གོང་གི་གཏམ་དག་ལས་འགའ་ཞིག་ནི་ན་ནིང་གི་དགུན་མགོ་མའི་དུས་སུ་གྲོགས་མོ་ལྷ་སྐྱིད་ལ་བཤད་པ་ཡིན་ལ། ཡང་འགའ་ཞིག་བསྟན་འཛིན་ཁོ་རང་ལ་བཤད་པ་སྟེ། གསལ་པོར་བྱས་ན་ཁྱོ་ཀའི་སྐོར་ནི་བསྟན་འཛིན་ལ་བཤད་པ་ཡིན་ལ། བསྟན་འཛིན་གྱི་སྐོར་ནི་ལྷ་སྐྱིད་ལ་བཤད་པ་ཡིན། ཕྱེད་བདེན་ཕྱེད་རྫུན་གྱི་གཏམ་དེས་དོན་འགའ་ཞིག་ཁ་གསལ་པོ་ཡོང་མེད་པས། མུ་མཐུད་དུ་གཤམ་གྱི་གཏམ་དག་ལ་གསན་རོགས།
སྐབས་དེར་ལྷ་སྐྱིད་ཁྱོ་ཤུག་གཉིས་ངེད་ཚང་ཡོད་སའི་གྲོང་ཁྱེར་དུ་ཁོང་ཚང་གི་བུ་མོར་སྐོར་རྒྱག་ཏུ་ཡོང་ཞིང་། མོའི་ཁྱོ་ཀ་སྐྱེས་པ་གཞན་འགའ་དང་མཉམ་དུ“མཚན་མོའི་འཚོ་བ”རོལ་བར་སོང་རྗེས་ངེད་གཉིས་གཅིག་པུ་ང་ཚོའི་གྲོང་ཁྱེར་དུ་གྲགས་ཆེ་བའི“པདྨའི་ཚལ་ལུས་ཁྲུས་ལྟེ་བ”རུ་སོང་། ངེད་གཉིས་ཀྱིས་རྒྱུན་ལྡན་བཞིན་ཁྲུས་བྱས་ཤིང་། མཉེན་འཕུར་བྱེད་བཅུག་པ་དང་། དེ་ནས་རང་འདེམ་དགོང་ཟས་ཟོས་རྗེས་ལོབས་ཕྱོགས་ལྟར་ཁང་མིག་ཆུང་ངུ་ཞིག་གླས་ཏེ་ཁ་བརྡའི་བྱེད་མགོ་བརྩམས།
“དེང་འདིར་ཁོ་ཅི་འདྲ་རེད་འདུག ཁོ་དང་དབྱངས་ཅན་གཉིས་ཀྱིས་འབྲེལ་བ་བྱེད་ཀྱི་འདུག་གམ” ལྷ་སྐྱིད་ཀྱིས་ཟེར་བའི་ཁོ་ནི་ངའི་ཁྱོ་ཀ་ཡིན་ལ། དབྱངས་ཅན་ཟེར་བ་ནི་བུད་མེད་གཞན་ཞིག་ཡིན།
འོན་ཀྱང་མཚན་མོ་དེར་ངས་ཁྱོ་ཀ་དང་དབྱངས་ཅན་གྱི་སྐོར་ཉུང་ངུ་ཞིག་ལས་མ་བརྗོད་པར་བསྟན་འཛིན་གྱི་སྐོར་བཤད་རྐྱང་བྱས། ལོ་ངོ་མང་པོའི་སྔོན་གྱི་ཆུང་གྲོགས་ཤིག་རང་ལ་ཆེས་སྙིང་ཉེ་བའི་མིར་སྒྲོ་བཏགས་ཏེ་བཤད་དོན་ནི། ངས་ལྷ་སྐྱིད་ཀྱི་མདུན་ནས་རང་ཉིད་ནི་བརྩེ་སེམས་ལ་དང་དོད་ཆེ་བའི་མི་ཞིག་ཏུ་བསྒྲུབ་ཕྱིར་ཡིན་ནམ། ཡང་ན་གཞན་ལ་བཤད་དུ་མི་རུང་བའི་ཁྱིམ་གྱི་གསང་བ་དག་འགེབས་སྲུང་བྱ་ཕྱིར་ཡིན། གང་ལྟར་ངས་བརྩེ་སེམས་ཀྱི་འོབས་དོང་དུ་ལྷུང་སྟེ་སྐྱོབ་ཐབས་མེད་པར་གྱུར་པའི་གཞོན་ནུ་མ་ཞིག་དང་འདྲ་བར་མོར་བསྟན་འཛིན་གྱི་སྐོར་བཤད་དུས། མོའི་གདོང་ནས་མཚར་སྣང་དང་དགའ་སྣང་ཅིག་གཉིས་འདྲེས་ཀྱི་ཉམས་ཤིག་བྱུང་ཞིང་དངོས་གནས་སེམས་འགུལ་ཐེབས་བྱུང་བ་འདྲ་སྟེ། ཡང་ནས་ཡང་དུ་ཤུགས་རིང་འབྱིན་བཞིན“ཁྱོད་སྔོན་ནས་བསྟན་འཛིན་དང་གཉེན་བསྒྲིག་ཡོད་ན་ཅི་མ་རུང”ཟེར།
ཡིན་ནའང་རི་བོའི་གསེང་གི་མེ་མུར་དང་འདྲ་བའི་དོན་མང་པོ་ཞིག་ང་རང་གི་སེམས་ན་ལྷོག་ལྷོག་ཏུ་གདུ་བ་མ་གཏོགས་ལྷ་སྐྱིད་ཀྱིས་མི་ཤེས་ལ་བསྟན་འཛིན་གྱིས་ནི་ག་ལ་ཤེས།
ངས་རང་ཉིད་ལྷད་མེད་པའི་བརྩེ་དུང་ཞིག་གི་བདག་པོ་ཡིན་ཚུལ་ལབ་པས་ལྷ་སྐྱིད་ཀྱིས་ང་ལ་ཡིད་སྨོན་བྱས་ཡོད་ཀྱང་སྲིད་མོད། དོན་དུ་དེ་འདྲ་ཞིག་ལ་རེ་བ་འཆང་མཁན་ནི་ང་རང་ཉིད་ལས་གཞན་སུ་ཡང་མིན་ཏེ། དྲང་མོར་བཤད་ན། ངས་འཇིག་རྟེན་འདི་ནས་ཕོ་མོའི་བར་གྱི་འདོད་པའི་བདེ་བ་ཙམ་ལས་བརྩེ་དུང་གི་བྲོ་བ་ངོ་མ་དེ་མྱངས་ཐུབ་མི་འདུག
ན་ནིང་དབྱར་ཀར། བུ་མོའི་ཆུང་བའི་གུང་གསེང་གི་དུས་དང་བསྟུན་ཏེ། ངེད་གཉིས་ཞི་ཧྲང་པན་ན་ལ་ཁམས་སང་དུ་སོང་ཞིང་། ལམ་བར་ནས་ངས་མི་ཚེའི་ལམ་འཕྲང་འདི་རུ་སླར་ཡང་བསྟན་འཛིན་དང་སྟེས་དབང་གིས་འཕྲད་དོན་ཅི་ཡིན་ནམ་སྙམ་པ་དང་། ཕན་ཚུན་གྱི་འབྲེལ་བ་རྙོག་འཛིང་མིན་པའི་མི་ཞིག་སླར་ཡང་ང་རང་གི་འཇིག་རྟེན་དུ་སླེབ་པར་སྤྲོ་དགའ་ཟད་མི་ཤེས་པ་སྐྱེས། ལམ་བར་ནས་ངས་ཇ་ཕུ་ཨེར་སྤུས་ལེགས་ཤིག་ཉོས་ཤིང་། དེའི་ནང་ཐུམ་གྱིན་ངོས་སུ“ངེད་གཉིས་བརྩེ་བ་མི་འགྱུར་རྟག་བརྟན་ཤོག”ཅེས་བྲིས་ཏེ་བསྟན་འཛིན་ལ་བསྐུར།
ལེགས་སྐྱེས་དེ་འབྱོར་རྗེས་བསྟན་འཛིན་གྱིས་ང་ལ་ཁ་པར་བཏང་ཡོང་། ངས་ཁོ་ལ“སྐྱེ་བ་རྗེས་མར་འུ་གཉིས་ཀྱིས་ཁྱིམ་གཅིག་ནས་མཉམ་དུ་འཚོ་བ་རོལ་ཐུབ་པར་སྨོན། ཡིན་ཡང་སྐྱེ་བ་ད་ཐེངས་ཁྱོད་ཀྱིས་ངས་བཤད་པ་བཞིན་བྱ་དགོས། ངས་ཁྱོད་ལ་འབྲེལ་བ་མ་བྱས་ཚེ་ཁྱོད་ཀྱིས་ང་བཙལ་མི་རུང”ཞེས་སྨྲས། བསྟན་འཛིན་གྱི་ངག་ལ་འདར་ཆ་བབས་འདུག་ལ། ཁོས་ངའི་ངག་ལ་ཉན་ཆོག དེ་ནི་ང་ལ་ཚད་མེད་པ་ཞིག་དགའ་བས་ཡིན་ཟེར།
སྐབས་འདིར་བསྟན་འཛིན་གྱིས་ང་ལ་དགའ་ཟེར་བ་ནི་བདེན་རྫུན་གང་ཡིན་མི་ཤེས་མོད། ངས་ཁོ་ལ་བཤད་པ་མཐའ་དག་ནི་རྫུན་ཡིན་ཟེར་ཆོག་སྟེ། གསལ་པོར་བཤད་ན་ངས་ད་ལྟའི་བར་དུ་རྫུན་ཞེས་པའི་ཁ་གཏད་ཀྱི་བདེན་ཞེས་པ་དེ་རྙེད་མ་བྱུང་། དཔེར་ན་བསྟན་འཛིན་དང་ངེད་གཉིས་གཞོན་དུས་སུ་འཆམ་འཆམ་ལ་འགྲོ་སའི་མཚེའུ་དེ་སྐམ་ནས་གཏན་དུ་མེད་པར་གྱུར་པ་བཞིན་སྔོན་ཆད་བདེན་པ་ཡིན་ཟེར་བ་མང་པོ་ཞིག་ཕྱིས་སུ་རྫུན་པར་གྱུར་འདུག ཡིན་ཡང་བསྟན་འཛིན་གྱིས་ང་ལ་ཡིད་ཆེས་ཆེན་པོ་བྱས་པ་དེས་ངའི་སེམས་ནང་ལ་ཚོར་བ་གཞན་ཞིག་སྟེར་བྱུང་ལ། ཚོར་བ་དེས་ཐུན་གཅིག་གི་རྨི་ལམ་སྐྱིད་པོ་ཞིག་དང་འདྲ་བར་ངའི་སེམས་ལ་སྐྱིད་སྣང་ཞིག་ཀྱང་སྟེར་བྱུང་བ་སྨོས་ཅི་དགོས།
གཤམ་དུ་ངས་བསྟན་འཛིན་དང་ལྷ་སྐྱིད་གཉིས་ལ་མ་བཤད་པའི་དོན་སྐོར་ཞིག་ཀློག་མཁན་ཁྱེད་ཅག་ལ་ཞུ་རྒྱུ་ཡིན་ལ། དེའི་རྗེས་སུ་བསྟན་འཛིན་ལ་ཁ་པར་ཞིག་ཀྱང་གཏང་རྒྱུ་ཡིན། སྐབས་དེར་ཁྱེད་ཚོས་ངའི་ལག་ནས་ཁ་པར་ཕྲོགས་ཏེ་དངོས་སུ་འབྱུང་བཞིན་པའི་དོན་རྣམས་ཁོ་ལ་བཤད་རྩིས་བྱ་མོད། འོན་ཀྱང་དེ་དུས་ཡོད་ཚད་འཕྱིས་ཟིན་ནོ། །
བསྟན་འཛིན་དང་ངེད་གཉིས་དམའ་འབྲིང་གི་སློབ་གྲོགས་ཡིན་པ་བདེན་ལ་ཁོའི་སྒྲོག་ཙེ་ནི་ཏག་ཏག་ངའི་ལྟག་རྒྱབ་ན་ཡོད་པས་ངེད་གཉིས་ལ་ཁ་བརྡ་བྱེད་པའི་གོ་སྐབས་མང་ཞིང་གུང་གསེང་གི་དུས་སུ་མཉམ་དུ་རྩེ་རུ་སོང་བ་ཡིན། ངེད་གཉིས་ཀྱིས་སོ་སོའི་ལྕགས་རྟར་ཞོན་ཏེ་རྫོང་མཁར་ལ་སྐོར་བ་བརྒྱབ་ནའང་མགོ་བོ་ཕན་ཚུན་ལ་གཏུག་པ་དང་། ལག་པ་འཇུ་རེས་ཙམ་ཡང་བྱས་མ་མྱོང་ལ། ངས་ཁོ་ལ་དགའ་བའི་རྣམ་འགྱུར་སྟོན་པའི་ཚིག་ཙམ་ངག་ནས་ཕྱུང་དུས་ཁོས་གླེང་གཞི་གཞན་དུ་བསྒྱུར་འགྲོ མི་ལོ་མང་པོའི་རྗེས་ནས་དོན་དེའི་སྐོར་དྲན་དུས། ངས་ངེད་གཉིས་ཀྱི་འབྲེལ་བ་ནི་རྩེད་གྲོགས་ཙམ་ལས་ཅི་ཡང་མིན་ལ། ཁོས་སྤྱང་མདོག་དྲང་མདོག་གི་རྣམ་འགྱུར་འཁྱག་པ་དེས་ང་རང་ཁོའི་ས་ནས་སྒོར་སྤྱུགས་པ་མིན་ནམ་ཅི་ཡིན་སྙམ། ང་རང་གླུ་གར་ཚོགས་པའི་ནང་ཞུགས་རྗེས་བསྟན་འཛིན་ངེད་གཉིས་ཀྱིས་གུང་གསེང་སྐབས་སྔར་བཞིན་དུས་བཏབ་ནའང་ཁོས་མི་གཞན་གྱི་ར་སྐོར་སྟོང་པ་རེའམ་ཡང་ན་གྲོང་མཐའི་ཁང་ཆག་རེའི་ནང་ང་རང་ཁྲིད་དེ་ཕུགས་བསམ་དང་བདེན་དོན་སོགས་ཀྱི་སྐོར་ནས་ཁ་བརྡ་བྱེད་པ་དང་། ང་ལ་སྤྱོད་ལམ་བཟང་པོ་བསྐྱང་དགོས་པའི་ཁ་ཏ་སློབ་གསོ་གཏོང་རྐྱང་བྱེད་པས། ཁོ་རང་མཐར་ཕྱིན་ལ་ཉེ་བའི་དུས་དེར་ཁོས་ང་བོས་ཀྱང་ང་ནི་དོན་གཞན་ཡོད་པར་བསྙད་དེ་ཁོ་ལ་བཀྱེད་པ་ཡིན། སྐབས་དེར་ང་ཚོའི་འགན་ཁུར་ནི་ཧ་ཅང་ལྕི་སྟེ། ཞོགས་པ་སྔ་མོར་ལངས་ཏེ་ལུས་སྦྱོང་བྱ་དགོས་པ་དང་། སྔ་དྲོའི་དུས་སུ་ཞབས་བྲོའི་གཞི་རྩའི་ནུས་རྩལ་སྦྱང་དགོས་ཤིང་དགོང་མོ་བོད་བྲོ་སྦྱང་དགོས། དེའི་ཁར་མཚན་མོའི་དུས་སུ་ཡི་གེའང་སྦྱང་དགོས། དེ་འདྲའི་གནས་ཚུལ་འོག ང་ནི་ལུས་སེམས་གཉིས་ཀྱིས་མི་ལྕོགས་པར་གྱུར་ཏེ་ལས་ཁུངས་དེ་ནས་སྒོར་འབུད་རྒྱུ་བྱུང་ན་ཅི་མ་རུང་སྙམ་ཞིང་ལན་མང་པོར་གཅིག་པུར་ངུས་པ་ཡིན། ཉིན་ཞིག་ང་དང་ཕ་ཡུལ་གཅིག་པའི་མགོན་པོས་ང་རང་ངུ་བཞིན་པ་མཐོང་བས་ཁོས་ང་སར་བཅར་ཏེ་སེམས་གསོ་བྱས་པ་དང་། ཁོ་རང་གི་ལག་ཏུ་སྦྲང་གོར་ཤོག་ཐུམ་གཅིག་ཡོད་པ་དེའི་ཕྱེད་ཀ་ང་ལ་སྟེར། ལོ་དེའི་དགུན་ཁར་ང་ལ་ཆམ་ནད་དྲག་པོ་ཞིག་བྱུང་སྟེ། མིད་པ་ན་བ་དང་། ལུ་མཚམས་མི་འཇོག་པ། མགོ་བོ་ན་བ། ལུས་ལ་ཚ་བ་རྒྱས་པ་སོགས་མི་བདེ་བ་སྣ་ཚོགས་བྱུང་བས་ཞབས་བྲོ་སྦྱོང་མཚམས་བཞག་ནས་ཉིན་གཉིས་གསུམ་རིང་ཉལ་ཁང་དུ་གཅིག་པུར་ཉལ་ཏེ་མི་སྡོད་ཀ་མེད་བྱུང་། ཉིན་ཞིག་མགོན་པོས་ཆམ་སྨན་སྣ་ཚོགས་དང་། ཚ་ལུ་མ། ད་དུང་ཁོའི་ཨ་མས་བཟོས་པ་ཡིན་ཟེར་བའི་ཤ་མོག་སོགས་ང་སར་བསྐྱལ་ཡོང་སྟེ་ཤ་ཚ་བའི་གཏམ་སྣ་ཚོགས་བཤད་སོང་། དེ་ནས་ཉིན་འགའ་འགོར་ཏེ་མཚན་ཚོགས་གྲོལ་སྒང་ལ། མགོན་པོས་ང་རང་སྒོར་བོས་ཏེ་མཚན་ཁྲོམ་ལ་ཤ་སྲེག་བཟའ་བར་འགྲོ་ཟེར། ཤ་སྲེག་ཟོས་རྗེས་ངེད་གཉིས་གློག་རྡུལ་རྩེད་མོ་ཁང་དུ་སོང་ནས་རྩེད་མོ་བརྩེས། དེ་རྗེས་ཁོས་ང་རང་ར་སྐོར་ཆེན་པོ་ཞིག་ཏུ་ཡོད་པའི་ཁང་ཆུང་ཞིག་ཏུ་ཁྲིད་ཅིང་། ཁང་ཆུང་དེ་ནི་ཁོ་རང་གི་ཡིན་ལ། དེའི་ཀླད་ཀྱི་ཁང་པ་ཆེན་པོ་དེ་ནི་ཁོའི་ཨ་མའི་ཁང་པ་ཡིན། འོན་ཀྱང་ཨ་མ་དེ་རིང་ཡུལ་ན་མེད་པས་དེ་དགོང་ར་སྐོར་དེའི་བདག་པོ་ནི་ཁོ་ཡིན་ཟེར། ཁང་ཆུང་དེའི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་གླུ་པ་གླུ་མ་གྲགས་ཅན་དག་གི་འདྲ་པར་སྦྱར་འདུག་ལ་སྒྲ་ཕབ་འཕྲུལ་འཁོར་ཞིག་ཀྱང་འདུག་པས་ཁོས་ང་ལ་སྐབས་དེར་དར་སོ་ཆེ་བའི་ཧང་ཀང་གི་གླུ་གཞས་འགའ་ལ་ཉན་དུ་བཅུག དེ་མུར་ཁོས་ལྕགས་ཐབ་ཏུ་མེ་བཞག་ཅིང་ཁང་ཆུང་ཧྲིལ་པོ་དྲོད་ཀྱིས་གང་སྒང་ལ། མལ་ཁྲིའི་འོག་ནས་སྦི་རག་ཤེལ་དམ་འགའ་བླངས་ཡོང་སྟེ་གཅིག་གི་ཁ་ཕྱེ་ནས་ཁོ་རང་གིས་བཏུང་བ་དང་གཅིག་ངའི་ཕྱོགས་སུ་གཏད།
“སྐྱིད་པོ་རང་གིས་མ་བྱས་ན། །སྡུག་པོ་གཞན་གྱིས་བཏང་ཡོང་ངོ་། །མཚོ་སྐྱིད། དེ་རིང་འུ་གཉིས་ཀས་སྐྱིད་པོ་བྱ”ཟེར། ངས་དེ་སྔ་ཨ་རག་བཏུང་མྱོང་བ་ལྟ་ཅི། ཆང་གི་དྲི་མ་ལའང་ཡག་པོ་ཞིག་བསྣམས་མྱོང་མེད། འོན་ཏེ་ཉིན་དེར་དངོས་གནས་སྣང་བ་ཡན་དྲགས་པས་ཁོའི་འདོད་པ་བཞིན་སྦི་རག་བཏུང་བ་དང་སྒྲ་ཕབ་ནང་གི་གླུ་སྐད་དང་འགྲོགས་ཏེ་གཞས་ཀྱང་བཏང་། མཚམས་ཤིག་ལ་མགོན་པོ་ལྟག་རྒྱབ་ནས་ངའི་སྐེད་པར་འཐམས་པ་དང་། ཁོས་བསམ་དབང་དྲན་དབང་མེད་པར་ང་རང་པང་དུ་བླངས་བྱུང་ལ། མཚན་མོ་དེར་ང་རང་ཕྱུག་ཕྱུང་མ་ཞིག་ནས་གྲོང་པའི་ཆོས་ཀྱིས་གོས་པའི་གཞོན་ནུ་མ་ཞིག་ཏུ་གྱུར་སོང་། དེ་ལྟར་ང་རང་ཕལ་ཆེར་བདུན་ཕྲག་རེའི་ནང་ཐེངས་རེ་གཉིས་ལ་ཁོའི་གམ་དུ་སོང་ནས་བསྡད་པ་ཡིན། དགུན་སྨད་ལ་ཉེ་བའི་དུས་སུ། ང་ལ་ཚོར་བ་མི་བདེ་བ་སྣ་ཚོགས་བྱུང་སྟེ་སྨན་པ་བསྟེན་དུ་སོང་བས། སྨན་པས་ངའི་ལུས་ལ་མངལ་འཁོར་འདུག་ཚུལ་བཤད། ངས་ཅི་བྱེད་ཆ་མི་འཚལ་བ་དང་། ཞེད་སྣང་ཆེན་པོས་དོན་དེ་མགོན་པོར་བཤད་པ་ན། ཁོས་ཅིས་ཀྱང་ཐབས་ཤེས་ལ་བརྟེན་ཏེ་ཕྲུ་གུའི་སྲིད་བཤིག་དགོས་ཟེར། ངས་དེ་ལ་མོས་མཐུན་མ་བྱས་པས་ངེད་གཉིས་བར་དུ་ཚིག་རྩོད་དྲག་པོ་ཤོར་ཅིང་། ངས་ཁོའི་ཁ་ལ་མི་ཉན་པ་རྒྱུ་མཚན་དུ་བྱས་ནས་དེ་འདྲ་ཡིན་ན་འུ་གཉིས་སོ་སོར་འབྲལ་ཟེར། ད་ལྟ་བསམ་ན་ང་རང་མགོན་པོའི་གམ་དུ་བཅར་དོན་ནི་ང་ལ་ཁོའི་རོགས་པ་མཁོ་བས་ཡིན་ཅིང་ཁོའང་གཞོན་པའི་སྣང་བ་ཙམ་གྱི་ཕྱིར་དུས་ཚོད་ཐུང་ངུའི་ནང་ང་ལ་འགྲོགས་པ་ཙམ་མོ། །
དེའི་སྔོན་དུ་ངའི་ད་ལྟའི་ཁྱོ་ཀ་རྣམ་རྒྱལ་ནི་ངའི་ལས་གྲོགས་ནོར་བུར་འགྲོགས་ཏེ་རྟག་པར་ངེད་ཚོའི་ལས་ཁུངས་སུ་ཡོང་གིན་འདུག་ཅིང་ངེད་གཉིས་ཀྱིས་ཀྱང་སོ་སོར་ཁ་གྲག་མྱོང་ཡོད། གྲང་ངར་ཧ་ཅང་ཆེ་བའི་མཚན་མོ་ཞིག་ལ། ནོར་བུས་ངའི་ཉལ་ཁང་དུ་ཡོང་སྟེ་སྒོའི་ཕྱི་ན་རྣམ་རྒྱལ་གྱིས་ཁྱོད་ལ་འབོད་བཞིན་འདུག་པས་དོན་ཞིག་ཡོད་པ་འདྲ་ཟེར། ང་སྒོར་སོང་བ་ན་དེ་གར་སང་ཐཱ་ན་རྟགས་ཅན་གྱི་མོ་ཊ་ཞིག་ཡོད་ཅིང་ང་མཐོང་མ་ཐག་རྣམ་རྒྱལ་དེའི་ནང་ནས་བབས་བྱུང་།
“མོ་ཊའི་ནང་དུ་བུད་དང་བཤད།” དེ་ཟེར་བཞིན་ཁོས་མོ་ཊའི་སྒོ་ཕྱེ་བྱུང་ལ། ང་རང་གྲང་ཤུར་ཤུར་གྱི་རླུང་བུ་ལྡོམ་པོ་ཞིག་དང་མཉམ་དུ་དེའི་ནང་དུ་བུད།
“དོན་མང་པོ་ཞིག་བཤད་རྒྱུ་མེད། ཁྱོད་དང་མགོན་པོ་གཉིས་མ་འགྲིག་པ་རེད་ཟེར། ངའི་སེམས་སྔོན་ནས་ཁྱོད་ཀྱི་ཕྱོགས་ལ་ཤོར་ཡོད་ཀྱང་མགོན་པོ་ཁྱོད་གཉིས་འགྲོགས་ཡོད་པས་ང་ལ་གོ་སྐབས་མ་བྱུང་། འུ་གཉིས་དགའ་རོགས་བསྒྲིག་ཟེར་བ་མིན། ངས་ཁྱོད་ཐད་ཀར་ཆུང་མར་བསུ་ཆོག དཀར་པོ་དགེ་བ། གལ་ཏེ་ཁྱོད་འཐད་པ་ཡིན་ན་ངས་ཨ་ཕར་བཤད་དེ་ཁྱོད་གླུ་གར་ཚོགས་པ་ལས་གཞན་པའི་ལས་ཁུངས་སྐྱིད་པོ་ཞིག་ཏུ་གཞག་ཆོག”ཟེར།
ངས་གཅིག་ནས་མགོན་པོར་ཡ་ལན་སྤྲད་འདོད་པ་དང་། གཉིས་ནས་ཁོག་གི་ཕྲུ་གུ་བདག་མེད་དེར་བདག་པོ་ཞིག་བཙལ་འདོད་པས། “མགོན་པོ་དང་ངེད་གཉིས་སོ་སོར་བྲལ་བ་བདེན། ཡིན་ཡང་ངའི་ཁོག་ན་མགོན་པོའི་ཕྲུ་གུ་ཡོད། གལ་སྲིད་ཁྱོད་ཀྱིས་ཕྲུ་གུའི་ཨ་ཕ་བྱ་ཐུབ་ན་ལོ་སར་གྱི་རྗེས་སུ་ཁྱོད་ང་བསུ་རུ་ཤོག”ཅེས་སྨྲས་པ་དང་། དེ་མུར་མོ་ཊ་ལས་བབས་ཏེ་ཕྱིར་ཉལ་ཁང་དུ་ཡོང་། མཚན་མོ་དེར་ཡར་མར་གྱི་དོན་སྣ་ཚོགས་དྲན་ཏེ་ང་རང་གཉིད་གཏན་ནས་མ་ཁུག
བསམ་ཡུལ་ལས་འདས་པ་ཞིག་ལ། ལོ་སར་གྱི་རྗེས་སུ། རྣམ་རྒྱལ་ཏག་ཏག་ང་བསུ་བར་སླེབས་བྱུང་། ཁོ་ལ་དེ་དུས་ནས་ཁང་མིག་བརྒྱད་ཅན་གྱི་གཞིས་ཁང་ཆེན་པོ་ཞིག་ཡོད་ལ། ཁོའི་ཕུ་བོ་ཆེ་བ་ནི་ང་ཚོའི་ཁུལ་ཐོག་གི་མགོ་ཁྲིད་ཅིག་ཡིན། ང་ཁོའི་ནང་དུ་བསུས་ཏེ་རིང་པོ་མ་ལོན་པར་ཁོས་གོང་རིམ་གྱི་འབྲེལ་བར་བརྟེན་ནས་ངའི་ལས་གནས་བསྒྱུར་བ་དང་། ལས་ཁུངས་སུ་འགྲོ་མི་དགོས་པར་ཟླ་ཕོགས་ལེན་ཆོག་པ་ཞིག་བྱས་བྱུང་། དེ་ནས་བརྩམས་ཏེ་ད་ལྟའི་བར་གྱི་ལོ་ངོ་ཉེར་བདུན་རིང་། ངས་ཁྱིམ་འཛིན་མའི་ལས་ཀ་དེ་གཅིག་པུ་བསྒྲུབས་པ་ཡིན་ལ། ཁྱིམ་ཚང་ནི་ངའི་དོན་དངོས་ཀྱི་ལས་ཁུངས་ཉིད་དུ་གྱུར་སོང་།
ཁོ་དང་གཉེན་བསྒྲིགས་པའི་ཟླ་མགོ་མ་དག་གི་ནང་དུ། ངེད་གཉིས་ཧ་ཅང་མཐུན་པོ་བྱུང་ལ། ཉི་མ་རེ་རེ་ནི་ཟས་ཞིམ་པོ་ཟ་བ་དང་། རྩེད་དགོད་ལ་གཡེང་བ། དགོན་པར་མཇལ་སྐོར་དུ་འགྲོ་བ་སོགས་ཀྱིས་བསྐྱལ་ཅིང་ངའི་གྲོད་པ་ལྒང་བུ་ལྟར་གྱུར་པའི་སྐབས་ཤིག་ལ་ངེད་གཉིས་ཀྱི་བར་དུ་ཚིག་རྩོད་ཅིག་ཤོར་ཅིང་། ཁོས་ངའི་ཁོག་སྨད་དུ་རྡོག་པས་གཞུས་པས་ཅུང་ཙམ་མིན་ན་ངའི་མངལ་ཤོར་བར་གྱུར། མིང་ལ་སྒྲོན་ནེ་ཟེར་བའི་གཡོག་མོ་ལོ་ཆུང་ཞིག་ཡོད་པ་དེ་ཚུལ་དེ་མཐོང་ནས་སྒོའི་ཕྱིར་བྲོས་ཤིང་དེ་ནས་བཟུང་ཕྱིར་མ་ཡོང་། དེ་ནས་ང་ལ་མགོན་པོའི་བུ་མོ་མཁའ་འགྲོ་བཙས་པ་དང་། ལོ་གཉིས་པའི་ལོ་མཇུག་ལ་ཁོའི་བུ་ཆུང་རྡོ་རྗེ་བཙས། སྐབས་དེར་ཁོ་ཟླ་གསུམ་ཙམ་ལ་ཁྱིམ་ནས་བསྡད་རྗེས་འཆར་ཅན་གྱིས་ཕྱི་ལ་ཚོང་རྒྱག་ཏུ་འགྲོ་ཞིང་སྐབས་འགར་ཟླ་ངོ་ལྔ་དྲུག་ཙམ་ལའང་ཕྱིར་མི་ཡོང་། ཁོའི་དངུལ་ཁུག་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་པ་དང་། སྔར་གྱི་གཞིས་ཁང་དེ་གཞན་ལ་བཙོངས་ནས་ཁང་པ་ཐོག་བརྩེགས་གསུམ་ཡོད་པ་ཞིག་བརྩིགས། ཐོ་ཡོ་ཐཱ་མོ་ཊ་ཆེན་པོ་ཞིག་ཀྱང་ཉོས། ཁོའི་གྲོགས་པོ་ཇེ་མང་དུ་ཕྱིན་པ་དང་། ངེད་ཚང་གི་མགྲོན་པོའང་ཇེ་མང་དུ་སོང་། དེ་ལྟར་ངའི་ལས་ཚེགས་ཀྱང་ཇེ་ལྗི་ནས་ཇེ་ལྗིར་གྱུར།
དེའི་རྗེས་ཀྱི་ལོ་ངོ་གཉིས་གསུམ་རིང་ལ། ཁོས་ང་ལ་འཛིན་པའི་རྣམ་འགྱུར་ཡང་སྔར་ལས་ལྡབ་འགྱུར་གྱིས་གྲང་བར་གྱུར་པ་དང་། ང་ལ་མཁོ་དངོས་སོགས་ཅི་ཡང་མི་ཉོ། བུ་མོ་མཁའ་འགྲོ་མཐོང་དུས་སྡང་སྡིགས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན། ཁོ་མེད་དུས་སུའང་ཁོའི་མིང་སྲིང་རྣམས་རྟག་ཏུ་ང་སར་མགྲོན་པོར་ཡོང་བས་ངས་རང་གི་ཟླ་ཕོགས་ཀྱིས་ཁོ་ཚོར་སྣེ་ལེན་ཞབས་ཞུ་གང་ལེགས་བྱས། སྐབས་ཤིག་ནས་ངའི་རྣ་བར་ཁོ་ལ་ཕྱི་ན་དགའ་རོགས་ཤིག་ཡོད་པའི་གཏམ་དེ་ལྷུང་ཞིང་། ངས་ཁོ་ལ་དེའི་སྐོར་དྲིས་པས། ཁོས་ང་ལ་ཕྲུ་གུ་གཉིས་ཀྱི་མཐོང་ས་ནས་གཅར་རྡུང་ཚད་མེད་པ་བཏང་སྟེ་ངའི་ལུས་ཀྱི་རྩིབས་མ་གཅིག་བཅག་པ་དང་། དཔྲལ་བར་རྨ་ཤུལ་ཞིག་ཀྱང་བཟོས། “ཁྱོད་ངའི་ཆུང་མ་མ་རེད། གཡོག་མོ་རེད”ཟེར་བཞིན་ངའི་གདོང་ལ་མཆིལ་མ་བཏབ་ཅིང་། “ཕྱི་ན་ཡོད་པའི་བུད་མེད་དེའི་མིང་ལ་དབྱངས་ཅན་ཟེར། ཁྱོད་ཀྱི་རྣམ་འགྱུར་མ་དྲང་ན་ང་ད་ལྟ་མོ་རང་ཁྱིམ་དུ་བསུ་ཆོག མོ་ཁྱོད་ལས་ལྡབ་འགྱུར་གྱིས་འཇོན་ཐང་ཆེ། མོ་ངའི་དགའ་རོགས་མ་རེད། མ་འོངས་པའི་ཆུང་མ་རེད། ཁྱོད་ཁྱིམ་འདི་ནས་སྡོད་མི་འདོད་ན་ད་ལྟ་རང་འགྲོ་ཆོག”ཟེར། ཐེངས་དེར་ངའི་ལུས་ཀྱི་རྨ་ཁ་དང་ན་ཟུག་ནི་ཟླ་ཕྱེད་ནང་སངས་དྲག་ཏུ་སོང་ཡང་སེམས་ནང་གི་སྡུག་བསྔལ་ནི་སེལ་ཐབས་མ་བྱུང་བུ་མོ་མཁའ་འགྲོ་ཁྲིད་དེ་ཁོ་དང་གཉེན་འཐོར་ན་བུད་མེད་དེ་དང་ཁོའི་འདོད་ཐོག་ལ་རྟ་བརྒྱུགས་པ་ཡིན་ཞིང་གལ་སྲིད་རང་སྲོག་བཅད་ན་རང་གི་དྲིན་ཆེན་ཕ་མ་གཉིས་དང་ཕྲུ་གུ་གཉིས་ཀས་ཅི་བྱའམ། ཁོང་ཚོ་སྙིང་རེ་རྗེ་སྙམ། དེས་ན་ལམ་ཀ་གསུམ་པ་ཞིག་ཡོད་དམ། ངས་ཇི་ལྟར་བསམ་བློ་བཏང་ཡང་ཐབས་ཤེས་གཞན་མི་རྙེད་པས་བློ་རིག་ཆེན་པོ་ཡོད་པར་གྲགས་པའི་གླུ་གར་ཚོགས་པའི་ལས་གྲོགས་སྒྲོལ་མ་བོས་ཏེ། མོ་ལ་དོན་ཐམས་ཅད་མ་གསང་དྲང་པོར་བཤད། སྒྲོལ་མས་སྔ་དྲོ་གཉིས་དང་ཕྱི་དྲོ་གཅིག་ལ་ཞིབ་འདང་བརྒྱབ་རྗེས། “ཐབས་ཤེས་མེད་པ་མ་རེད། ཡིན་ཡང་ཁྱོད་ཀྱིས་དུས་ཡུན་རིང་པོའི་ནང་བཟོད་བསྲན་བྱ་ཨེ་ཐུབ། བསྒུག་ཨེ་ཐུབ”ཟེར། ངས“གལ་སྲིད་ཕྲུ་གུ་གཉིས་ཀ་དང་ང་རང་ལ་ཕན་པ་ཞིག་ཡིན་ན་ལོ་བཅུ་ལ་བསྒུག་དགོས་ཀྱང་ཆོག བཟོད་བསྲན་ཡང་བྱ་ཐུབ”ཅེས་སྨྲས་པ་ན། མོས་འདི་ལྟར་བྱ་དགོས། དེ་ལྟར་བྱ་དགོས་ཞེས་མང་པོ་མང་པོ་ཞིག་སྨྲས་པ་དང་། གལ་སྲིད་ལོ་ངོ་གཅིག་གཉིས་ནང་ཁོ་ལ་འགྱུར་བ་བྱུང་སྟེ། ཁྱོད་དང་ཕྲུ་གུ་ཚོར་བདེ་སྐྱིད་སྟེར་ཚེ་ཐབས་ཤེས་དེ་ཚོ་རྩ་བ་ནས་བེད་སྤྱོད་མ་གནང་རོགས་ཟེར།
ངས་སྒྲོལ་མའི་ངག་བཀོད་བཞིན་ཁོ་ལ་འགྱུར་བ་ཨེ་ཡོང་བལྟས་ནའང་། དེ་ནི་ང་རང་གི་ཕུགས་འདུན་དང་རྨི་ལམ་ཙམ་ལས་གཞན་གང་ཡང་མིན་ལ། ངེད་གཉིས་ཀྱི་བར་དུ་མཆོག་དང་དམན་གྱི་ཁྱད་པར་མ་གཏོགས། བཟང་དང་ངན་ཞེས་པ་ཞིག་བརྩི་ཐབས་མེད་པ་མངོན་སུམ་དུ་གྲུབ་འདུག དེའང་མཆོག་ཅེས་པ་ནི་ཁྱིམ་གྱི་དབང་ཆར་ཁ་ལོ་སྒྱུར་མཁན་དེས་བེད་སྤྱད་ཆོག་པ་ཞིག་དང་། དམན་ཞེས་པ་ནི་ཁ་ལོ་བསྒྱུར་བྱའི་ཡུལ་དེའི་ཁྱད་ཆོས་དང་མཚོན་རྟགས་སུ་གྲུབ་འདུག
ངས་རང་གི་དམིགས་འདུན་འགྲུབ་ཕྱིར་རྫོགས་མཐའ་མེད་པའི་ཁྱིམ་ལས་ཀྱི་ཁྲོད་ནས་སྨྲ་བ་ཉུང་ངུར་བཏང་སྟེ་ཁོ་ལ་བསྟུན་གང་ཐུབ་བྱས་པས། རིམ་གྱིས་ཁོས་ང་ནི་ལས་གླ་མི་དགོས་པའི་གཡོག་མོ་ཞིག་དང་། འདོད་པ་སྒོར་ཕྱུང་སའི་སྲོག་ཆགས་ཤིག་ཏུ་བརྩིས་འདུག་པར་མ་ཟད། ང་རང་ཁྱིམ་དུ་ཡོད་མེད་ལའང་མཉམ་མི་འཇོག་པར་འཆལ་སྤྱོད་སྣ་ཚོགས་སྐྱོང་བར་བྱས། ཉིན་ཞིག་ཁོ་དང་ཁོའི་གྲོགས་པོ་རྒྱལ་མཚན་ཟེར་བས་ཆང་ཁང་ཞིག་ནས་བུད་མེད་གཉིས་ཁྲིད་ཡོང་ཤིང་། ར་བཟི་རྗེས་ཁོང་ཚོ་འོག་ཤོད་ཀྱི་ཁང་པ་ཞིག་ནང་མཉམ་དུ་ཉལ་བར་ཕྱིན་སོང་། ངས་བྱིས་པ་གཉིས་ཀ་གཡས་གཡོན་དུ་པང་སྟེ་མུན་པའི་ནང་ནས་མིག་ཆུ་གྲངས་མེད་བཏང་ཞིང་། ཁྱིམ་འདི་ནས་རང་ཉིད་ནི་མི་ཞིག་མ་རེད། མི་ཞིག་གི་གྲིབ་མ་ཞིག་རེད་སྙམ་བྱུང་།
དེས་ན་གྲིབ་མ་ཞིག་མི་ཞིག་ལས་ཀྱང་ལྷག་པར་སྟོབས་དང་ལྡན་པར་འགྱུར་ཐུབ་བམ། ༼མུ་འགོད༽