སྡེ་དགེ་ཁྲོ་ཐུང་རིག་གནས་བཤམས་སྟོན་གླིང་དང་དེའི་ཡུལ་སྐོར་ཐོན་ལས།

ཆོས་དབྱིབས་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-19


        མདོ་སྨད་ས་ཡི་ཐིག་ལེ་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་ཁམས་སྡེ་དགེ་ནི་ཁམས་པའི་རིག་གནས་ཀྱི་ལྟེ་བ་དང་ཟུར་ལུགས་གསོ་རིག་གི་འབྱུང་གནས། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཀྲུང་གོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ས་ཞེས་སྙན་པའི་གྲགས་པ་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་པའི་ཁམས་སྡེ་དགེའི་ནང་གསེས། སྟོད་ན་གངས་དཀར་ལྷུན་པོའི་དབུ་རྩེ་མཐོ་ཞིང་བརྗིད་ཆགས་པ། བར་ན་རྫ་ནགས་སྤང་གསུམ་རང་བྱུང་ཉམས་དགའ་བ། སྨད་ན་ནེའུ་གསིང་གཡུ་གཞུང་ལྟ་ན་སྡུག་ཅིང་། མཐའ་ན་རྫ་ཆུ་སྔོན་མོ་དལ་གྱིས་འབབ་པ། བཅོས་མིན་ལྷུན་གྱིས་གྲུབ་པའི་རི་ཀླུང་གི་བཀོད་པ་མཛེས་ཤིང་ཡིད་དུ་འོང་བ། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ས། དཀར་གསུམ་ཟས་མཆོག་གི་རྒྱ་མཚོ་འཁྱིལ་ས། མི་དང་རང་བྱུང་འཆམ་མཐུན་དཔལ་ལ་མཛའ་ས། སྣོད་ལ་བཀྲ་ཤིས་དགེ་མཚན་གྱི་སྤུངས་ཕྱུག་ས། བཅུད་ལ་ཕྱྭ་གཡང་དངོས་གྲུབ་ཀྱི་རེ་ཁཱ་འཛོམས་ས། འཛམ་གླིང་དཔའ་བོའི་སྙན་སྒྲུང་ལོ་རྒྱུས་རིང་མོ་གླིང་དཀར་པོའི་བསྟན་པ་ཐོག་མར་དར་བའི་ཞིང་ཁམས། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ཡིད་སེམས་དབང་མེད་དུ་ལྷུང་བའམ་འགུགས་པ་གྲགས་པའི་གནས་མཆོག་ཡིད་ལྷུང་ལྷ་སྡེ་ཕྱུག་མོ་ཞེས་ཡོངས་སུ་གྲགས་པའི་གནས་དེ་རུ་མི་རིགས་སྲིད་བཟང་གི་གཟི་འོད་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མི་རིགས་རིག་གནས་གསོན་ཤུགས་སྔར་བས་རྒྱས་པ་དང་། ས་གནས་ཁེ་ལས་པས་རང་ནུས་ཅི་ལྕོགས་ཀྱིས་རིག་གནས་དྲིལ་བསྒྲགས་དང་རིག་གནས་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་བྱེད་ཀྱི་གདའ།

        ཉེ་བའི་ལོ་ཤས་ནས་བཟུང་སྟེ། ས་གནས་སྲིད་གཞུང་གི་ཚད་མཐོ་པོས་མཐོང་ཆེན་དང་རྒྱབ་སྐྱོར། ཁྲིད་སྟོན་ལས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་ལས་རྒྱལ་ཞིང་། སྲིད་འབྱོར་རིག་གསུམ་དང་། དམངས་འཚོ། བདེ་འཇགས་ཀྱི་ཚོར་སེམས་དང་། བདེ་སྐྱིད་ཀྱི་ཚོར་སེམས། ཐོབ་པའི་ཚོར་སེམས། ཡིད་ཚིམ་པའི་ཚོར་སེམས་བཅས་མིག་མཐོང་ལག་ཟིན་བྱུང་བ་དང་འབྲེལ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལ་སྔར་མེད་ཀྱི་གཟི་མདངས་སོ་མ་ཞིག་ངང་ངམ་ཤུགས་ཀྱིས་དོད་པ་དང་། ས་གནས་ཀྱི་རྣམ་དཀར་ལྷག་བསམ་གྱི་སྒོ་ཀུན་ནས་ཕྱུག་པའི་ཁེ་ལས་པ་ཚོས་ཀྱང“རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ”ཅེས་པ་ནང་བཞིན་མ་སྐུལ་དང་བླངས། རང་ནུས་ཅི་ལྕོགས་ཀྱིས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡི་འདུ་ཤེས་བརྟན་དུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་སྔོག་འདོན། རིག་གནས་དྲིལ་བསྒྲགས། རིག་གནས་དར་སྤེལ། རིག་གནས་ཀྱི་ཐོན་རྫས་གསར་གཏོད་སོགས་ཀྱི་ཐད་ལ་ནངས་སྔ་ལངས་དགུང་འཕྱི་ཉལ་གྱིས་འབད་བཞིན་ཆས་པས། གྲོང་གསེབ་དར་རྒྱས་ལ་རེ་བའི་ཉི་གཞོན་དྲོན་མོ་ཞིག་ངང་གིས་ཤར་འདུག །
        ད་ལོའི་སྤྱི་ཟླ༨ཚེས་པའི༨ཉིན་ལ། དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་ནས“ཏང་ལ་ལེགས་སྐྱེས་འབུལ་བ”ཞེས་པའི་རིག་གནས་དང་ཡུལ་སྐོར་གྱི་ཟོང་རྟགས་ཆེ་གྲས་གཉིས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མཛེས་ལྗོངས་ཁུལ་ཁག་བཅུ་དྲུག་བཅས་གཅིག་སྡུད་ཐོག་དྲ་ལམ་ནས་ཐད་གཏོང་གི་རྣམ་པས་སྒོ་འབྱེད་བྱས་པས། རྒྱལ་ཕྱི་ནང་གི་དྲ་གྲོགས་མང་པོས་དོ་ཁུར་ཆེན་པོ་བྱས་པ་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོ་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། གཞུང་གི་དྲ་ཚིགས་དང་འཕྲིན་སྟེགས་ནས་བརྒྱུད་སྐུར་གྱི་ཚ་རླབས་ཤིག་ཀྱང་འཕྱུར་བ་རེད། དེར་བརྟེན། ཉེ་ཆར་སྨྱུག་འཛིན་པས་ཞོགས་པའི་ཉི་གཞོན་གྱི་འཛུམ་དཀར་ཐོག་མ་དེ་གནའ་གྲོང་སྡེ་དགེའི་གཡས་རི་རྩེར་དལ་བུར་འཛེག་དུས། གནས་མཆོག་སྡེ་དགེའི་མགྲོན་ཁང་ཆེན་མོ་ནས་ལམ་ལ་ཆས་ཏེ་སྡེ་དགེ་རྫོང་ཁམས་པའི་རིག་གནས་བཤམས་སྟོན་གླིང་གི་ཕྱོགས་སུ་སོང་། སྙན་འཇེབས་ལྷུང་ལྷུང་འབབ་པའི་ཟིལ་ཆུ་ཆུ་བོའི་བཞུར་རྒྱུན་དང་འགྲོགས་ནས། མདུན་ནས་མདུན་དུ་བསྐྱོད་སྐབས་ཅུང་མ་འགོར་བ་གེ་སར་ཁྱད་ལྡན་མགྲོན་ཁང་ཆེན་མོའི་འགྲམ་དུ་ཡོད་པའི་བལྟས་པ་ཙམ་གྱིས་ཁུལ་རིམ་པའི་ཚད་གཞི་ལ་ཐོན་ཨེ་འདུག་སྙམ་པའི་རིག་དངོས་བཤམས་སྟོན་ཁང“སྡེ་དགེ་རྫོངགླིང་ཨ་ཁུ་ཁྲོ་ཐུང་རིག་དངོས་བཤམས་སྟོན་ཁང”དུ་སླེབས་སོང་། སྔོན་ཚེ། སྡེ་དགེའི་གཡག་ཟེ་དགོན་གྱི་མཁན་བསོད་ནམས་ཆོས་འཕེལ་ལགས་ཀྱི་རྩོམ《ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ལོ་རྒྱུས་རགས་ཙམ་གླེང་བ》དང་སྡེ་དགེའི་གཞོན་སྐྱེས་མཚོན་རྟགས་རི་མོའི་ཇུས་འགོད་པ་རོང་སྨྱུག་ལགས་ཀྱི“ཡིད་ལྷུང་སྨྱུག་ཚོགས”འཕྲིན་སྟེགས་ལས“གླིང་ཨ་ཁུ་ཁྲོ་ཐུང་ཡུལ་སྐོར་རིག་དངོས་འགྲེམས་སྟོན་གྱི་ཡུལ་ངོས”ཀྱི་དྲ་རྩོམ་ལས་སྡེ་དགེའི་ཡིད་ལྷུང་ས་ཆ་དང་སྡེ་དགེ་རྫོང་གླིང་ཨ་ཁུ་ཁྲོ་ཐུང་ཡུལ་སྐོར་རིག་དངོས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱས་མྱོང་ཡོད།
        རྒྱ་ཆེ་བའི་ལྟ་མཁན་ཡོངས་ལ་རིན་མེད་ཀྱིས་གཟིགས་འབུལ་བྱས་དང་བྱེད་མུས་ཡིན་པའི་སྡེ་དགེ་རྫོང་གླིང་ཨ་ཁུ་ཁྲོ་ཐུང་ཡུལ་སྐོར་རིག་དངོས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་སྒོ་ནང་འཛུལ་མ་ཐག་ཏུ། སྤྱི་གཉེར་ཁང་གི་འགན་ཁུར་བ་དང་། འགྲེལ་བཤད་པ་བཅས་ཀྱིས་དགའ་བའི་འཛུམ་གྱིས་བསུ་ཞོར་ལྟད་མོ་བ་དག་ལ་ངོ་སྤྲོད་བྱེད་འགོ་ཚུགས།
        དེ་ཡང་བཤམས་སྟོན་གྱི་གཞི་རྒྱ་ཆེ་ཞིང་འགྲེམ་སྟོན་གྱི་རྣམ་པ་གྲ་དག་པ་སྟེ། བཤམས་སྟོན་ཁང་དེ་ཁང་བརྩེགས་གཅིག་ཤར་མར་ཡིན་པ་ལ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༣༠༠ལྷག་དང་གནའ་རྫས་ཆེ་འབྲིང་ཆུང་གསུམ་གྲངས་འབོར༢༣༠༠ལ་ཉེ་བ་ཞིག་གིས་ཡོངས་སུ་གྲུབ་པའི་བཤམ་སྟོན་ཁང་གི་ནང་ལ་འཛུལ་མ་ཐག་མིག་ལ་དུ་མངོན་པ་ནི་འཁར་སླང་དང་ཟངས་སླང་ལ་གཏེར་ཆུ་དང་འོ་མས་བསྐང་བ་ཕྲེང་བསྒྲིགས་ནས་ཡོད་པ་དག་ཡིན་ལ། བཤམས་སྟོན་ཁང་དེ་གཡས་སྐོར་ཞིག་བྱས་ཏེ་ལྟད་མོ་ལྟ་ཞོར་སྐྱོད་ཚེ། མིག་ལམ་དུ་ལྟ་བའི་མི་ངོམ་དག་ནི། འབྲོག་པའི་འཚོ་བའི་ཐོན་སྐྱེད་ཁྲོད་ཀྱི་མཁོ་ཆས་སྟེ། སྒ་དང་། སྟན། གདང་། ཀོ་ཏ། ལྕག་ཚན། གསེར་དངུལ་ལྕགས་གསུམ་གྱི་སྲབ། རྟ་དྲིལ་སོགས་ཀྱི་སྐོར་དང་། མདུན་ཅོག་གི་ཤེལ་སྒྲོམ་ནང་དུ་སྤུངས་ཤིང་བཤམས་པའི་རོང་འབྲོག་གི་གློ་གྲི་དང་། དངུལ་ཁུག་རྙིང་པ། ཇ་ཁུག །རྐྱལ་བ། རྒྱ་མའི་རིགས། མེ་ཆ། ཀོ་ལྷམ། སྤོས་སྒམ། རྡོ་མཆིག །འུར་རྡོ། རྫབ་ཕོར་སོགས་ཀྱི་སྐོར། གྱང་ངོས་ཀྱི་སྒྲོམ་ནང་དུ་སྟག་སྒམ་དང་། གཟིག་སྒམ། གཟི་སྒམ། མཆོད་བུམ། ཀོ་སྒམ་ལྕགས་ཤན་མ། དངུལ་སྒམ། རྒྱན་སྒམ། ཆང་རྭ། ཆུ་ཟོམ། ཆབ་ཏོག །མེ་ཕོར། རྫ་ཆས། ཟོ་ཁྲ། རྩིས་གཞོང་སོགས་ཀྱི་སྐོར། གྱང་ངོས་སུ་སོག་གྲུམ་དང་། རྒྱ་གྲུམ། བོད་གྲུམ་སོགས་གྲུམ་ཙེའི་རིགས་སྣ་མང་བཀལ་ཡོད་འདུག །བཤམས་སྟོན་ཁང་གི་གཡས་ཕྱོགས་ཀྱི་གྲུ་ཟུར་དུ་ཁྱིམ་རྒྱུད་ཀྱི་ལྷ་ཆ་མཆོད་རྫས་མང་པོ་བཤམ་ཡོད་པ་སྟེ། ལིའི་ལྷུང་བཟེད་དང་། གནམ་ལྕགས་ཕུར་བ། གནའ་རབས་ཀྱི་གསེར་ཐང་། ཐང་ནག །ཚེ་དཔག་མེད་ཀྱི་སྐུ་རྙིང་། སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་རྙིང་། འགུ་ཙེ། སྒྲོལ་མ་ཉེར་གཅིག་གི་སྐུ་རྙིང་། བ་སོའི་ཌ་རུ། རྐང་དུང་དངུལ་ཤན་མ། གསེར་དངུལ་འདྲེས་མའི་གའུ་སོགས་བཤམས་འདུག །ད་དུང་མདའ་གྲི་མདུང་གསུམ་གྱི་སྐོར་སོགས་ཅ་དངོས་རྙིང་པ་རིགས་ཕུན་སུམ་ཚོགས་ཤིང་གྲངས་འབོར་ཤིན་ཏུ་མང་། དེ་དག་ལས། མྱུང་འདས་དྲིལ་བུ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཕྱག་བཟོས་ཚ་སྐུས་མཚོན་པའི་སུང་རྒྱལ་རབས་ཀྱི་གནའ་རྫས་ཡིན་ཚུལ་དང་། རྒྱ་གར་སྐུ་རྙིང་དང་། ལྕགས་རྨོག་དགྲ་ལྷ་རང་འཁོར། རྣོ་ལྕགས་ངར་མའི་རྐེད་གྲི། རལ་གྲི་དཔའ་དམ་དང་། སྲིན་གྲི་ཧེ་ལ་སྒུར་འཁྱོག །སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་རྙིང་གིས་མཚོན་པའི་གནའ་རྫས་ཁག་གཅིག་ནི་མིང་རྒྱལ་རབས་སྐབས་ཀྱི་ཡིན་པ་དང་། ཆང་རྫབ་གློ་ལེབ་མ་དང་། ཟངས་ཟོར། ཡོབ་ཆེན། བ་སོའི་བོད་བག་གིས་མཚོན་པའི་ཆིང་རྒྱལ་རབས་སྐབས་ཀྱི་གནའ་རྫས་ཡིན་ཚུལ་སོགས་གཤམ་སྟོན་ཁང་གི་འགྲེལ་བཤད་པས་དེ་ལྟར་བཤད། ཡང་གཅིག་བཤད་ན། སྦྱིན་བདག་ཁྲོ་ཐུང་ཁྱི་ཕྲུག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་རྒྱལ་ཡོངས་ཀྱི་རྒྱ་བོད་སོག་གསུམ་གྱི་ཡུལ་གྲུ་ཀུན་ཏུ་དཀའ་བ་ཁྱད་བསད་དང་ངལ་བ་དང་དུ་བླངས་སྟེ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རིག་དངོས་བཤམ་སྟོན་ལ་ལྟ་སྐོར་སློབ་སྦྱོང་དང་། ཞིབ་འཇུག །འཚོལ་སྡུད་བཅས་བྱས་ཤིང་འགྲོ་སོང་ཕོན་ཆེན་བཏང་ནས་བླུ་ཉོ་དང་ཉར་ཚགས་བྱས་པའི་གནའ་བོའི་དངོས་རྫས་རྩ་ཆེན་བརྒྱ་ཕྲག་ཁ་ཤས་འགྲེམ་སྟོན་བྱས་འདུག །དངོས་རྫས་དེ་དག་ནི་གླིང་ཨ་ཁུ་ཁྲོ་ཐུང་དང་ས་གནས་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་རིན་ཐང་ཅན་གྱི་གནའ་བོའི་རིག་དངོས་ཤ་སྟག་རེད་འདུག་ལ། ལྷག་པར་ཁོང་ཚང་གི་ཁྱིམ་རྒྱུད་དུ་དུས་རབས་སྔོན་མའི་ནང་སྐུ་འཁྲུངས་པའི༸མ་དགོན་མཁར་དམར་སྤྲུལ་སྐུའམ་མཆོག་སྤྲུལ་དཀོན་མཆོག་རྒྱ་མཚོའི་སྐུ་ཕྲེང་བརྒྱད་པ་ཐུབ་བསྟན་པདྨ་འགྱུར་མེད་རྒྱ་མཚོ་མཆོག་ནི་འབུམ་དཔོན་དཔལ་རྒྱ་ཚ་ཞལ་དཀར་གྱི་སྐུ་སྐྱེ་ཡིན་ཞིང་། ཁོང་གི་ཤུལ་བཞག་གི་ཕྱག་རྫས་དག་ཀྱང་མང་ཆེ་ཤོས་ནི་གླིང་དང་འབྲེལ་བའི་གནའ་བོའི་རིག་དངོས་རྩ་ཆེན་དག་དག་ཡིན་པ་རེད།

        བཤམས་སྟོན་ཁང་གི་སྒོ་ཕུགས་བར་གསུམ་གྱི་སྒྲིག་བཤོམ་ཚང་མ་བོད་པ་རང་གཙོ་བོ་བྱས་པའི་མི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་རོལ་ལུགས་ཀྱི་འགྲོས་ལྟར་བྱས་ནས་བཤམ་པ་དེ་ནི་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དང་གོམས་གཤིས་སོགས་མི་རིགས་རིག་གནས་ཀྱི་ངོ་མཚར་བའི་སྣང་བརྙན་དང་། ཐུན་མིན་གྱི་ཁྱད་ཆོས། ལོ་རྒྱུས་ཀྱི་རིན་ཐང་དག་དངོས་སུ་འགྲེམས་སྟོན་དུ་བགྱིས་པ་ཡིན་པར་མ་ཟད། སྲོལ་རྒྱུན་ལ་འགྲན་སློང་གི་དུས་བབ་ཚབས་ཆེ་བའི་དུས་རབས་ཀྱི་ཡར་འགྲོ་མར་འགྲོའི་དཀྱོགས་མཚམས་ནས་ཉག་ཕྲ་ཞིང་རྨེག་མེད་འགྲོ་ལ་ཉེ་བ་སྟེ་ཕ་མེས་ཀྱིས་སྤྱད་མྱོང་བའི་ཅ་ལག་ལ་ཤས་ཤིག་གི་མིང་ཡང་བཟུང་དཀའ་བའི་དུས་སུ། འདས་ཟིན་པའི་ལོ་རྒྱུས་ཀྱི་དན་རྟགས་དང་མེས་པོ་ཚོའི་བླ་ན་མེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་བློ་གྲོས་ལ་བསྔགས་བརྗོད་ཅིག་ཀྱང་ཅི་ལ་མི་མཚོན །

        སྡེ་དགེ་རྫོང་གླིང་ཨ་ཁུ་ཁྲོ་ཐུང་ཡུལ་སྐོར་རིག་དངོས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ནི། ༢༠༡༩ལོར་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་འགྲོ་ལུགས་ཆ་ཚང་བསྒྲུབས་ཏེ་ཆོག་གནང་དང་རྒྱབ་སྐྱོར་ལེགས་པར་ཐོབ་འོག་གསར་དུ་བཙུགས་ཤིང་། དེ་ནི་གླིང་ཨ་ཁུ་ཁྲོ་ཐུང་གི་གནའ་ཤུལ་དང་འབྲེལ་བའི་ཡུལ་སྐོར་རིག་གནས་དར་སྤེལ་དང་། ས་གནས་མི་དམངས་ཀྱི་དཔལ་འབྱོར་ཐོན་ཁུངས་ཡར་རྒྱས་འགྲོ་ཆེད་བཅས་ལ་དམིགས་ནས་བཙུགས་པ་ཞིག་ཀྱང་རེད། དེའི་ཁྱབ་ཁོངས་སུ་རིག་དངོས་སྲུང་སྐྱོབ་དང་འགྲེམ་སྟོན། ཡུལ་སྐོར་ཐོན་རྫས་ཀྱི་སྔོག་འདོན་དང་ལས་སྣོན། ཕྱིར་འཚོང་། ཡུལ་སྐོར་བར་མགྲོན་ཁང་དང་བཟའ་བཏུང་མཁོ་འདོན། རིག་རྩལ་འཁྲབ་སྟོན། ས་གནས་ཀྱི་ཐོན་རྫས་སྔོག་འདོན་བྱེད་པ། ཡུལ་སྐོར་གྱི་ལམ་ཐིག་སྔོག་འདོན་བྱེད་པ། རིག་གནས་འབྲེལ་ཡོད་ཀྱི་ཐོན་རྫས་འཕེལ་རྒྱས་སུ་གཏོང་བ་སོགས་འདུ་ཡོད།
        སྤྱི་གཉེར་ཁང་གི་མཚོན་རྟགས། གླིང་ཨ་ཁུ་ཁྲོ་ཐུང་ཞེས་པའི་མཚོན་རྟགས་འདི་ནི་སྡེ་དགེའི་གཞོན་སྐྱེས་མཚོན་རྟགས་ཇུས་འགོད་པ་རོང་སྨྱུག་ལགས་ཀྱིས“སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ལ”ཆེད་དུ་ཇུས་འགོད་བྱས་པ་ཞིག་ཡིན། འདི་ནི་དེང་གི་དུས་སུ་ཆེས་དར་ཁྱབ་དང་མཐོང་ཆེན་བྱེད་བཞིན་པའི་མཚོན་རྟགས་སོགས་ཀྱི་འགྲོ་ལུགས་ལྟར། ཡི་གེ་དང་རི་མོ་གཉིས་ཀའི་ལམ་ནས་བརྗོད་དོན་གྱི་རྣམ་པ་གསལ་བོར་མཚོན་པར་བྱས་ཡོད། དེ་ཡང་ཕར་བལྟས་ན་སྨ་ར་དང་ཨག་ཚོམ་ལྡན་ཞིང་སྐྲའི་ཐོད་ལྕོག་དང་དུང་གི་རྣ་ཆས་བརྒྱན་པའི་སྔགས་པ་རྒན་པོ་ཞིག་གི་དབུ་སྟེ། གླིང་སྒྲུང་ལས་བྱུང་བའི་གླིང་ཨ་ཁུ་ཁྲོ་ཐུང་གི་དབུའི་སྣང་བརྙན་ཇི་བཞིན་བཞེངས་སྐྲུན་བྱས་ཡོད་ལ། བཀླགས་ན“གླིང་ཨ་ཁུ་ཁྲོ་ཐུང”ཞེས་ཡི་གེ་འབྲུ་རེ་རེ་ནས་དེད་དེ་ཐད་ཀར་ཀློག་ཆོག ད་དུང་ཡི་གེ་དག་ལས་གླིང་ཞེས་པའི་ཡིག་འབྲུ་དེ་གཙོ་བོའམ་ཆེ་བ་བྱས་པ་ནི་ཨ་ཁུ་ཁྲོ་ཐུང་གི་རིགས་རུས་ཀྱི་མཆེད་ཁུངས་གླིང་ཡིན་པ་དང་། གཞན་ཁོང་ནི་ཁྲ་མོ་གླིང་གི་ཆེས་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཡིན་པའང་མཚོན། དེང་གི་མཛེས་རིས་སྒྱུ་རྩལ་བ་དང་མཛེས་དཔྱོད་དཔྱོད་འདེམས་པ་སོགས་ཆེ་མཐོའི་མི་སྣ་ཁག་ཅིག་ལ་ཆེད་དུ་གཟིགས་འབུལ་དང་དཔྱད་བརྗོད་ཞུས་ཤིང་། ཁོ་ཚོས་ཀྱང་རི་མོའི་རྣམ་པ་ཅ་དག་ཅིང་བརྗོད་བྱའི་ནང་དོན་མཚོན་སྟོབས་ཆེ་བ་སོགས་ཀྱི་གདེང་འཇོག་དང་བསྔགས་བརྗོད་གང་མང་ཐོབ་ཡོད་པར་མ་ཟད། རྒྱལ་སྤྱིའི་པར་དབང་ཅུས་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་སོགས་ནས་ཀྱང་མཚོན་རྟགས་ཚད་ལྡན་གྱི་དཔང་ཡིག་དང་ཁྲིམས་མཐུན་གྱི་བདག་དབང་ཆ་ཚང་ཐོབ་ཡོད་པ་རེད།
        སྤྱི་གཉེར་ཁང་དེས་མུ་མཐུད་དུ་འབད་པ་རྒྱུན་འཁྱོང་བྱས་ཏེ་ས་གནས་མང་ཚོགས་ཀྱི་རིག་གནས་བརྒྱུད་འཛིན་དང་དཔལ་འབྱོར་གོང་འཕེལ་སོགས་ལ་དམིགས་ནས་ལས་རིགས་སྣ་ཚོགས་ཅི་ནུས་ཀྱིས་བསྒྲུབ་འཆར་ཡོད་པ་སྟེ་མི་རིགས་སྤྱིའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། འཚོ་གནས་ཀྱི་ཕ་སའི་སྔོ་ལྗང་རི་ཀླུང་ལ་གསེར་རི་དངུལ་རིའི་འདུ་ཤེས་བརྟན་པོ་བཅངས་ཏེ། བོད་ཀྱི་ཞིང་འབྲོག་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་གསར་པ་ཕུགས་འདུན་དུ་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ལ་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ས་གནས་སྲིད་གཞུང་གི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏང་བར་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་དང་གྲོང་གསེབ་དར་རྒྱས་ལ་མ་སྐུལ་དང་བླངས་ཀྱིས་ཕྱར་བ་གྲུ་འདེགས་བྱེད་ཀྱིན་ཡོད་པ། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏང་བར་དངོས་ཤུགས་གང་རུང་ནས་སྟོབས་ཤུགས་འབུལ་བ། ཡ་རབས་དྲང་བདེན་གྱི་ཁེ་ལས་རིག་གནས་མིག་འབྲས་བཞིན་སྲུང་བ། མི་རིགས་མཛའ་མཐུན་གྱི་དཔེ་བཟང་གི་ཁེ་ལས་ཤིག་དང་། སྤྱི་ཚོགས་ཞབས་ཞུའི་ཁེ་ལས་ཤིག་ལ་འབད་འབུངས་ཡར་བརྩོན་གྱི་ཐོག་ནས་ས་གནས་ཀྱི་མི་རིགས་རིག་གནས་ཕྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱས་དང་བྱེད་ཀྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1