ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ ཇུས་ལག་ལེན་གཏིང་ཟབ་བསྟར་དགོས་པའི་ནན་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-01


ཟླ་11ཚེས་26ཉིན་ནས་28ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་བ།
   ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག དམག་དཔུང་བཙུགས་ཚུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ཏེ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་དགོས་པའི་ནན་བཤད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ནས་28ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་དེ་མི་བཀོལ་སྤྱོད་འོས་འཚམ་བྱེད་རྒྱུར་ཐུག་ཡོད། ཤེས་ལྡན་མི་སྣ་ནི་རང་རེའི་དམག་དཔུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་གྱི་འགྲན་རྩོད་དང་འབྱུང་འགྱུར་གྱི་དམག་འཁྲུག་ལ་རང་འགུལ་འཐོབ་པར་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡིན་པས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་དང་། རང་རེའི་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་སྐྲུན་པའི་ངོས་ནས་བརྗོད་ན། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་བཙུགས་ཚུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད། སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་ནས་ཤེས་ལྡན་མི་སྣའི་སྤྱི་ཡོངས་ཀྱི་ཆུ་ཚད་འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་གྱི་དམག་དཔུང་གི་མདུན་གྲལ་དུ་སླེབས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། ཞི་ཅིན་ཕིང་ཅིང་ཤིས་མགྲོན་ཁང་དུ་ཕེབས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་འདུའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཐོག་མར་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་རང་རེའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་གང་མགྱོགས་བསྐྲུན་ཏེ། ཤེས་ལྡན་མི་སྣ་འདུ་སྤྱོད་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། ཤེས་ལྡན་མི་སྣའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། དམག་གྲབས་དང་དམག་འཐབ་ལ་དམིགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་། དམག་དོན་མི་སྣའི་དེང་རབས་ཅན་འཛུགས་སྐྲུན་གྱི་བཀོད་པར་ཤུགས་སྣོན། དམག་དོན་གྱི་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣའི་ཁྱབ་ཁོངས་སྒོ་དབྱེ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་ལ་ལོ་བརྒྱ་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེར་ཉིན་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། རང་རེའི་དམག་དཔུང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་སྟབས་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་གསར་པ་གཞིར་བཟུང་། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བའི་ལས་འགན་སྒྲུབ་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་བྱ་སྤྱོད་སྤེལ་བར་དམ་འཛིན་གྱིས། ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་ཐད་ཀྱི་ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་བསྟར་བར། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་པ། དམག་དོན་མི་སྣའི་འཇོན་ཐང་དང་བྱང་ཚད། གྲུབ་ཚུལ་བཀོད་སྒྲིག གསར་སྤེལ་དང་དོ་དམ་བཅས་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བཅས་བྱས་ཏེ། དམག་དོན་མི་སྣའི་དེང་རབས་ཅན་ལ་འཕེལ་རིམ་གལ་ཆེན་ཡོང་བའི་འགན་ལེན་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་ཚད་བརྒལ་གལ་ཆེན་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་བསྟར་བར། ངེས་པར་དུ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་མཐར་ཕྱིན་དང་། ངེས་པར་དུ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་ཤེས་ལྡན་མི་སྣའི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། ངེས་པར་དུ་འཛམ་གླིང་དམག་དོན་གྱི་མདུན་གྲལ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་གལ་ཆེན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བཅས་ལ་ཁ་ཕྱོགས་པ། ངེས་པར་དུ་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་པ། ངེས་པར་དུ་དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ངེས་པར་དུ་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་བཅས་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་བསྟར་བར། ཁྱོན་ཡོངས་ལ་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག ཞབས་ཞུ། རྒྱབ་སྐྱོར། སྐུལ་ལྕག་སོགས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། གཙོ་གནད་ཚད་བརྒལ་གྱིས་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ལས་དོན་སྤྱི་ཡོངས་ཁྲོད་རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དམག་དོན་གྱི་དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། འཆར་འགོད་འབྲེལ་མཐུད་དང་། སྲིད་ཇུས་འབྲེལ་མཐུད། ལས་དོན་འབྲེལ་མཐུད་བཅས་ཡག་པོ་བྱས་ནས། རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ཕན་འབྲས་ཆེན་པོས་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ཚད་གཞི་ནི་རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ཚད་གཞི་ཨང་དང་པོ་དང་། ཆབ་སྲིད་ཀྱི་བླང་བྱ་ནི་རང་རེའི་དམག་དཔུང་གི་ཤེས་ལྡན་མི་སྣའི་ཆེས་རྩ་བར་གྱུར་པའི་བླང་བྱ་ཞིག་རེད། ཆབ་སྲིད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་མི་སྣ་གསོ་སྐྱོང་དང་ཆབ་སྲིད་ཀྱི་རྟོག་ཞིབ་ལས་དོན་ཡག་པོ་བསྒྲུབས་ནས་གསོ་སྐྱོང་དང་བཀོལ་སྤྱོད་བྱས་པའི་ཤེས་ལྡན་མི་སྣ་ཆབ་སྲིད་ཀྱི་ཐད་རྦད་དེ་ཉམས་སད་ཐེག་པའི་འགན་ལེན་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་ལམ་བུར་ཡག་པོ་སྐྱོད་རྒྱུ་མཐའ་འཁྱོངས་དང་དམག་དཔུང་གིས་གསོ་སྐྱོང་གཙོ་བོར་བྱེད་པ་དང་བྱེད་ཐབས་སྣ་ཚོགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། རང་རེའི་དམག་དཔུང་གི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་སྟངས་ཤིག་ཆགས་པར་བྱས་ཏེ་དམག་གྲབས་དང་དམག་འཐབ་ཀྱི་ཤེས་ལྡན་མི་སྣའི་འདོན་སྤྲོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཚན་རྩལ་གྱི་བྱང་ཚད་མཐོ་རུ་བཏང་ནས་དེང་རབས་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་འཇོན་ཐང་དངོས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་སློབ་གླིང་དང་སློབ་གྲྭ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་དམག་དོན་སློབ་གླིང་དང་སློབ་གྲྭ་རྩེར་སོན་འཛུགས་སྐྲུན་དང་དམག་དོན་ཤེས་ལྡན་མི་སྣ་རྩེར་སོན་གསོ་སྐྱོང་མགྱོགས་སུ་གཏོང་དགོས། ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་དཔོན་དམག་ཚོར་ཚ་ཚ་འུར་འུར་གྱི་དམག་དོན་ལག་ལེན་སྤེལ་རིང་དཀའ་སྡུག་བཟོད་པ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ཁོ་ལག་རྒྱས་པ། འཇོན་ཐང་འཕེལ་བ་བཅས་ཀྱི་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཁག་གི་ཤེས་ལྡན་མི་སྣ་ཡག་པོ་སྤྱོད་པ་དང་སྤྱོད་མཁས་པ་དང་། བེད་སྤྱོད་རྩ་བར་འཛིན་རྒྱུ་མཐའ་འཁྱོངས། དམག་དོན་ཤེས་ལྡན་མི་སྣའི་ཐོན་ཁུངས་གནད་སྨིན་དང་ནུས་ཆེའི་ངང་བཀོད་སྒྲིག་བཅས་བྱས་ཏེ་ཤེས་ལྡན་མི་སྣ་བཀོད་སྒྲིག་ཡག་ཤོས་ཐུབ་པ་དང་ཕན་ནུས་ཆེ་ཤོས་ཐོན་པའི་འགན་ལེན་བྱེད་དགོས། རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་ཀྱིས་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་ཤེས་ལྡན་མི་སྣ་དང་། རྣམ་གསར་གཡུལ་འགྱེད་སྟོབས་ཤུགས་ཀྱི་ཤེས་ལྡན་མི་སྣ། རིམ་མཐོའི་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་གྱི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་དང་བཀོལ་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ཏེ། ཅུན་ཧྲི་དམག་དཔོན་དང་ཞི་བའི་ལས་འགན་འཁུར་མཁན་གྱི་ནུས་པ་ཡག་པོ་འདོན་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་དོན་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་རིགས་ཁག་གི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། དོ་དམ་གྱི་འདུ་ཤེས་དང་ཐབས་ཤེས་གསར་གཏོད་བྱེད་པ་དང་། ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་དང་། ལམ་ལུགས། མ་ལག་བཅས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་སྲིད་ཇུས་དང་ལམ་ལུགས་ལྷན་སྦྱར་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དམག་དཔུང་ཡོངས་སུ་ཤེས་ལྡན་མི་སྣར་ཡིད་ཆེས་དང་། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣར་རྒྱབ་སྐྱོར། ཤེས་ལྡན་མི་སྣར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཏེ། ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་ངར་ཤ་གང་ལེགས་སློང་དགོས།
 ཟླ་11ཚེས་26ཉིན་ནས་28ཉིན་བར་ཀྲུང་དབྱང་དམག་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1