ཨ་ཕས་གཅར་ཐེངས་དེ་ནས།
གཡེ་རུས་རྐང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23
ང་ལ་གསལ་བོ་ཞིག་དྲན་རྒྱུ་མི་འདུག །ཡིན་ཡང་ཨ་མ་ལགས་ཀྱིས་བཤད་པ་ལྟར་ན་ཆུང་དུས་སུ་ཨ་ཕ་རང་གི་བུ་ཕྲུག་ཚོའི་སྟེང་ལ་བཙན་པོ་སྟག་འདྲ་བ་ཞིག་ཡིན་དོན། ངེད་ཚང་གི་ཁྱིམ་མཚེས་རྒད་པོ་ཁེར་རྐྱང་དེས་ཨ་ཕ་ལ་བུ་ཕྲུག་ཚོ་ཆུང་དུས་ནས་རྒྱ་ཡན་དུ་གཏོང་མི་རུང་བའི་སྐོར་ནས་ནན་སྐུལ་ཐེངས་ཤིག་བྱས་པས་ཡིན་ཟེར།
རྒད་པོ་ཁེར་རྐྱང་དེས་ཕོ་ལོ་བཞི་བཅུའི་སྟོད་དུ་ད་གཟོད་“འུ་གཉིས”ཟེར་སའི་བུད་མེད་ཅིག་དང་གཉེན་བསྒྲིགས་ཐུབ་པ་བྱུང་ཞིང་། ད་ལྟ་ཁོ་ཡང་སྙིང་རྗེ་བའི་བྱིས་པ་གསུམ་གྱི་ཕ་རྒན་དུ་གྱུར་ཡོད། སྡེ་མི་ཚོས་བཤད་པ་ལྟར་ན་ཁོ་མི་གླེན་པ་(ཀློའུ)ཞིག་ཡིན་པས་གཞོན་དུས་སུ་ཆུང་མ་འགའ་བླངས་ཀྱང་མཐུན་ཐབས་མ་བྱུང་ཟེར།
ང་ཚོའི་སྡེ་བའི་(ལོ་རྟ)ནང་དུ་བཻ་རོ་ཙ་ནའི་གནས་བྱིན་རླབས་ཅན་ཞིག་ཡོད་ལ་གནས་དེའི་མཐའ་འཁོར་འཁོར་ཕྲེང་གིས་བསྐོར་ཞིང་གནའ་ནས་ད་བར་དུ་སྡེ་བའི་ཕོ་མོ་རྒན་གཞོན་ཚང་མས་ཁོམ་ལོང་ཅུང་ཙམ་རེ་བྱུང་ཚེ་གནས་དེར་སོང་ནས་སྐོར་བ་ལན་མང་རྒྱག་པ་དང་། ནད་པ་དང་སྦྲུམ་མ་སོགས་ཀྱིས་གནས་མཆོག་དེ་ལ་སྐོར་ཚད་(11113)གཅིག་རེ་ལེན་ཐུབ་ན། བྱིས་པ་བདེ་ལེགས་ངང་སྐྱེ་ཐུབ་པ་དང་ནད་པ་གང་དེ་ཡང་རང་ཉིད་ཀྱི་སྔོན་གྱི་བག་ཆགས་དང་ལས་སྨོན་གྱི་དབང་གིས་ཡིན་ན་མ་གཏོགས་མི་དྲག་པའི་ནད་པ་གཅིག་ཀྱང་ཡོད་མི་སྲིད་ཅེས་བཤད་སྲོལ་ཡོད། བཻ་རོ་ཙ་ནའི་གནས་བྱིན་རླབས་ཅན་དེ་ངེད་ཚང་གི་ཁང་པའི་རྒྱབ་ཕྱོགས་ནས་གོམ་པ་ལྔ་བཅུ་ཙམ་གྱི་བར་ཐག་ལས་མེད་པས། ཆུང་དུས་སུ་ཨ་མ་དང་ཨ་ཕྱི་གཉིས་ལ་འགྲོགས་ནས་ཐེངས་མང་པོར་གནས་སྐོར་ལ་སོང་མྱོང་། སྐབས་དེར་བྱིས་པ་ཡིན་ཡང་དོན་དག་ལ་ལ་ཞིག་ནི་རྣ་ལམ་དུ་གོ་བ་ཙམ་གྱིས་ཡིད་ལ་དམ་པོར་ངེས་ཐུབ་པས་སྐོར་བར་སོང་བའི་འདས་དོན་དག་ད་དུང་ཡང་ཁ་སང་བྱུང་བ་ལྟར་ཡིད་ལ་ཝ་ལེར་གསལ་ཡོང་། སྐོར་མཐའི་བགྲེས་སོང་ཚོས་སྐབས་རེར་མ་ཎི་བགྲང་རྒྱུ་བསྐྱུར་ནས། ཁྱིམ་མཚེས་རྒད་པོ་ཁེར་རྐྱང་དེའི་གཏམ་རྒྱུད་དམ་ཁོའི་ཕྱོགས་ཀྱི་སྒྲོ་སྐུར་གང་རུང་གི་བཤད་རྒྱུན་ཕྲེང་བར་འདྲེན་པར་བྱེད།
སྐབས་དེར་དུས་རབས་ཀྱི་དབང་གིས་ཁ་པར་སོགས་བརྡ་འཕྲིན་གྱི་ཚ་རླབས་ཤུགས་ཆུང་བས་ཕྱི་ནང་གི་དོན་དག་ཅི་ཡིན་ཡང་ད་སྐབས་ལྟ་བུའི་གོ་སླ་བ་དང་སྟབས་བདེ་མོ་ཞིག་གཏན་ནས་མིན། ང་ཚོའི་སྡེ་བའི་ནང་དུ་ལོ་ན་བགྲེས་པའི་རྒན་མོ་ཁེར་འདུག་ཅིག་ཡོད་པ་དེས་དོན་དག་ཆེ་མ་ཆུང་གསུམ་ཅི་ཡིན་ཡང་མི་གོ་བ་གཅིག་མེད་ལ། དུས་རྒྱུན་ལག་ཏུ་ནག་ཅིང་ཅུང་ལེབ་ལ་ལུང་ཐག་ཐུང་ཐུང་ཅན་གྱི་ཕྲེང་བ་ཞིག་བཟུང་ནས་གཏམ་འཆལ་གང་ཞིག་གཞན་ལ་བསྒྲག་རྒྱུར་ངང་སྒུག་བྱེད་མཁས་ཤིག་ཡིན། ལ་ལས་མོ་ལ་རྒན་མོ་ཁ་མང་མ་ཞེས་འབོད་ལ། སྡེ་མི་ཚོས་མོ་ལ་ཨ་ཡེ་བཤད་དགའ་མ་ཞེས་པའི་མིང་ཞིག་ཀྱང་བཏགས་ཡོད། ཨ་ཡེ་བཤད་དགའ་མས་དུས་རྒྱུན་ཆུང་དུས་སུ་ཆུང་མ་ལེན་མ་ཐུབ་པར་ལོ་ན་བཞི་བཅུའི་སྟོད་ལ་ད་གཟོད་ཁྱིམ་དུ་ཆུང་མ་བསུས་པའི་ངེད་ཚང་གི་ཁྱིམ་མཚེས་རྒད་པོའི་ལོ་རྒྱུས་དག་ཧ་ཅང་ཆ་རྒྱུས་ཡོད་པའི་ཚུལ་གྱིས་མ་ཎི་འདོན་འདོན་བྱེད་སྲིད།
གང་ལྟར་གཞན་པས་རྒད་པོ་ཁོ་མི་ཅི་འདྲ་ཞིག་རེད་ཟེར་ཡང་ཁོ་རང་གི་ཨ་མ་ལ་ཧ་ཅང་བཟང་སྟེ། མ་ལགས་ལ་ཞབས་གཡོག་གང་ལེགས་སྒྲུབ་ཅིང་ཁ་འཇམ་ཚིག་བརྩི་བྱེད་མཁན་ཞིག་ཡིན་པས། ངས་ནི་ནམ་རྒྱུན་ཁོ་རང་ཅི་འདྲའི་མི་ཡ་རབས་ཤིག་རེད་ཨང་འདོད་མྱོང་། ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ནི་ངེད་ཚང་ལས་ལྡབ་འགྱུར་གྱིས་བཟང་། ང་ལ་ཕུ་བོ་གཅིག་དང་ནུ་བོ་གཅིག་ཡོད་ལ་སྤུན་གསུམ་ལས་ང་ནི་འབྲིང་བ་དེ་ཡིན། ཆུང་དུས་སུ་ང་ཚོས་རྒྱུན་དུ་ངེད་ཚང་གི་སྒོ་སྔུན་ནས་པྲ་ཚགས་བྱས་ཤིང་རྩེད་མོ་སྣ་ཚོགས་ལ་གཡེང་ནས་ཡོད་སྐབས། རྒད་པོ་དེས་རང་གི་ཨ་མ་ལ་ཟས་རིགས་སྣ་ཚོ་ཉོས་ནས་ཁྱིམ་དུ་ལོག་འགྲོ་བ་མཐོང་སྲིད། སྐབས་དེར་ང་ཚོ་གཅིག་གི་རྗེས་སུ་གཅིག་ཡིབ་ཏེ་རྩེད་མོར་གཡེང་ཞོར་ཁོ་ཚང་གི་ཁང་བའི་ཟུར་ནས་ལྐོགས་ལྟ་བྱས་ཤིང་ཁོས་ཉོས་པའི་ཟས་རིགས་སྣ་ཚོགས་ལ་སེམས་ཀྱིས་ལོངས་སུ་སྤྱོད་པ་ཡིན། ཁོ་ཚང་གི་ཕྱོགས་ནས་ཚོད་མ་སྣ་ཚོགས་བརྔོས་པའི་དྲི་ཞིམ་ང་ཚོའི་སྣ་ལམ་དུ་ཁུར་ཡོང་བ་ན། རང་དབང་མེད་པར་ལྕེ་རྩར་མཆིལ་མ་འཁྱིལ་ཞིང་རྟབ་རྟབ་པོར་མིག་ཟུང་བཙུམས་ཏེ་དྲི་ཞིམ་དེའི་ཀློང་ན་བཟི་བར་འགྱུར་འགྲོ།
ལོ་སར་གྱི་སྐབས་སུ་ང་ཚོ་ཁྱིམ་མཚེས་གཡས་གཡོན་ཚང་མས་ལོ་གསར་པའི་ནང་རྟེན་འབྲེལ་གྱི་ཁ་གཡང་བོས་ཏེ། ཁྱིམ་ཚང་རེ་རེར་ཕན་ཚུན་ལ་མགྲོན་དུ་འགྲོ་འོང་བྱེད་པའི་ལུགས་སྲོལ་ཞིག་ཡོད། ཆུང་དུས་སུ་ང་ལ་མཚོན་ན་ལོ་གསར་བའི་ནང་ཆེས་རེ་སྒུག་བྱེད་ས་ཉག་གཅིག་ནི་ཁྱིམ་མཚེས་རྒན་པོ་ཚང་ཡིན། ཅིའི་ཕྱིར་ཞེ་ན་ལོ་སར་གྱི་སྐབས་སུ་ཁྱིམ་མཚེས་རྒན་པོ་ཚང་ལ་ཐེངས་གཅིག་འགྲོ་ཐུབ་པ་དང་རིག་མ་མྱོང་བའི་ཀ་ར་དང་བཏུང་ཁུའི་རིགས་སྣ་ཚོགས་བསྒྲིགས་པ་ཁྱིམ་མཚེས་གཞན་དག་ལས་ཕུན་སུམ་ཚོགས་ལ། དེ་ལས་ཀྱང་ཁོས་བཟོས་པའི་ཁ་ལག་ཞིམ་པོར་རོལ་མྱོང་ཐེངས་ཤིག་བྱེད་པའི་སྐལ་བ་ལྡན་པས་ན་ལོ་སར་ལ་མ་ཐུག་གོང་ནས་ཁོ་ཚང་ལ་སེམས་ཆགས་ནས་འདུག་སྲིད། རྒད་པོ་ཁོ་ངའི་ཨ་ཕ་ལས་ལོ་ན་ཆེ་བས་ཨ་ཕས་ཁོ་ལ་ཕུ་བོ་ཞེས་འབོད་ལ། ངེད་སྤུན་གསུམ་གྱིས་ཀྱང་ཁོ་ལ་ཨ་ཁུ་ཟེར་ནས་འབོད། ཁོས་ཀྱང་ང་ཚོར་ཧ་ཅང་གཅེས་གཅེས་བྱེད་ལ། ལོ་སར་ལ་ཁོང་ཚང་གི་ཁྱིམ་དུ་སོང་དུས་ཁོས་ང་ཚོར་ཟས་རིགས་སྣ་ཚོགས་ཅི་འདོད་ཀྱིས་ཟ་རུ་འཇུག་སྲིད། ཐེངས་ཤིག་རྒད་པོ་ཁོས་ངའི་ཨ་ཕ་ལ་“ རྒྱལ་བསྟན། ཁྱོད་མི་བསོད་ནམས་ཅན་ཟེར་བ་རེད། བུ་གསུམ་གྱི་ཕ་རྒན་ཆགས་འདུག །ཁྱོད་ལ་རིགས་གསུམ་མགོན་པོ་འཁྲུངས་པ་མིན་ནམ། ཧ་ཧ་ཧ། ” ཞེས་ཀུ་རེ་རྩེས། དོན་དམ་དུ་ང་ཚོ་སྡེ་བའི་ནང་ཁྱིམ་ཚང་གཅིག་ལ་ཕ་མ་གཅིག་པའི་བུ་ཆུང་གསུམ་ཅན་ངེད་ཚང་དང་རེ་ཟུང་ལས་མི་འདུག །ཕུ་བོ་ངེད་གཉིས་བར་ན་ལོ་གཅིག་དང་ནུ་བོ་ངེད་གཉིས་བར་ན་ལོ་གཉིས་ཙམ་ལས་མི་ཆད་ལ། ཐ་ན་ང་ཚོའི་རིང་ཐུང་ཡང་ཕལ་ཆེར་མཉམ་ནས་འདུག །
ཐེངས་ཤིག་ཨ་ཕས་ང་ལ་གཅར་རྡུང་དྲག་པོ་ཞིག་བྱས་སོང་། དེ་ནི་རྒད་པོ་གླེན་པ་ཁོས་བསྐུལ་བས་ཡིན་ཡང་སྲིད་དེ།"རྒྱལ་བསྟན། ཁྱོད་ཀྱིས་བྱིས་པ་གསུམ་ད་ནས་ལེགས་ལམ་དུ་བཞག་ན་རན། དེ་མིན་ན་བྱ་གཤོག་རྩལ་རྒྱས་ནས་ནམ་འཕང་གཅོད་དུས་ཚང་དུ་བསྡུ་འདོད་པ་འབྲས་མེད་ཡིན་རེད། ཡ་རབས་སྤྱོད་བཟང་གི་བུ་ཕྲུག་བྱུང་ན་ཁྱིམ་ཚང་དང་ཕ་མའི་རྒྱན་རེད།"ཅེས་ཤ་ཚའི་གཏམ་ཞིག་ཨ་ཕའི་རྣ་བར་བླུགས་པས་ཨ་ཕས་ཀྱང་གཏམ་དེ་བདེན་པར་བཟུང་ནས། སྐབས་དེ་ནས་ཨ་ཕ་ནི་ང་ཚོ་སྤུན་གསུམ་གྱི་སྟེང་རྒོད་པོ་རྒྱ་སྟག་འདྲ་བ་ཞིག་ཏུ་གྱུར་ཏེ། ང་ཚོ་ཨ་ཕའི་སྒྲིག་ལམ་གྱི་སྡེར་འོག་ནས་ནམ་ཡང་ཐར་ཐབས་མ་བྱུང་།
ང་རང་ལོ་བརྒྱད་ལ་སོན་སྐབས་ངའི་ཕུ་བོ་ལོ་དགུ་དང་ནུ་བོ་ལོ་དྲུག་ཡིན་ལ། དེ་ནི་ང་ཚོས་མི་ཚེ་འདིར་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་བསླབ་འགོ་བརྩམས་ལོ་ཡིན་ཟེར་ནའང་ཆོག །སྐབས་དེར་ངེད་ཚང་གི་འཚོ་བའི་ཆ་རྐྱེན་བཟང་རྒྱུ་མེད་པས་དཔེ་ཆ་བླུ་བྱེད་ཀྱི་སྒོར་མོ་མེད་ཀྱང་ཕ་མ་གཉིས་ཀྱིས་ཟླ་དགའ་ལ་གསོགས་པའི་སྒོར་མོས་ཨ་ཕས་རྫོང་ཐོག་ནས་ངེད་སྤུན་གསུམ་ལ་དཔེ་ཁུག་ཁ་མདོག་དམར་པོ་ཅན་རེ་རེ་དང་། འབྲི་དེབ་དང་འབྲི་སྨྱུག་རེ་རེ་ཉོས་ནས་འོངས་སྐབས་ཀྱི་ང་ཚོའི་སེམས་ཚོར་སྤྲོ་བོ་དེ་སྐད་ཆས་མཚོན་དཀའ།
“ཕུ་བོ། ཕུ་བོ། ཁྱོད་ཀྱི་ཁུག་མའི་མདོག་ཅི་ཞིག་རེད།" "དམར་པོ་ཞིག་རེད།" "འོ། ངའི་ཁུག་མའི་མདོག་ཀྱང་དམར་པོ་རེད།" ནུ་བོས་“ ངའི་ཁུག་མའི་མདོག་ཀྱང་དམར་པོ་རེད།" ཕུ་བོས་“ ག་རེ། ངས་ཅིག་བལྟ། འོ་རེད་རེད། ཁ་དོག་འདྲ་ཡང་ཆེ་ཆུང་འདྲ་བོ་མི་འདུག ” ཟེར། ཨ་ཕ་ཆུང་དུས་ནས་ཁོའི་ཕ་རྒན་ཚེ་ལས་འདས་སོང་བས་ཁོ་སློབ་གྲྭར་འགྲོ་མ་ཐུབ་ཀྱང་རྒྱུ་རྐྱེན་ག་གེ་མོ་ཞིག་གི་དབང་གིས། ཟླ་ཁ་ཤས་ཀྱི་རིང་ཨ་ཕ་དགོན་པ་ནས་བསྡད་པས་བོད་ཡིག་གི་ཆུ་ཚད་ཅུང་འཛོམས་པོ་ཡོད།
ཉིན་ཞིག་ཨ་ཕས་འབྲི་སྨྱུག་དམར་པོ་ཞིག་གིས་ང་ཚོའི་འབྲི་ཤོག་རེ་རེའི་སྟེང་གསལ་བྱེད་སུམ་ཅུ་དང་། དབྱངས་ཡིག་བཞི་ཤར་མར་བྲིས་ནས་ང་ཚོའི་ལག་ཏུ་བཞག །ཨ་ཕའི་ཡིག་གཟུགས་དེ་འདྲ་ཡག་པོ་མེད་ཀྱང་བཀླགས་ན་ཧ་ཅང་སྟབས་བདེ་མོ་ཞིག་འདུག །
སྐབས་དེ་ནས་བཟུང་ངས་ཨ་ཕའི་ཤ་ཚའི་འགྲམ་ལྕག་སོགས་ཀྱི་སྐུལ་མའི་འོག་དབྱངས་གསལ་སོ་བཞི་བློ་ནས་ཐོག་མེད་དུ་སྐྱོར་ཐུབ་པ་བྱུང་། དེ་བས་ཨ་ཕ་ནི་ངའི་ཆེས་ཐོག་མའི་ཡི་གེ་སྦྱོར་ཀློག་གི་དགེ་རྒན་ཡིན།
ནམ་རྒྱུན་ངེད་ཚང་ལ་ཐག་ཉེ་རིང་གི་ཨ་ཕའི་གྲོགས་པོ་མང་པོ་མགྲོན་དུ་ཡོང་སྐབས། ང་ཚོ་གཞན་གྱི་བྱིས་པ་ལྟར་ཁྱིམ་ལ་ཡོང་ནས་མགྲོན་པོའི་ལག་སྣེ་དང་ཁ་ནང་མིག་ནང་དུ་འཚང་མི་ཆོག་པར་དྲོ་འཁྱག་ཅི་འདྲ་ཡིན་ཡང་ཨ་ཕས“སྐལ་བཟང་རྒྱ་མཚོ།...... ད་ནང་དུ་ཤོག”ཟེར་རག་བར་དུ་ཕྱི་ནས་འདུག་དགོས། སྐལ་བཟང་རྒྱ་མཚོ་ནི་ངའི་ཕུ་བོའི་མིང་ཡིན་ལ་ཨ་ཕས་ཐོག་མར་ཕུ་བོའི་མིང་གིས་བོས་རྗེས་རིམ་བཞིན་ནུ་བོ་ངེད་གཉིས་ཀྱི་མིང་གིས་འབོད་སྲིད།
ངའི་ཨ་ཕའི་གདོང་མདོག་སྨུག་ཅིང་གཟུགས་ཐུང་ཐུང་ཞིག་ཡིན་ནའང་། སྡེ་པའི་ནང་ན་ངེད་ཚང་གི་ཨ་ཕ་ལ་མི་སྐྲག་མཁན་གྱི་བྱིས་པ་ཧ་ལམ་མེད། ཉིན་ཞིག་ཕུ་བོ་ལ་ངས་ཚིག་ངན་ཞིག་སྨྲས་ཏེ་ངེད་གཉིས་བར་ཁ་འཛིང་ཏོག་ཙམ་བྱུང་བ་ཨ་ཕས་ཐོས་འཕྲལ་ཁོས་ངེད་གཉིས་ལ་གཅར་རྡུང་དྲག་པོ་བྱས་པ་མ་ཟད། ད་དུང་སོང་ནས་ངེད་ཚང་གི་ཁྱིམ་ན་སྟེང་དུ་སུ་ཞིག་སྡོད་ཐུབ་ན་གཞན་ལས་སྐྱིད་སྣང་འཆར་བའི། ནམ་རྒྱུན་ངེད་སྤུན་གསུམ་གྱིས་འཕྲོག་རྩོད་རྒྱག་དགོས་པའི་ལྕགས་ཀྱི་ཅོག་ཙེ་ཆུང་ཆུང་གཅིག་ཡོད་པ་དེ་ཁྱེར་འོངས་པ་དང་། ཅོག་ཙེའི་ཟུར་གྱིས་ཕུ་བོའི་རྩིབས་བར་དུ་ཤེད་ཀྱི་བརྡེགས་པས་རྒྱག་ཐེངས་གཅིག་གིས་ཕུ་བོ་ས་རུ་བསྒྱེལ་ཞིང་། ཁོའི་རྒྱབ་ཀྱི་བྱ་སྤུའི་སྟོད་ལྭ་དེ་ཡང་གཤགས་ནས་བྱ་སྤུ་དག་ཀྱང་བར་སྣང་དུ་སྤུར། ཨ་ཕས་སླར་ཡང་ཅོག་ཙེ་དེས་ངའི་ཕྲག་གཞུང་དུ་ཐེངས་གཅིག་གཞུས་པས་ང་ཡང་དེ་མ་ཐག་ས་རུ་བསྒྱེལ། ངས་ཚི་ལེན་སྐྱ་བོ་ཞིག་ལས་གཞན་གྱོན་མེད་སྟབས་རེ་ཞིག་དབུགས་ཀྱང་ལེན་དཀའ་བར་གྱུར་པའི་མོད་ལ། ཨ་མ་བརྒྱུགས་ཡོང་ནས་ཨ་ཕ་ལ་སྡིགས་ཞོར་ངག་ནས “ཨ་ཧ་བོ། རྒྱལ་བསྟན། ཁྱོད་ཀྱིས་བུ་ཆུང་གཉིས་འདི་ལྟར་གཅར་སྲོལ་ཡོད་དམ” ཟེར་བཞིན་ཨ་ཕའི་ལག་གི་ཅོག་ཙེ་ཤེད་ཀྱིས་བླངས་མཐར། “ ད་ཆོག་གི་ཆོག་གི ” ཟེར་ཡང་ཨ་ཕས་ད་དུང་ཁྲོ་བའི་ངང་ ”བསྟན་བཤིག་འདི་གཉིས། ཡར་མ་ཆེ་གོང་ནས་འཛིང་རེས་བྱེད་སྲོལ་ཞིག ”ཟེར་བ་དང་། ལྷག་ཏུ་ངའི་ཕྱོགས་སུ་སྡང་མིག་ཅིག་བགྲད་པ་དང་“ཁྱོད་ནུ་བོ་རེད། ཕུ་བོ་ལ་ཡ་ལན་རྫོགས་ཏེ། དེ་རིང་ངས་ཁྱོད་གཉིས་མ་གཅར་ན་ང་ཕ་མིན་པས་རྟགས་ཡིན། ” དེ་ལྟར་སྨྲས་རྗེས་གང་ཞིག་ཏུ་གློག་འཁྱུག་པ་ལྟར་བརྒྱུགས་སོང་། ཡུན་ཙམ་འགོར་བ་ན་ཨ་ཕས་དབྱུག་པ་འདོམ་གང་དྲུད་ནས་ངེད་གཉིས་ཕྱོགས་སུ་བརྒྱུགས་འོངས་པར་ཨ་མས་ཀྱང་ཁོ་བཀག་ཐབས་མ་བྱུང་། སྐབས་དེར་ངའི་བསམ་པ་ལ། “ འོ། ད་ཐེངས་ཨ་ཕས་ཏག་ཏག་ཕུ་བོ་ངེད་གཉིས་གཅར་རྒྱུ་རེད། ཚང་མ་ང་ལན། ངས་ཕུ་བོ་ལ་ཡ་ལན་བརྫོགས་པས་ལན། ” དེ་ཙམ་ལས་བསམ་དབང་དྲན་དབང་མ་བྱུང་བར་ཨ་ཕ་ངེད་གཉིས་གམ་དུ་ཐོན། ཨ་ཕའི་གདོང་ནས་ཁྲོ་བ་སྤྲིན་ནག་ལྟར་འཁྲིགས་ཤིང་ཐོག་ལྟར་མྱུར་བའི་དབྱུག་པ་ཀླད་ལ་གདེངས་ནས་ངའི་སྟེང་དུ་འབབ་ཡོང་སྐབས། ལས་དྲང་བས་གློ་བུར་དུ་ཨ་ཕྱི་གང་ཞིག་ནས་ཐོན་བྱུང་བས་ཨ་ཕས་གཅར་མཚམས་བཞག་བྱུང་།
ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་སྐབས་དེར་ཏག་ཏག་ཨ་ཕས་ཕུ་བོ་ངེད་གཉིས་ཀྱི་རྐང་ལག་གཅོག་རྒྱུ་ཡིན་ཟེར་བ་བདེན་པ་མིན་མོད། བྱིས་པ་ཐབས་ཀྱིས་འདུལ་ཟེར་བ་བཞིན། འཇིགས་སྐུལ་ཐེངས་གཅིག་བྱས་པས་སྐབས་དེ་ནས་བཟུང་ད་བར་དུ་ངས་ཕུ་བོ་ལ་ཡ་ལན་བཙན་པོ་ཚིག་གཅིག་ཀྱང་སྤྲད་མ་མྱོང་། །