སྤྱོད་ལམ་དང་ཁམས་ལུགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23
ས་སྒང་ཧྲིལ་པོ་འདིར་གཞིས་བྱེས་སུ་གྲུབ་པའི་འགྲོ་བ་མིའི་རིགས་འདིར་ཐུན་མོང་ངང་གཏན་ཆགས་སུ་གྱུར་པའི་འཚོ་བའི་གྲུབ་ཆ་རེ་རེ་ཡོད་ལ། འཚོ་བའི་གྲུ་ག་རེ་རེར་ཡང་མིའི་སྤྱོད་ལམ་དང་འབྲེལ་ཏེ་ཕན་ཚུན་ལ་གནོད་འཚེ་གཏོང་མཁན་དང་དེ་ཁུར་དུ་མྱོང་མཁན་ཡང་མང་པོ་ཞིག་ཡོད་པ་གོར་མ་ཆག་གོ །དེར་བརྟེན་ང་ཚོ་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་འདི་དགའ་བདེའི་ངང་ལོངས་སུ་སྤྱོད་ཆེད། རྒྱལ་ཁབ་ཀྱིས་ང་ཚོ་ལ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་དང་མཐུན་པའི་ཁྲིམས་ལུགས་མང་པོ་ཞིག་གཏན་འབེབས་བྱས་ཡོད་ལ། འདི་ཡིས་ང་ཚོ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཀོད་དང་འཚོ་སྡོད་ཀྱི་གོ་རིམ་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་ཡོད།
མི་ཞིག་ལ་ཆ་མཚོན་ནས་བཤད་ན་སྤྱོད་ལམ་ནི་ཀུན་སྤྱོད་ཀྱི་ཚད་གཞི་ཡིན་པ་དང་། དེས་ཐད་ཀར་དུ་སྤྱི་ཚོགས་དང་འཚོ་བ་གང་རུང་ལ་ཕན་གནོད་ཀྱི་འབྲས་བུ་མི་འདྲ་བ་མངོན་དུ་འཇུག་བཞིན་ཡོད་དེ། མིར་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཟེར་བའི་དཔེ་ལྟར། ང་ཚོ་འཇིག་རྟེན་འདིར་འཚོ་ཞིབ་གཞེས་པའི་མི་བུ་རེ་རེར་ཡང་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་སྤྱོད་ལམ་རེ་རེ་ཡོད་པ་སྟེ། འགའ་ཞིག་གིས་ཤེས་རིག་དང་ལག་རྩལ། ཡང་ན་རང་ཉིད་ཀྱི་ལུས་སྟེང་གི་འཇོན་ནུས་གང་མང་ལ་བརྟེན་ནས་རང་ཉིད་ཀྱི་ལྟོ་རྒྱབ་ཐག་གཅོད་པ་དང་སྤྱི་ཚོགས་ལ་ཕྱོགས་གང་ས་ནས་སྲི་ཞུ་གང་རུང་སྒྲུབ་བཞིན་ཡོད་ལ། ཡང་རེ་འགས་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གམ་བསམ་བློའི་འཁྱེར་སོ་གང་རུང་ལ་བརྟེན་ནས་ཕ་རོལ་པོའི་བདེ་སྡུག་ལ་མནོ་བསམ་ཅི་ཡང་མི་གཏོང་བར་གནོད་འཚེ་གཏོང་བཞིན་འདུག་ཅིང་། དེ་ཡིས་སྤྱི་ཚོགས་འདིའི་གྲུབ་ཆར་གྱུར་ཡོད་པའི་མི་བུ་རེ་རེའི་བསམ་བློ་དང་ཀུན་སྤྱོད་ཐད་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།
སྤྱིར་མི་བུ་སུས་ཀྱང་རང་ཉིད་ཀྱི་འཚོལ་སྙེག་གི་ལམ་བུའི་ཁྲོད་དུ་ཁེ་ཕན་དང་ལོངས་སྤྱོད་ཕྱོགས་སུ་བསྙེགས་སྲིད་ལ་བསྙེག་ཀྱང་འོས་པ་ཞིག་ཡིན། ཡིན་ནའང་དེ་དག་ཐོབ་པའི་གོ་རིམ་ཚུལ་མཐུན་ཡིན་མིན་ནི་མི་དེའི་བྱ་སྤྱོད་ལ་རག་ལས་ཡོད། འགའ་ཞིག་གིས་རང་ཉིད་ཀྱི་རྩོལ་བར་མི་བརྟེན་པར་གཞན་གྱི་ངལ་རྩོལ་དང་བསམ་བློའི་འབྲས་བུ་ཁོ་ནར་དམིགས་ཏེ། ནམ་ཡང་ཁོར་ཡུག་མི་འདྲ་བ་དང་གནས་བབ་ལེགས་མིན་གང་རུང་བུ་ཕ་རོལ་པོའི་ངལ་རྩོལ་སྣང་མེད་དུ་བཞག་སྟེ། རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རྐུ་འཕྲོག་ཁོ་ནར་བརྟེན་ནས་འཚོ་བ་རོལ་སྟངས་ཀྱི་རྣམ་པ་ཞིག་ཏུ་སྤྱོད་བཞིན་ཡོད་པས། དེས་སྤྱི་ཚོགས་སྟེང་གི་མི་མང་པོ་ཞིག་གི་ཚེ་སྲོག་དང་རྒྱུ་ནོར་གྱི་ཐད་ལ་འཇིགས་སྐུལ་ཆེན་པོ་ཐེབས་འདུག་ལ། ལྷག་པར་དུ་དེང་གི་འཆམ་མཐུན་སྤྱི་ཚོགས་ལ་གནོད་པ་ཆེན་པོ་ཐེབས་བཞིན་འདུག་པ་སོགས་ཀྱི་ཚུལ་མཐུན་མིན་པའི་བྱ་སྤྱོད་མང་པོ་ཞིག་མི་རང་ཉིད་ཀྱི་སྤྱོད་ལམ་དང་འབྲེལ་ནས་ཁྲིམས་འགལ་བྱ་བ་སྣ་ཚོགས་ཤིག་འབྱུང་བཞིན་འདུག་ཅིང་། དེ་དག་ལ་རྒྱུ་འབྲས་དང་མཐུན་པའི་ཁྲིམས་ལུགས་དོན་ཚན་མང་པོ་ཞིག་གིས་ཚད་བཀག་བྱས་ཡོད་པས། སྤྱི་ཚོགས་འདི་ཞི་བདེ་དང་འཆམ་མཐུན་གྱི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་ཡོད་ལ། སྤྱི་འབངས་སུ་གྱུར་ཡོད་པའི་མི་བུ་དག་གིས་ཀྱང་དེར་གོར་བཀུར་དང་ཡི་རངས་བྱེད་བཞིན་ཡོད་པ་དང་། བྱེད་ཀྱང་འོས་པ་ཞིག་ཡིན་པ་སྟེ། དེས་ཐད་ཀར་དུ་ང་ཚོའི་འཚོ་བར་བདེ་སྐྱིད་སྟེར་ཐུབ་པ་མིའི་རིགས་ཀྱི་སྤྱོད་ལམ་ངན་པ་དག་ལེགས་བཅོས་བྱེད་ཐུབ་པས་སོ། །