ་འདོད་མཐུན་ཡིན་པར་བརྟེན། གཡང་འཛོམས་དང་སྐལ་བཟང་མཚོ་དང་འདྲ་བའི་མགར་མོ་མང་པོ་ཞིག་གིས་རང་ཉིད་ཀྱི་བྱང་ཆ་ཡོད་པའི་ལག་ཤེས་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་ལམ་བུ་སྐྲུན་བཞིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1