ཁམས་བྲག་འགོའི་རོང་ཁུལ་གྱི་སྲོལ་རྒྱུན་ཟས་རིགས་ཞིབ་འཇུག——སྒྲོ་ལོ་ལོ་དང་གྲོ་སྙེ་ཁུ་བ།

བྱང་ཆུབ་སྒྲོལ་མ། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


གཅིག །སྒྲོ་ལོ་ལོ།
སྒྲོ་ལོ་ལོ་ནི་བྲག་འགོ་རོང་ཁུལ་གྱི་ཡུལ་སྐད་ཡིན་ལ། ལོ་ལོ་ནི་འབྲུ་རིགས་གྲོ་ནས་སྲན་མ་སོགས་རྡོག་མ་རེ་རེའམ་འབྲུ་རིགས་ཚོས་མ་རྡོག་མ་རེ་རེ་ལ་གོ་དགོས། སྒྲོ་ནི་འབྲུ་རིགས་ཀྱི་དོན་དུ་འཇུག་པར་འདོད་དེ་ཡི་གེའི་དག་ཆའང་དཔྱད་པར་འོས། སྤྱིར་སྒྲོ་ལོ་ལོ་ནི་འབྲུ་རིགས་ཚོས་མ་ལ་གོ་དགོས་ཀྱང་། སྒྲོ་ལོ་ལོ་ཞེས་པའི་ཟས་རིགས་འདི་ནི་སྲན་མ་ཚོས་མ་ཁོ་ན་ལ་འཇུག་པ་ཡིན་ཏེ། སྒྲོ་ལོ་ལོ་ནི་བྲག་འགོའི་རོང་པ་རྣམས་ཀྱིས་དགུན་ཁར་གསོལ་བའི་ཟས་རིགས་ཤིག་ཡིན་པར། ཆམ་ནད་སྔོན་འགོག་དང་ཆམ་ནད་ལ་ཕན་པའི་སྨན་ཟས་ཤིག་ཀྱང་ལགས། སྒྲོ་ལོ་ལོའི་ལས་སྟངས་ནི། མ་མཐར་ཉིན་ཞག་གཅིག་གི་སྔོན་དུ་སྲན་མ་བཙོ་དགོས། སྲན་མའི་ནང་ནས་སྲན་མ་ནག་པོ་དེ་མཆོག་ཏུ་བརྩིས་པར། སྲན་མ་ཚོས་ཚར་རྗེས་སུ། སྲན་མ་ཚོས་མ་ཚགས་ནས་སྐར་ཞབས་ཏེ་སྐར་མ་མཐོང་སའམ་ཁང་པའི་ཕྱི་ལ་བཞག་ནས་འཁྱགས་བཅུག་པ། སྲན་མ་བཙོ་སའི་ཆུ་མི་འབོ་ནས་བཞག་དགོས། དེའི་ཕྱི་ཉིན་ལ་འོམ་བུའི་རྩ་བ་དང་ཚེར་ནག་མའི་འབྲས་བུ་སོ་མ་གྲ་སྒྲིག་བྱེད་དགོས། དེ་ནས་སྐར་ཞབས་བཞག་པའི་སྲན་མ་ཕྱིར་བཙོ་ཆུ་ནང་དུ་བླུགས་ནས་འོམ་བུའི་རྩ་བ་དང་ཚེར་ནག་མའི་འབྲས་བུ། ཤ་དང་རུས་པ་སོགས་དང་མཉམ་དུ་ཡང་ཡང་དུ་གདུས་རྗེས་སྒྲོ་ལོ་ལོ་ལེགས་འགྲུབ་བྱུང་བ་ཡིན། སྐར་ཞབས་བཞག་རྗེས་ཀྱི་སྲན་མ་ནི་མཐོ་སྒང་གི་དགུན་ཁའི་མཚན་མོའི་འཁྱགས་གྲང་ཐེབས་པས་ཁེངས་ཡོད་པའི་སྒྲོ་ལོ་ལོ་ཞེས་བརྗོད་ཀྱང་བཟའ་དུས་ནི་སྲན་མ་རེ་གཉིས་ལས་ཕལ་ཆེ་ཞིབ་མོ་གྱུར་པའི་ཁུ་བ་ཧ་ཅང་སྐ། སྤྱིར་བཏང་སྒྲོ་ལོ་ལོ་ཡི་བྲོ་བ་ཅུང་ཙམ་ཁ་ན་ཡང་། དགུན་དུས་སུ་ས་དེའི་ཡུལ་མི་རྣམས་ཀྱི་ཆེས་དགའ་བསུ་ཐོབ་པའི་ཟས་རིགས་ཤིག་ཡིན། རེད་དེ་ད་ནི་ཟས་རིགས་འདི་ཡི་མིང་ཤེས་མཁན་རེ་གཉིས་ཙམ་ལས་གསོལ་བའི་རྒྱུན་ཆད།
གཉིས། གྲོ་སྙེ་ཁུ་བ།
སྒྲོ་ལོ་ལོ་དང་གྲོ་སྙེ་ཁུ་བ་གཉིས་ཀ་དུས་ཚིགས་ཅན་གྱི་ཟས་རིགས་ཡིན་པ་ལ། སྒྲོ་ལོ་ལོ་ནི་དགུན་དུས་མ་གཏོགས་སྲིན་མ་ཚོས་མ་ཁེངས་མི་ཐུབ་པ་དང་། ཚེར་ནག་མའི་འབྲས་བུ་དང་འོམ་བུའི་རྩ་བ་ཡང་མི་རེག་པར་ལྟར། གྲོ་སྙེ་ཁུ་བ་ནི་སྟོན་ཀའི་གསོལ་ཟས་ཤིག་ཡིན། སྟོན་ཁར་གྲོའི་སྙེ་མ་འབྲུ་ཤ་རྒྱས་ལ་སྨིན་མ་སྨིན་ཙམ་གྱི་དུས་སུ། གྲོ་སྙེ་བཅད་ནས་བེམ་ཆག་ཆུང་ངུ་བྱེད་དེ། ལག་པས་གྲོ་སྙེ་བེམ་ཆག་རེ་རེ་བཞིན་ཆུ་ཁོལ་མའི་ནང་དུ་བཅུག་ནས་དཀྲུགས་ཞོར་དུ་གྲོ་འབྲུ་ཆུ་ཁོལ་ནང་དུ་ལྷུང་བཅུག གྲོ་སྙེ་སྨིན་ཆེ་ན་གྲོ་འབྲུ་ལྷུང་སླ་ཡང་བྲོ་བ་དེ་ཙམ་ཞིམ་པོ་མེད་པ་དང་། མ་སྨིན་ན་ནི་གྲོ་འབྲུ་ལྷུང་རྒྱུ་མེད་པར་བྲོ་བ་ཡང་མེད་པས། གྲོ་སྙེ་སྨིན་མ་སྨིན་ཙམ་དེ་འདེམ་མཁས་པ་ནི་གལ། གྲོ་སྙེ་བེམ་ཆག་ཆུ་ཁོལ་མའི་ནང་དུ་བཅུག་ནས་གྲོ་འབྲུ་དཀྲུགས་ཚར་རྗེས། ཆུ་ཁོལ་ཁ་ལ་གཡེང་པའི་གྲ་ཕུབ་གཙང་མ་བཙགས་ཏེ། དེའི་ཁུ་བའི་ནང་དུ་ཤ་དང་རུས་པ་སོགས་བླུག་ནས་མཉམ་དུ་གདུ་བ་ལ་གྲོ་སྙེ་ཁུ་བ་ཟེར། གྲོ་སྙེ་ཁུ་བ་ལ་ལས་སྟངས་གཞན་ཞིག་ཀྱང་ཡོད་དེ། དེ་ལ་མེ་བུ་ཁུ་བ་ཟེར་ཡང་ཆོག །མེ་བུ་ཞེས་པ་ནི་གོང་བརྗོད་ཀྱི་སྨིན་མ་སྨིན་གྱི་གྲོ་སྙེ་མེ་ཁར་བསྲེགས་ནས་བཟའ་བ་ལ་མེ་བུ་ཟེར། མེ་ཁར་བསྲེགས་དགོས་པས་མེ་བུ་ཞེས་པའི་མིང་བཏགས། དེ་ནི་དེང་སང་གི་烧烤ཡང་ན་烤串ཟེར་བ་དང་གཅིག་མཚུངས་རེད། མེ་བུ་ལས་གྲོ་བགྲུས་ནས་དེས་ཁུ་བ་བསྐོལ་བ་ལ་མེ་བུ་ཁུ་བ་ཟེར་རོ། ། གྲོ་སྙེ་ཁུ་བ་དང་མེ་བུ་ཁུ་བ་ནི་སྒྲོ་ལོ་ལོ་དང་ལྡོག་ཏེ་ཆམ་པ་ལ་གནོད། དེའི་བྲོ་བ་ནི་ཅུང་མངར་ལ་ཧ་ཅང་ཞིམ། རང་གིས་བལྟས་ན་འདི་གྲོ་ཆན་གྱི་རིགས་ཤིག་རེད་ཟེར་ནའང་ཆོག་སྙམ།
གསུམ། སྒྲོ་ལོ་ལོ་དང་གྲོ་སྙེ་ཁུ་བ་ལས་འཕྲོས་པའི་བསམ་གཞིགས།
སྤྱིར་ཕྱིའི་སྣང་ཚུལ་ཁ་ཤས་ལས་བལྟས་ན་བོད་ཀྱིས་ཟས་རིགས་ལ་དོ་སྣང་ཆེན་པོ་མེད་ལ་བཟའ་བཏུང་ཐབས་རྡུགས་པོ་ཆགས་ཡོད་པའི་སྣང་བ་སྟེར་སྲིད། རེད་དེ། སྲོལ་རྒྱུན་གྱི་བཟའ་བཏུང་རིག་གནས་ལ་བརྟག་ན་བཟའ་བཏུང་ཕུན་སུམ་ཚོགས་པ་ཡིན་པར་མ་ཚད་ལུས་ཕུང་གི་འཕྲོད་བསྟེན་ལ་བརྩི་མཐོང་ཆེ་བའོ། །སོ་སོའི་རྒྱུན་ལྡན་གྱི་འདོད་བློ་ལྟར་ན་མཐོ་སྒང་གི་དགུན་ཁ་ནི་སྐྱ་ཐེང་ངེ་དང་བོད་ཀྱིས་ཤ་བཟའ་རྒྱུ་ལ་རྔམས་ཆེ་བ་ལས་སྔོ་ཚལ་དཀོན་ལ་བཟའ་རྒྱུ་ཡང་མི་དགའ་དྲན་ཡང་། དོན་དངོས་སུ་དེ་འདྲ་མིན་པ་ལགས། བྲག་འགོ་རོང་ཁུལ་གྱི་ཕ་རྒན་མ་རྒན་དེ་ཚོའི་དྲན་པའི་ནང་དུ་དགུན་དུས་ཀྱི་སྔོ་རིགས་(བྲག་འགོ་རོང་ཁུལ་གྱི་སྲོལ་རྒྱུན་མིང་བརྡ་ལྟར་ན་སྔོ་ནི་ཁ་ཟས་སུ་རུང་བའི་སྔོ་ཚལ་གྱི་རིགས་རྣམས་བསྐམ་བཅུག་པ་སྟེ་སྔོ་ཚལ་སྐམ་པོ་ལ་སྔོ་ཞེས་བརྗོད་པ་དང་། སྔོ་ཚལ་གསར་པའམ་བསྐམ་མེད་ན་སྔོ་མའམ་ཚལ་ཞེས་བརྗོད་པ་ཡིན།)ཀྱང་ཤིན་ཏུ་འབེལ་པ་སྟེ། གོ་སྙོད་དང་ལྕ་བ།(བྲག་འགོ་རོང་སྐད་དུ་སྟོང་ཁུ་ཟེར་བ།) ཟྭ།(བྲག་འགོ་རོང་སྐད་དུ་བཙའ་བུ་ཟེར་བ།) ཀེ་ཚེ།(བྲག་འགོ་རོང་སྐད་དུ་ར་སྔ་ཟེར་བ།) སྣེའུ།(བྲག་འགོ་རོང་སྐད་དུ་སྦུད་ཟེར་བ།)ཡུང་མ།(བྲག་འགོ་རོང་སྐད་དུ་རེ་ལི་ཟེར་བ།) ཁུར་མོང་།(བྲག་འགོ་རོང་སྐད་དུ་ཕག་བེ་ལྗགས་ཏེ་ཕག་གི་ཐང་ཆུ་ཟེར་བ།) ཙོང་སྒོག དག་ཅི།(བྲག་འགོ་རོང་སྐད་དུ་ལི་ལི་རྔ་མ་ཟེར་བ།) ཤ་མོའི་རིགས་བཅས་མང་ངོ་། །སྔ་དུས་མ་མཐར་ཁྱིམ་ཚང་རེ་རེ་ལ་དགུན་དུས་སུ་སྔོ་རིགས་བཅུ་ལྷག་ཡོད་པ་དང་སུམ་ཅུ་ཡར་མར་ཡོད་ན་ཡང་ཡ་མི་མཚན། སྔོ་རིགས་ཕལ་ཆེར་ནི་གྲུ་གུ་ལྟར་དུ་གཅུས་ནས་བསྐམས་ཡོད། སྲོག་རྒྱུན་གྱི་ཟས་རིགས་ཕུན་སུམ་ཚོགས་པར་མ་ཟད་ལུས་ཕུང་གི་འཕྲོད་བསྟེན་ལ་ཡང་བརྩི་མཐོང་ཆེ་བ་སྟེ། གོང་དུ་བརྗོད་པའི་ཟས་རིགས་སྒྲོ་ལོ་ལོ་ལྟར་ན། འོམ་བུ་ནི་རོ་བསྐ། ཞི་རྗེས་བསིལ། ནུས་པས་དུག་ནད་བསྡུ། ཚད་པ་སེལ། ཆུ་སེར་སྐེམ་ཞེས་དང་། ཆམ་པ་དང་ལུད་པ་སོགས་ལ་ཕན། གྲོ་སྙེ་ཁུ་བ་ལྟར་ན། གྲོ་ཆན་ནི་མཁལ་མཚེར་གསོ་ལ་ཚ་སྐོམ་སེལ་པའི་ནུས་པ་ལྡན།
མདོར་ན། སྲོལ་རྒྱུན་གྱི་ཟས་རིགས་དེ་དག་ལས་ཕ་མེས་ཡང་མེས་ཀྱི་དད་པ་དང་བརྩེ་དུང་འདུས་ཡོད་པར་མ་ཟད། བཟའ་བཏུང་དེ་དག་ནི་ས་ཕྱོགས་དེའི་མི་ཡི་ལུས་གཞིའི་བདེ་ཐང་ལ་བློ་གཏད་ནས་མི་རབས་ནས་མི་རབས་བརྒྱུད་དེ་གསོག་འཇོག་བྱས་པའི་བློ་གྲོས་དང་ཉམས་མྱོང་ཡང་ཡིན་ནའང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྲོལ་རྒྱུན་རིག་གནས་དེ་དག་མེད་བརླག་ཏུ་གྱུར་དང་འགྱུར་བཞིན་པས། ང་ཚོས་ཀྱང་གོམ་གང་མདུན་དུ་སྤོས་ཏེ་རིག་གནས་གྲུབ་ཆའི་མ་ལག་ཏུ་འཐུས་པའི་བཟའ་བཏུང་རིག་གནས་དེ་རྒྱང་དུ་མི་འཕེན་ཏེ་གཙུག་ཏུ་འཛིན་པར་གལ། །
༼ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི་དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་2019ལོའི་ཐེབས་རྩའི་རྣམ་གྲངས་ཏེ། བྲག་མགོའི་སྲོལ་རྒྱུན་ཞིང་ལས་རིག་གནས་ཞིབ་འཇུག་གི་དཔྱད་འབྲས་ཡིན། ཐེབས་རྩའི་ཆོག་མཆན་ཨང་རྟགས། gzsk201904༽ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1