བོད་ཀྱི་དཔེ་ཆོས་ཀྱི་བརྡ་དོན་དང་དེའི་རང་བཞིན་་རགས་ཙམ་གླེང་བ།

དཔལ་འཛིན་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


དང་པོ། དཔེ་ཆོས་ཀྱི་བྱུང་འཕེལ་དང་འཇུག་ཡུལ།

དུས་རབས་བཅུ་གཅིག་པར་དགེ་བཤེས་ཆེན་མོ་པོ་ཏོ་བ་མཆོག་གིས། སློབ་མ་རྣམས་ལ་བྱང་ཆུབ་ལམ་རིམ་འཆད་ཉན་མཛད་པའི་གོ་རིམ་ཁྲོད། དཔེ་གང་མང་དང་སྦྱར་ནས་དམ་པའི་ཆོས་ཀྱི་དགོངས་དོན་བདེ་བླག་ངང་བསྟན་པ་དང་། མཐར་སློབ་མ་རྣམས་ཀྱིས་ཁོང་གི་དཔེ་དང་སྦྱར་བའི་གསུང་སྒྲོས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཟིན་བྲིས་སུ་བཏབ་སྟེ། མཚན་བྱང་ལ《དཔེ་ཆོས་རིན་ཆེན་སྤུངས་པ》ཞེས་གསོལ། འདི་ནི་དཔེ་ཆོས་ཀྱི་བསྟན་བཅོས་ཐོག་མ་ཡིན་པ་དང་། དཔེ་ཆོས་ཞེས་པའི་མིང་བརྡ་ཡང་སྐབས་འདི་ནས་བཟུང་ཁྱབ་བརྡལ་དུ་སོང་། ཨ་ཀྱཱ་ཡོངས་འཛིན་ཚང་གིས་དཔེ་ཆོས་སྣ་ཚོགས་དང་སྦྱར་ནས་ཆོས་གསུངས་པའི་དཔེ་རྣམས་སློབ་མ་རྣམས་ཀྱིས་ལམ་རིམ་དང་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པོ་ཏོ་བའི་དཔེ་ཆོས་ཞེས་བྱ་ཞེས་གསུངས་པ་ལྟར། སྐབས་དེ་ནས་བཟུང་བོད་ལ་དཔེ་ཡི་སྒོ་ནས་དམ་པའི་ཆོས་ཀྱི་སྙིང་པོ་སྟོན་པའི་བརྡ་ཆད་ཡན་གར་བ་ཞིག་བྱུང་། 《 རྒྱ་རིགས་ཀྱི་ཚིག་མཛོད་ཆེན་མོ》 རུ་དུས་ཡུན་རིང་པོའི་ཁྲོད་མི་རྣམས་ཀྱིས་རྒྱུན་དུ་སྤྱོད་ལ་སྒྲིག་གཞི་དག་ཅིང་དོན་གྱིས་ཕྱུག་པའི་མིང་གི་ཚོགས་པ་དང་ཚིག་དུམ་གཏན་ཆགས་ཅན་ལ་བྱ། རྒྱ་ཡི་དཔེ་ཆོས་མང་ཤོས་སྒྲ་ཚིགས་བཞི་རུ་སྣང་། ལ་ཤས་ཤིག་ཚིག་ངོས་ནས་གོ་བ་ལོན་པ་དང་འགའ་རེ་ནི་དེ་འབྲེལ་གྱི་གཏམ་རྒྱུད་བརྒྱུད་ནས་དོན་ངེས་དགོས་ཞེས་པ་ལྟར། དཔའ་རིས་སངས་རྒྱས་མཆོག་གིས་རྒྱའི“成语” དང་བོད་ཀྱི་དཔེ་ཆོས་གཉིས་ཀ་བསྡུར་བའི་ཐུན་མོང་གི་ཁྱད་ཆོས་ཏེ། ཁ་དམ་ལ་གཏིང་ཟབ་པ། ཡུན་རིང་ལ་གཏན་ཆགས་པ། ཚིག་ཉུང་ལ་སྡེབ་ལེགས་པ་བཅས་མཐོང་ནས་བརྡ་ཆད་གཉིས་ཁ་འཕྲོད་པར་སྦྱར་ཞིང་། ཁོང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་། སྒྲུང་དང་། གཏམ་རྒྱུད་དང་། རྣམ་ཐར་དང་། ལེགས་བཤད་ཁྲོད་ཀྱི་དཔེ་ཆོས་རྣམས་པར་ཁ་འཕྲོད་པའི་རྒྱ་ཡི་དཔེ་ཆོས་སྦྱར་ཏེ《 དཔེ་ཆོས་ཚིག་མཛོད》ཅེས་པ་བསྒྲིགས། དེ་ནས་བཟུང་ཚང་མས་གཏམ་དཔེ་དང་དཔེ་ཆོས་སོ་སོར་དགར་ནས་དཔེ་ཆོས་ལ་ངོས་ཟིན་དང་གོ་རྟོགས་གསར་པ་བྱུང་ཞིང་། དཔེ་ཆོས་ཀྱི་སྒྲ་ཡངས་འཇུག་གི་གོ་བ་ལེན་སྟངས་ས་ཁྱབ་རྡོ་ཁྱབ་ཏུ་སོང་། དཔེ་ཆོས་ནི་དཔེ་ཡི་སྒོ་ནས་འཇིག་རྟེན་གནས་ལུགས་གང་ཞིག་སྟོན་པའི་ཚེག་ཁྱིམ་གཏན་འཇགས་ཀྱི་མིང་ཚོམ་ལ་གོ་ཞིང་། དེ་ནི་དཔེ་ཆའི་ནང་གི་ཚིག་རིས་ཇི་བཞིན་བཀོལ་སྤྱོད་བྱས་པ་དང་། ཡང་ན་ཚིག་གི་སྦྱོར་བ་ཅུང་ཟད་བཅོས་འབྲི་དང་ཉིང་བསྡུས་བྱས་ནས་གྲུབ་པ་དང་། འགའ་ཞིག་ལོ་རྒྱུས་དང་ངག་རྒྱུན་གཏམ་རྒྱུད་ཀྱི་བརྗོད་བྱ་མདོར་བསྡུས་བྱས་ནས་བྱུང་། ཁ་ཤས་ནི་གཏམ་དཔེའི་ཚིག་སྣ་བསྡུས་ནས་བྱུང་བ་ཡིན་ཏེ། དཔེར་ན། བོད་བཙན་པོའི་དུས་སྐབས་ཀྱི་ཏུན་ཧོང་ཡིག་ཚགས་ཁྲོད་དུ་དཔེ་ཆོས་མང་དུ་མཐོང་སྟེ། ཁྱུང་པོ་སྤུ་ཟད་ཀྱིས་སེང་གོ་མི་ཆེན་ལ་ཁྱོད་འདའས་(ཁྱོད་ལྟ་བུས)དམག་པོན་འོང་ངམ། མི་འཛངས་པ་གོ་དགོས། ཀྱེའི་(སྒྱེའི)ནང་དུ་མྱུང་(སྨྱུང)བུ་བཅུག་པ་དང་མཚུངས་ཤེས་(ཞེས)བྱ་ཞེས་པ་ལྟར། ཁྱུང་པོ་སྤུ་ཟད་ཀྱིས་བློན་པོ་སེང་གོ་མི་ཆེན་ཁྱོད་ནི་སྨྱུང་བུ་ཡིན་པ་དང་། སྨྱུང་བུ་སྒྱེའུ་ནང་དུ་བཅུག་ན་སྒྱེའུ་ཕུག་མི་ཐུབ་པ་བཞིན་ཁྱོད་ལྟ་བུའི་དམག་དཔོན་མི་ཡོང་བ་སྨད་པ་བྱས། འདི་དང་འདྲ་བའི་མིང་ཚོམ་འབྲུ་བཞི་གཏན་འཇགས་མ་བོད་ཀྱི་གཏམ་རྒྱུད་དང་ལེགས་བཤད། ཉམས་མྱོང་དང་བརྩམས་ཆོས་གྲགས་ཆེན་ལས་མང་དུ་བྱུང་། མདོར་ན་དེང་སང་དཔེ་ཆོས་ལ་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གི་གོ་བ་ལེན་སྟངས་གཉིས་མཆིས་ཏེ། སྒྲ་དོག་འཇུག་བྱས་ནས་དཔེའི་སྒོ་ནས་དམ་པའི་ཆོས་ཀྱི་དགོངས་པ་སྟོན་པའི་པོ་ཏོ་བའི་དཔེ་ཆོས་ལ་གོ་དགོས་པ་དང་། སྒྲ་ཡངས་འཇུག་བྱས་ན་དཔེ་ཡི་ལམ་ནས་འཇིག་རྟེན་གྱི་གནས་ལུགས་གང་རུང་སྟོན་པའི་ཚེག་ཁྱིམ་འབྲུ་བཞི་གཏན་འཇགས་མའི་མིང་ཚོམ་ལ་གོ་ཞིང་། དཔེ་ཆོས་ནི་དཔེ་ཡི་སྒོ་ནས་དོན་སྟོན་པ་དང་། ཁ་དམ་ཞིང་སྒྲིག་གཞི་གཏན་ཆགས་པ། ཚིག་ཉུང་ཞིང་བརྗོད་དོན་བསྡུས་པའི་ཚིག་དུམ་ཞིག་ལ་ངོས་འཛིན་བཞིན་ཡོད།

གཉིས་པ། དཔེ་ཆོས་ཀྱི་རང་བཞིན།

དཔེ་ཆོས་ནི་སྐད་བརྡ་རིག་པའི་ཁྱབ་ཁོངས་ཀྱི་བརྡ་ཆད་ཅིག་ཏུ་གྱུར་ཡོད་དེ། རྒྱུན་འཇགས་བརྗོད་ཚིག་གི་ཁོངས་སུ་གཏོགས། དེ་ལ་གཞན་དང་མི་འདྲ་བའི་གཏན་འཇགས་ཀྱི་རང་བཞིན་དང་། ལོ་རྒྱུས་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན་བཅས་ལྡན།

གཅིག །གཏན་འཇགས་ཀྱི་རང་བཞིན།

ང་ཚོས་ཤེས་གསལ་ལྟར། སྐད་ཆ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། སྐད་ཆའི་ངག་གི་སྒྱུ་རྩལ་གྱི་དཔེར་མཚོན་གྱུར་པའི་དཔེ་ཆོས་ཀྱང་རྟག་བརྟན་ཐེར་ཟུག་ཅིག་མ་ཡིན་པར་ཐོག་མར་བྱུང་བ་ནས་རིམ་གྱིས་འཕེལ་འགྱུར་དུ་འགྲོ་བའི་གོ་རིམ་ཞིག་བརྒྱུད་ཡོད། མར་ཁེ་སི་མཆོག་གིས། གཏན་འཇགས་དང་འགྱུར་ལྡོག་ནི་ལྟོས་བཅས་སུ་གྲུབ་ཅིང་། གཏན་འཇགས་ཀྱི་ཁྲོད་དུ་འགྱུར་ལྡོག་ཡོད་ལ་འགྱུར་ལྡོག་ཁྲོད་དུ་གཏན་འཇགས་ངེས་ཅན་ཡོད་ཅེས་གསུངས་པ་ལྟར། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ནང་དཔེ་ཆོས་ཀྱི་གཏན་འཇགས་རང་བཞིན་མངོན་གསལ་དོད་པོ་ཡིན་ཏེ། ཕྱིའི་རྣམ་པའི་སྒྲིག་གཞི་དང་ནང་དོན་གྱི་སྙིང་པོའི་ཐད་ལ་འགྱུར་ལྡོག་ཆེན་པོ་མེད། དཔེར་ན། 《 དཔེ་ཆོས་ཚིག་མཛོད》དུ་བསླབས་ཤེས་ཀྱི་ཡོན་ཏན་མེད་དེ། ལག་རྡུམ་བྲག་ལ་འཛེགས་པ་དང་འདྲ་སྟེ། ཐར་བ་འཐོབ་མི་སྲིད། བསྒོམས་པའི་ཉམས་ལེན་མེད་ན། ལོང་བས་ལྷ་ཁང་བལྟས་པ་དང་འདྲ་སྟེ། ཡང་དག་པའི་དོན་མཐོང་མི་ཐུབ་ཅེས་དཔེ་ཆོས་ལག་རྡུམ་བྲག་ལ་འཛེགས་འདྲ་ལྟ་བུ་མཚོན་ན། སྐབས་དེར་ཐབས་ཤེས་ཟད་པའི་དཔེ་ལ་འཇུག་པ་དང་། ད་ལྟའང་ཚང་མས་ཅི་བྱ་གཏོལ་མེད་དང་ཐབས་ཟད་འུ་ཐུག་ལ་གོ་བཞིན་ཡོད། དེ་བས་དཔེ་ཆོས་འདིའི་སྒྲིག་གཞི་དང་དོན་སྔ་ཕྱི་དབར་འགྱུར་བ་བྱུང་མེད་པ་མཐོང་ཐུབ། གཏན་འཇགས་ཀྱི་རང་བཞིན་ནི་དཔེ་ཆོས་ཀྱི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་སྟེ། ད་དུང་དཔེ་ཆོས་བོང་རྣར་གསེར་བླུག་དང་།

རྒྱ་མཚོར་རྡོ་བསྐྱུར། སྤྱང་ཀིར་ཆོས་བཤད། རྩྭ་སྐྱ་མེ་ཤོར། རི་བོང་ཅལ་འདྲོགས། ཞྭ་དཔེ་ལྷམ་འགེབས། ཆུ་སྣ་གར་ཁྲིད་སོགས་ཕལ་མོ་ཆེ་ནི་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་ཉིང་བསྡུས་བྱས་པ་ལས་ཐོན་ཞིང་ཡིག་སྐད་ལ་གཞོལ་ཆེ་བས། ཕྱིའི་རྣམ་པའི་སྒྲིག་གཞི་དང་ནང་དོན་གྱི་སྙིང་པོ་ལ་འགྱུར་བ་ཆེན་པོ་བྱུང་མེད། ད་དུང་མིང་ཚོམ་རང་ལྟ་མཆོག་འཛིན་དང་རྡོག་རྩ་གཅིག་སྒྲིལ། ཉམས་པ་སོར་ཆུད། གནའ་བཟང་དེང་སྤྱོད། རང་དཔེ་གཞན་སྟོན། ཁ་བཤད་ལག་བསྟར། སྐྱིད་སྡུག་མཉམ་མྱོང་། དཔུང་བ་མཉམ་གཤིབ། རྡོ་ཆག་བཙན་སྒྲིག་སོགས་དཔེ་ཆོས་དུ་བགྲངས་པ་དང་དཔེ་ཆོས་རེ་ཚེག་ཁྱིམ་བཞི་གཏན་ཆགས་ཡོད། རྒྱའི་དཔེ་ཆོས་ཀྱང་དེ་དང་འདྲ་བར་གཏན་འཇགས་རང་བཞིན་ཡོད་པ་འདི་ནས་རྒྱས་པར་མི་སྤྲོ།

གཉིས། ལོ་རྒྱུས་ཀྱི་རང་བཞིན།

དཔེ་ཆོས་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ་རིམ་གྱིས་གྲུབ་པ་ཡིན་ཏེ། དཔེ་ཆོས་རེ་རེ་ནི་མི་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་ཉམས་མྱོང་གི་སྤྱི་སྡོམ་ལྟ་བུ་ཡིན་ཞིང་། འཚོ་བ་དངོས་ལ་བསྲེགས་བཅད་བརྡར་གསུམ་དང་ཉམས་མྱོང་གི་བླང་དོར་ཁྲོད་ནས་འཕེལ་རྒྱས་དང་གཏན་ཆགས་སུ་སོང་། ད་ལྟ་ང་ཚོའི་མཐོང་ཆོས་སུ་གྱུར་པའི་དཔེ་ཆོས་རྣམས་ལ་ལོ་རྒྱུས་ཀྱི་དུས་ཡུན་ངེས་ཅན་ཞིག་འགོར་ཡོད་པ་ཤ་སྟག་རེད། བོད་ཀྱི་དཔེ་ཆོས་ནི་ཏུན་ཧོང་ཡིག་ཚགས་དང་ལེགས་བཤད་གཏམ་རྒྱུད། རྣམ་ཐར་སོགས་ལས་བྱུང་། དཔེར་ན། བོད་པ་རྣམས་ཀྱིས་ངག་ཐོག་ན་བཤད་བཞིན་པའི་དཔེ་ཆོས་ཏེ། སྐྱ་མིན་སེར་མིན་དང་། མ་བོས་མགྲོན་པོ་ལྟ་བུ་སོགས་ནི《 སྣང་ས་འོད་འབུམ》གྱི་རྣམ་ཐར་དུ་སྔ་ས་ནས་བཀོད་ཡོད་དེ།“གཟུགས་མཛེས་སྐད་སྙན་སྣང་ས་འོད་འབུམ་ཁྱོད། །རི་ནང་དཔོན་པོའི་ཇོ་མོ་མི་བྱེད་ཅིང་། །དྲིན་ཆེན་ཕ་མའི་ཁ་ལ་མི་ཉན་ན། །སྐྱ་མིན་སེར་མིན་བྱུང་དུས་མ་འགྱོད་ཅིག །ཅེས་པ་དང་།ཕ་མ་གཉིས་དང་རི་ནང་དཔོན་པོ་ཡིས། །བ་ཤ་གླང་འགེལ་བཀའ་བཀྱོན་དགོངས་འཚོམ་ཡོང་། །མ་བོས་མགྲོན་པོ་ད་ལྟ་ལོག་ན་དགའ་ཞེས་པ་ལྟ་བུ། ལོ་རྒྱུས་བྱུང་འཕེལ་གྱི་ཁྲོད་ནས་དཔེ་ཆོས་ནི་རིམ་གྱིས་གྲུབ་པ་ཡིན་ལ་དཔེ་ཆོས་རེ་རེ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་དོན་སྙིང་ཁྱད་པར་ཅན་གནས་པ་ཤུགས་ནས་རྟོགས་ཐུབ། ད་དུང་ཆུ་སྣ་གར་ཁྲིད། རྐྱེན་ངག་གྲོགས་ཤར། རྒྱ་མཚོའི་ཆུ་ཐིགས། རླུང་ཁའི་མར་མེ། ཉིན་མོའི་སྐར་མ། ནེ་ཙོའི་འདོན་པ། མོན་ཡུལ་རྡོར་གཅོད། ར་བསད་ལུག་འདར། གཅིག་ཤེས་ཀུན་གྲོལ། ཟུར་བལྟས་ལེབ་མཐོང་། གང་གཱའི་བྱེ་མ། ཁ་བགྲད་མཆེ་གཙིགས། མིག་མཐོང་ལག་ཟིན། འདོད་ཆུང་ཆོག་ཤེས། རྒྱགས་ཆད་ལྷམ་བུག་སོགས་མང་པོ་བྱུང་། རྒྱ་ཡིག་དཔེ་ཆོས་ཀྱང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དར་ཁྱབ་ཆེན་པོ་བྱུང་། དཔེར་ན། 《 ཆུ་ངོགས་གཏམ་རྒྱུད་》ཀྱི་ལེའུ་བཅོ་བརྒྱད་པར་བྱུང་བའི་དཔེ་ཆོས“三十六计”“走为上计”“将计就计”“出其不意”སོགས་ལྟ་བུ་གནའ་བོའི《 སུན་ཙི་དམག་ཇུས》ལས་བྱུང་ལ། དེ་བཞིན་དུ་རྒྱའི་དཔེ་ཆོས་མང་དག་ནི་གནའ་རབས་ཀྱི་བསྟན་བཅོས་《 ལོ་ཙི》 《 ཙོ་ཀྲུན》 《 ལོ་རྒྱུས་གནད་བསྡུས》 《 ཧན་ཧྥེ་ཙི》 ཁྲོད་ནས་བྱུང་བ་ཡིན།

གསུམ། མི་རིགས་ཀྱི་རང་བཞིན།

དཔེ་ཆོས་ནི་མི་རིགས་གང་དེའི་ལོ་རྒྱུས་ཀྱི་གཏམ་དང་འཚོ་བའི་ཉམས་མྱོང་ལས་ཐོན་ཞིང་། དཔེ་ཆོས་ཀྱི་བརྗོད་བྱ་ལས་མི་རིགས་སོ་སོའི་དཔེ་འཇོག་སྟངས། ཡུལ་སྲོལ་གོམས་འདྲིས། རིག་གནས་རྒྱབ་ལྗོངས་སོགས་ཤུགས་ནས་མངོན་ཐུབ། དཔེར་ན། བོད་ཀྱི་དཔེ་ཆོས། སྒྱེའུ་ནང་སྙུང་བུ། ཐེམ་པ་སྔ་བརྒལ། མི་སྨོན་དྲུང་དུ་སྤུངས་ལྟ་བུ་ལས། སྒྱེའུ་དེ་ནི་འབྲུ་རྩམ་སོགས་བླུག་སྣོད་ཆུང་ངུ་ལ་བྱ། བོད་པའི་འཚོ་བའི་ཁྲོད་དུ་རྒྱུན་དུ་མཐོང་ཞིང་བོད་པ་ཚོར་གསལ་ཆ་ཡོད་པའི་ཡོ་བྱད་གལ་ཆེན་ཞིག་ཡིན། འོན་ཏེ་མི་རིགས་གཞན་ཞིག་གི་ཀློག་པ་པོར་མཚོན་ན། ཡོ་བྱད་ཅ་ལག་འདི་ལ་ཆ་རྒྱུས་མེད་པའི་རྐྱེན་གྱིས་གོ་ལ་ལེན་པར་དཀའ་ལས་ཆེན་པོ་འཕྲད་ངེས།“མི་རིགས་གཞན་གྱི་དཔེ་ཆོས་མང་དག་ཅིག་ལ་བསམ་རྒྱུ་དང་གོ་རྒྱུ་ཞིག་རྙེད་རེ་བྱས་ཀྱང་། ཡིད་ལ་འཆར་རྒྱུ་དེ་ཙམ་མང་པོ་མི་ཡོང་བ་ཡང་དཔེ་ཆོས་ལ་མི་རིགས་རང་བཞིན་ལས་སླ་མོར་བཅོས་སུ་མི་གཏུབ་པ་ཞིག་མཆིས་པས་ཡིན་སྙམ་ཞེས་པ་ལྟར། དེ་བཞིན་དུ་རྒྱའི་དཔེ་ཆོས“负荆请罪”“围魏救赵”“四面楚歌”སོགས་ལ་མཚོན་ན། མ་མཐའ་ཡང་ལོ་རྒྱུས་ཀྱི་དོན་རྐྱེན་དང་མི་སྣ་ལ་འབྲེལ་ཆེ་བ། གལ་ཏེ་རྒྱའི་ལོ་རྒྱུས་རིག་གནས་མ་ཤེས་ན་གོ་བ་ལེན་ཐབས་གཏན་ནས་མེད། གོང་གསལ་ལས་ཤེས་པ་ལྟར། དཔེ་ཆོས་ཀྱི་བརྗོད་བྱ་ནི་མི་རིགས་གང་དེའི་འཚོ་བའི་བརྙན་རིས་ལྟ་བུ་ཡིན་ཞིང་། མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་མཚོན་བྱེད་ཀྱི་མེ་ལོང་ལྟ་བུར་སྣང་། བོད་རྒྱ་མི་རིགས་གཉིས་ལ་དཔེ་བཞག་ན། དངོས་པོ་གཅིག་ལའང་ངོས་འཛིན་སྟངས་མི་འདྲ་བ་ཡོད་དེ། རྒྱ་ཡིག་ནང་དུ་ཁྲ་མོ་སྟག་ནི་རི་དྭགས་རྣམས་ཀྱི་རྒྱལ་པོ་ངོས་འཛིན་ལ། དེ་འབྲེལ་གྱི་དཔེ་ཆོས་“龙潭虎穴”“虎视眈眈”སོགས་མང་དུ་མཐོང་བ་ལས་ཤེས་ཐུབ། བོད་མི་རྣམས་ཀྱིས་རི་དྭགས་རྒྱལ་པོ་སེང་གེར་ངོས་འཛིན་ཞིང་། དེ་དང་འབྲེལ་བའི་དཔེ་ཆོས་མི་ཡི་སེང་གེ་དང་། སེང་གེ་མགོ་ལ་སྤྲེའུས་ལག་རྩེ། སེང་གེ་མཆོངས་སར་རི་བོང་མི་སླེབ་སོགས་ལྟ་བུ། “ཝ་མོ”ཞེས་པའི་མཚོན་བྱེད་དོན་སྙིང་ཡང་རྒྱ་བོད་རིག་གནས་ཁྲོད་མི་འདྲ་བ་ཞིག་རེད། རྒྱའི་རིག་གནས་ཁྲོད་གཡོ་སྒྱུ་ཆེ་བའི་གཟུགས་བརྙན་ཞིག་ཡིན་པ་དང་། ཝ་མོ་དང་འབྲེལ་བ་ཡོད་པའི་དཔེ་ཆོས་“狐朋狗友”“狐假虎威”“狐奔鼠窜”“狐狸尾巴”སོགས་ལས་ཝ་ནི་གཡོ་སྒྱུའི་དཔེར་འཇོག་པ་དང་། བོད་ཀྱི་རིག་གནས་ཁྲོད་མང་ཆེ་བ་སྙིང་ཆུང་སྡར་མའི་སྣང་བརྙན་ཡིན། དཔེར་ན དཔའ་བོ་སྟག་འདྲ། སྡར་མ་ཝ་འདྲ་ལྟ་བུ། སྡར་གླུ་ཝ་སྐད། སྡར་མ་ཝ་བྲོས། ཝ་མོ་རྔ་རྒྱངས་སོགས་ལས་བོད་ཡིག་ཁྲོད་དུ་ཝ་མོ་ནི་སྡར་མའི་དཔེ་རུ་འཇོག །འདི་ལས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་དབང་གིས་དཔེ་ཆོས་ནས་ཐོན་པའི་དཔེ་འཇོག་སྟངས་ཀྱང་མི་འདྲ་ཞིང་། དཔེ་ཆོས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཐོན་པ་ཤུགས་ནས་འཇགས་ཐུབ།

མཇུག་བསྡུ་བའི་གཏམ།

གོང་ནས་བོད་ལ་དཔེ་ཆོས་ཀྱི་ཐ་སྙད་བྱུང་བ་ནས་བཟུང་། དེ་ནས་ཐ་སྙད་ཀྱི་འཇུག་ཡུལ་དང་གོ་བ་ལེན་སྟངས་མི་འདྲ་བ་བྱུང་ཞིང་དེང་སྐབས་སྒྲ་ཡངས་འཇུག་དང་དོག་འཇུག་གི་སྒོ་ནས་དཔེ་ཆོས་ལ་གོ་བ་ལེན་དགོས་ཚུལ་གྱི་སྐོར་གླེང་བ་དང་ཆབས་ཅིག དཔེ་ཆོས་ཀྱི་གཏན་འཇགས་རང་བཞིན་དང་། ལོ་རྒྱུས་རང་བཞིན། མི་རིགས་རང་བཞིན་བརྗོད་ནས་དཔེ་ཆོས་ནི་བོད་མི་རིགས་ཀྱི་ངག་རིག་སྒྱུ་རྩལ་ཐུན་མོང་མ་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ། 

◆ རྩོམ་པ་པོ། དཔལ་འཛིན་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1