ངག་སྒྱུར་ནི་ལོ་ཙཱའི་གྲུབ་ཆ་གཙོ་བོ་ཡིན་ཚུལ་ལ་རགས་ཙམ་དཔྱད་པ།
སྒྲོལ་མ་ཚེ་བརྟན། གངས་ལྗོངས་ཉི་གཞོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23
ངག་སྒྱུར་བྱུང་འཕེལ་གྱི་ལོ་རྒྱུས་དེ་ཡིག་སྒྱུར་དང་མི་འདྲ་བར། དུས་རབས་གང་ནས་འགོ་བརྩམས་པའི་དུས་ཚིགས་གཏན་ལ་ཕབ་རྒྱུ་ནི་ཧ་ཅང་དཀའ། ཡིག་སྒྱུར་ལ་མཚོན་ན་ཡི་གེ་གསར་བཟོ་ནམ་མཛད་དང་ཤུལ་བཞག་གི་གླེགས་བམ་སོགས་ལ་གཞི་བྱས་ཏེ་གླེང་ཆོག །
1.ངག་སྒྱུར་ལ་རང་གི་ཁྱད་ཆོས་མངོན་པར་གསལ་བ།
སྤྱིར་བཏང་གི་ལོ་ཙཱའི་གཞུང་ལུགས་སུ་སྐད་རིགས་མི་འདྲ་བ་ཕན་ཚུན་བར་གྱི་སྐད་ཆའི་སྒྲིག་གཞི་དང་བརྡ་སྤྲོད་སྟངས། རིག་གནས་བརྒྱུད་སྤྲོད། དགོས་པ་དང་དམིགས་ཡུལ་སོགས་གླེང་བའི་མཐའ་དཔྱོད་ཕལ་ཆེ་བ་ཡིག་སྒྱུར་ལ་འཚམ་པ་ལས། ངག་སྒྱུར་ལའང་ཤིན་ཏུ་རན་པ་དང་། དེ་གཉིས་ཀྱི་དམིགས་ཡུལ་དང་དགོས་པའང་གཅིག་མཐུན་ལྟར་སྐད་དང་ཡིག་རིགས་མི་མཐུན་པའི་སྤྱི་སྒེར་གང་རུང་གི་བར་ཕན་ཚུན་གོ་བརྡ་སྤྲོད་རྒྱུའི་ཆེད་དུ་ཡིན་པས། སྤྱི་ཕྱོགས་ནས་དེ་གཉི་ཀ་ལོ་ཙཱར་གཏོགས་ཕྱིར་ངོ་བོ་གཅིག་པའི་འབྲེལ་བ་ལྟར་སྣང་ཡང་། བྱེ་བྲག་ཏུ་དེ་གཉིས་ལའང་ཐུན་མིན་གྱི་ཁྱད་ཆོས་རེ་མངོན་པར་གསལ་ཏེ། གང་ཡིན་པ་ལ་ཐོག་མར་དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་སྟེང་ནས་འབྱེད་དགོས་ལ། དེ་ནི་ལོ་ཙཱའི་རྣམ་པ་དེ་གཉིས་ཀྱི་ལག་ལེན་ཁྲོད་ལོ་ཙཱ་བས་གང་ལ་བརྟེན་པའི་བདག་རྐྱེན་དབང་བོ་དང་ཡིད་ཤེས་ཀྱི་འཛིན་སྟངས་མ་འདྲ་བ་ལས་བྱུང་བ་ཡིན། ངག་སྒྱུར་ནི་གཙོ་ཆེ་བར་ལོ་ཙཱ་བས་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་བོ་གཟུགས་ཅན་པ་རྣ་དབང་ལ་བརྟེན་ནས་གཞན་ཕ་རོལ་བའི་མ་སྐད་ཀྱི་བརྡ་འཕྲིན་དེར་གོ་བ་ལེན་པ་དང་། བརྡ་འཕྲིན་གྱི་བསྟན་དོན་དེ་རང་ལ་སྔར་ཡོད་ཀྱི་བག་ཆགས་དང་འབྲེལ་ཏེ་འགྱུར་སྐད་ཀྱི་ལམ་ནས་ཉན་མཁན་ལ་དོན་ཤར་མོར་བརྗོད་པ་ཞིག་དང་། ཡིག་སྒྱུར་ནི་གཙོ་ཆེར་ཡིག་ཐོག་ཏུ་བཀོད་པའི་བརྗོད་པ་གང་ཞིག །ལོ་ཙཱ་བས་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་བོ་གཟུགས་ཅན་པ་མིག་དབང་ལ་བརྟེན་ནས་གོ་བ་ལེན་པ་དང་། བརྗོད་དོན་དེ་ཉིད་རང་ལ་སྔར་ཡོད་ཀྱི་བག་ཆགས་དང་། ཚིག་མཛོད་སོགས་རྒྱུ་ཆ་གང་རུང་ལ་བརྟེན་ནས་འགྱུར་ཡིག་ཏུ་ཕབ་པ་ཞིག་འདུག །ཁྱད་པར་དེ་འདྲའི་དབང་གིས་དེ་གཉིས་ཀྱི་ཡིད་ཤེས་ཀྱི་འཛིན་སྟངས་ལའང་ཁྱད་པར་བྱུང་བ་རེད། ངག་སྒྱུར་གྱི་དུས་སུ་མ་སྐད་འཆད་མཁན་གྱིས་གང་ཞིག་བརྗོད་བྱར་གྱུར་བའི་སྐད་ཆ་ངག་ནས་བརྗོད་མ་ཐག །ལོ་ཙཱ་བས་དེ་མུར་བརྗོད་བྱའི་དོན་ལ་གོ་བ་བླངས་ནས་བློར་འཛིན་པ་དང་། སྐད་ཅིག་གཉིས་པར་བརྗོད་བྱའི་དོན་དེ་ཉན་མཁན་ལ་བརྡ་སྤྲོད་དགོས་ན། ངག་སྒྱུར་ལ་བརྗོད་བྱའི་དོན་དེ་མུར་རྟོགས་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། དོན་ལ་དེ་མུར་གོ་བ་མ་ལོན་ཚེ་བློར་འཛིན་གྱི་རྒྱུ་ཆ་སྟོང་སོང་བས་ལོ་ཙཱའི་བྱ་བའང་འགྲུབ་ཐབས་མེད། དེ་བས་ངག་གི་ལོ་ཙཱ་བ་ཞིག་ལ་གང་སྒྱུར་བྱར་གྱུར་བའི་མ་སྐད་ལ་བྱང་ཆ་ལྡན་རྒྱུ་ནི་ཐོག་མའི་བླང་བྱའོ། །
2. ངག་སྒྱུར་ལ་རྒྱལ་སྤྱི་རང་བཞིན་གྱི་གོ་གནས་མངོན་པར་གསལ་བ།
ངག་སྒྱུར་སྤེལ་ཡུལ་ལ་ཁྱབ་ཆེ་ས་ནས་རྒྱལ་སྤྱིའི་ཚོགས་འདུ་མི་འདྲ་བ་སྣ་ཚོགས་དང་ཆུང་སར་སྐད་རིགས་མི་འདྲ་བ་སྤྱོད་པའི་གང་ཟག་ཕན་ཚུན་གྱི་བར་ལའང་སྤེལ་རུང་བ་ཡིན། ཡུལ་གྱི་ཁྱབ་ཆེ་ཆུང་གང་ཡིན་ཡང་དེ་ལ་གཏམ་བརྗོད་མཁན(མ་སྐད་འཆད་མཁན)དང་ལོ་ཙཱ་བ། ཉན་པ་པོ་གསུམ་དུས་གཅིག་ཏུ་གནས་གཅིག་ལ་འཛོམས་པའི་ཡུལ་ཁྱད་པར་བ་ཞིག་ཅིས་ཀྱང་ལྡན་དགོས། ལོ་ཙཱའི་ནུས་པ་མངོན་འཆར་འབྱུང་བ་ཡིག་སྒྱུར་ལས་ངག་སྒྱུར་གྱིས་མགྱོགས། ལྷག་པར་དུ་རེས་མོས་ངག་སྒྱུར(交替口译)ལྟ་བུའི་དུས་སུ། གང་ཞིག་བརྗོད་བྱའི་དོན་ལ་གོ་བ་མ་ལོན་པ་ཡོད་ན་ཐད་ཀར་གཏམ་བརྗོད་མཁན་ལ་གོ་བདེའི་ཚིག་གིས་དྲིས་ཏེ་ཉན་མཁན་ལ་ལོ་ཙཱ་སློག་ཆོག་ཅིང་། བསྒྱུར་རིམ་ཧྲིལ་པོའི་ནང་མ་སྐད་ལ་གཞི་བྱས་ཤིང་སྐད་ཆ་ལས་འདས་པའི་བརྡ་འཕྲིན་དག་གྲོགས་ལ་བརྟེན་ནས་གཏམ་བརྗོད་མཁན་གྱི་དགོངས་པར་གོ་བ་ཡང་དག་གིས་ཉན་མཁན་ལ་བརྡ་དོན་ཆ་ཚང་བར་སྤྲོད་ནུས་པ་ལ། ལོ་ཙཱ་སྤྱིའི་བླང་བྱར་གྱུར་བའི་བསྟུན་པའམ་མ་ཡིག་ལ་བློ་དཀར་བ་དང་། འཕྲོད་པའམ་ཉན་མཁན་ལ་བརྡ་ཡང་དག་པོར་འཕྲོད་པའི་ཕྱོགས་དེ་གཉིས་རང་བཞིན་གྱིས་གྲུབ་པ་སོགས་ཀྱིས། ང་ཚོས་ལོ་ཙཱ་ཞེས་པ་ལ་གོ་བ་ཡང་དག་ཞིག་ཀྱང་ངག་སྒྱུར་གྱི་སྟེང་ནས་རྙེད་ཐུབ་པར་སྙམ། །
གཉིས། ངག་གི་ལོ་ཙཱར་བརྗོད་པའི་དོན་དང་བསྟུན་རྒྱུ་གལ་ཆེ་བ།
བརྗོད་པ་འགྲུབ་བྱེད་ཀྱི་མིང་དང་ཚིག་ལ་སྤྱིར་བཏང་དང་གནས་སྐབས་ཀྱི་དོན་དང་། བརྗོད་པའི་དོན་ལ་བསྟན་དོན་དང་ལྐོག་གྱུར་གྱི་དོན། སྐད་ཆ་རང་ལྡོག་གི་དོན། ཡང་ན། བརྗོད་པ་ལ་མངོན་སུམ་གྱི་བརྡ་འཕྲིན་དང་ལྐོག་གྱུར་གྱི་བརྡ་འཕྲིན་སོགས་དོན་གྱི་གོ་བ་མི་འདྲ་བར་མཆིས་པ་དག་གོང་དུ་བསྟན་ཟིན་ལ། དེ་འདྲ་བས་ང་ཚོས་ངག་བསྒྱུར་གྱི་སྐབས་སུའང་སྐད་ཆ་གྲུབ་བྱེད་ཀྱི་མིང་དང་ཚིག་རེ་རེའམ། ཡང་ན་སོ་སོའི་སྤྱིར་བཏང་གི་དོན་ནམ་བསྟན་དོན། བརྗོད་པའི་མངོན་སུམ་གྱི་བརྡ་འཕྲིན་སོགས་ཕྱོགས་གཅིག་བཟུང་ནས་ཐད་སོར་བསྒྱུར་ན། མ་སྐད་ཀྱི་དོན་ལ་གོ་བ་ཡང་དག་པར་མི་རྙེད་པ་དང་། ཉན་མཁན་ལ་གཏམ་བརྗོད་མཁན་གྱི་དགོངས་འཆར་ལྷུག་པོར་བརྡ་མི་འཕྲོད་པ་བཅས་ཀྱི་སྐྱོན་དུ་འགྱུར་ངེས་ཤིང་། ངང་ཚུལ་དེ་ལྟ་བུ་ནི་ལོ་ཙཱའི་སྐབས་སུ་གཟབ་པར་བྱ་བའི་གནད་གཙོ་བོར་འཁུམས་པས། འདིར་ངག་བསྒྱུར་སྐབས་ཀྱི་གོ་བའི་ཡུལ་གཙོ་བོར་གྱུར་བའི་བརྗོད་པའི་དོན་ལ་གོ་བ་ཅི་ལྟར་ལེན་རྒྱུ་དེ་ངག་བསྒྱུར་སྐབས་རྒྱུན་མཐོང་གི་སྣང་ཚུལ་འགའ་དང་འབྲེལ་ཏེ་ཅུང་སྤྲོས་པ་ལ། ཐོག་མར་ངག་སྒྱུར་དེ་ཡིག་སྒྱུར་དང་མི་འདྲ་བར། ཉན་མཁན་གྱིས་གཏམ་བརྗོད་པའི་སྐད་ཅིག་དེ་ལ་དོན་གྱི་གོ་བ་མ་ལོན་ཚེ། གཞན་དུ་བསམ་བློ་གཏོང་བ་སོགས་ལ་དུས་ཚོད་ཀྱི་བཀག་རྒྱ་ཐེབས་སྲིད་པ་རེད། རིག་གནས་ཀྱི་ཁོར་ཡུག་མ་འདྲ་བ་ལས་བྱུང་བའི་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་སོགས་མ་འདྲ་བ་ལ་བརྟེན་ནས། ཁོ་ཚོའི་སྐད་ཆའི་བརྗོད་སྟངས་ལའང་ཁྱད་པར་བྱུང་ཡོད། ངག་སྒྱུར་ནི་སྐད་ཆའི་རྣམ་པ་ལ་བརྟེན་ནས་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་བྱ་འགུལ་ཞིག་ཡིན་པ་དང་། དེ་ཡི་གཏམ་བརྗོད་མཁན་དང་ལོ་ཙཱ་བའི་བརྡ་སྤྲོད་ཡུལ་གཉིས་ཀྱི་རིག་པའི་གོ་རྟོག་དང་མཐོང་ཐོས་ཀྱི་ཡོན་ཏན་སོགས་ཀྱང་ཚད་འདྲ་བར་མ་ངེས་པས། གཏམ་བརྗོད་མཁན་གྱི་བརྗོད་པའི་དོན་ཐད་ཀར་ཚིག་ངོས་ལྟར་ལོ་ཙཱ་བྱས་ཚེ། བརྡ་སྤྲོད་ཡུལ་གྱིས་དོན་རྟོགས་མི་ནུས་པའི་ཚུལ་ཀྱང་འབྱུང་སླ། དེ་བས་ཐད་ཀར་ཚིག་ངོས་ལྟར་ལོ་ཙཱ་བྱས་ན་མང་ཚོགས་ཀྱིས་གོ་མི་ཐུབ་པ་དང་། གནས་ཚུལ་དེ་འདྲའི་སྐབས་སུ་ལོ་ཙཱ་བས་གཏམ་བརྗོད་མཁན་གྱི་བརྗོད་དོན་དེ་མང་ཚོགས་འདྲིས་ཆེ་བའི་སྐད་ཆའི་ལམ་ནས་འགྲེལ་བཤད་ཀྱི་ཚུལ་དུ་ལོ་ཙཱ་བྱེད་རྒྱུ་གལ་ཆེ་ཞིང་། ངག་སྒྱུར་བས་སྐད་ཆའི་བཀོད་སྤྱོད་དམ་བརྗིད་ལྷུག་གི་ཚད་དེ་གཙོ་བོ་འགྱུར་ཆོས་ཁ་གཏད་སའི་ཉན་མཁན་ལ་དམིགས་ཏེ་གཏན་ལ་ཕབ་དགོས་པར་འདོད། །