[ནང་དོན་གནད་བསྡུས།] 1982ལོ་ནས་2017ལོའི་བར་གཞུང་གཉེར་བོད་ཡིག་རིག་གཞུང་དུས་དེབ་ཁག་ཏུ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེའི་སྐོར་ལ་དཔྱད་རྩོམ་41སྤེལ་ཡོད། རྩོམ་འདིར་དཔྱད་རྩོམ་དེ་དག་དཀྱུས་སུ་བཟུང་སྟེ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཞིབ་འཇུག་གནས་བབ་དེ་དུས་སྔ་ཕྱི་རིམ་པ་གཉིས་སུ་བགོས་ཤིང་། དེ་དང་འབྲེལ་ནས་རྡོ་བརྐོས་ཡི་གེའི་མིང་འདོགས་སྟངས་དང་། རྡོ་བརྐོས་ཡིག་ཚང་དག་སྒྲིག་དང་རིགས་དབྱེ་ངོས་འཛིན་གཅིག་གྱུར་བྱེད་ཚུལ། འབྲེལ་ཡོད་ཞིབ་འཇུག་ཁྲོད་ཀྱི་གནད་དོན་དང་ཞིབ་འཇུག་ཁ་ཕྱོགས་བཅས་ལ་རང་ཉིད་ཀྱི་བསམ་ཚུལ་རགས་ཙམ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] སྤུ་རྒྱལ་བཙན་པོའི་དུས་སྐབས། རྡོ་བརྐོས་ཡི་གེ། ཞིབ་འཇུག་གནས་བབ།
ད་སྔ་ཡན་ཆོད་དུ་རང་རྒྱལ་གྱི་བོད་ཁུལ་དུ་རྙེད་སོན་བྱུང་བའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེ་ཁྱོན་བསྡོམས་ཉེར་བདུན་[1]ཡོད་ཅིང་། དེ་དག་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ལྗོངས་ཞིང་ལྔ་ལས་རྙེད་པ་ཤ་སྟག་ཡིན།[2] རྡོ་བརྐོས་ཡི་གེ་དེ་དག་སྤུ་རྒྱལ་བཙན་པོའི་དུས་ཀྱི་བརྡ་སྤྲོད་འཕེལ་འགྱུར་དང་། ཆབ་སྲིད་སྒྲིག་གཞི། དཔལ་འབྱོར་གནས་སྟངས། ཆོས་ལུགས་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་དོ་སྣང་དང་གཙིགས་ཆེན་བྱེད་བཞིན་ཡོད་ལ་འབྲེལ་ཡོད་དཔྱད་འབྲས་གསར་པའང་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་ཐོན་དང་འཐོན་མུས་སུ་མཆིས། འོན་ཀྱང་རྒྱལ་ནང་ལ་མཚོན་ན། རྒྱ་ཡིག་གི་ཞིབ་འཇུག་འབྲས་བུ་དང་བསྡུར་ཚེ་བོད་ཡིག་གིས་བྲིས་པའི་རིག་གཞུང་དཔྱད་འབྲས་ཁག་ལ་རྒྱ་བོད་ཞིབ་འཇུག་པའི་སྡེ་རུ་དོ་སྣང་ཆེན་པོ་བྱུང་མེད་པར་སྣང་བས། འདིར་ཉེ་བའི་ལོ་ངོ་སུམ་ཅུ་ལྷག་རིང་གཞུང་གཉེར་བོད་ཡིག་རིག་གཞུང་དུས་དེབ་ཁག་ཏུ་རྡོ་བརྐོས་ཡི་གེའི་སྐོར་ལ་བོད་ཡིག་ཏུ་སྤེལ་བའི་དཔྱད་རྩོམ་དག་དཀྱུས་སུ་བཟུང་སྟེ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེའི་ཞིབ་འཇུག་གནས་ཚུལ་དང་དེ་དག་གི་ཞིབ་འཇུག་ཁྲོད་ལྷགས་པའི་གནད་དོན་ལ་རང་ཉིད་ཀྱི་བསམ་ཚུལ་ཙམ་གདོན་རྒྱུ་ཡིན།
དང་པོ། 1982-2000ལོའི་བར་གྱི་ཞིབ་འཇུག་གནས་ཚུལ།
དེ་ཡང་ཞིབ་འཇུག་འབྲས་བུར་གཞིགས་ན། སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་ཡི་གེ་ལ་བོད་ཡིག་ཐོག་ནས་ཐོག་མར་དཔྱད་རྩོམ་འབྲི་མཁན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། གཉའ་གོང་དཀོན་མཆོག་ཚེ་བརྟན། པ་སངས་དབང་འདུས་སོགས་ཡིན་ལ། དུས་སྐབས་འདིའི་ཞིབ་འཇུག་བྱ་ཡུལ་གྱི་རྡོ་བརྐོས་ཡི་གེ་མང་ཆེ་བ་ནི་བོད་ལྗོངས་ས་ཁུལ་ཁོ་ན་ནས་རྙེད་པ་རེད།
1982ལོར་པ་སངས་དབང་འདུས་ཀྱིས་སྤེལ་བའི་«གསར་དུ་རྙེད་པའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡི་གེ་»[3]ཞེས་པར། ལྷོ་བྲག་རྫོང་གི་བྲག་བརྐོས་ཡི་གེ་ཁག་གཉིས་དཔྱད་གཞིར་བཟུང་སྟེ་དེ་ནི་བློན་ལྡེའུ་ཅུང་ལ་ཁྲི་ལྡེ་སྲོང་བཙན་གྱིས་གཟིགས་བཟོས་རང་བཞིན་གྱི་མནའ་གཙིགས་གནང་བ་ཡིན་པར་བརྗོད་ཡོད། 1984ལོར་འཇམ་དབྱངས་ཀྱིས་བརྟག་དཔྱད་སྙན་ཞུའི་རྣམ་པས་«བསམ་ཡས་རྡོ་རིང་དང་དྲིལ་བུའི་སྐོར་གླེང་བ་»[4]ཞེས་པའི་རྩོམ་ཡིག་སྤེལ་ཏེ། བསམ་ཡས་དགོན་པའི་རྡོ་རིང་ནི་བསམ་ཡས་དགོན་པ་བཞེངས་གྲུབ་མཚམས་སུ་བསླངས་ཤིང་། རྡོ་རིང་སྟེང་གི་ཡི་གེ་ཡང་སྐད་གསར་བཅད་གོང་གི་ཡིན་པའི་ལྟ་ཚུལ་བཏོན་ཡོད། 1985ལོར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་སྤེལ་བའི་«ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ་»[5]ཞེས་པར་ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ་ནི་སྤྱི་ལོ་796-815བར་གྱི་ལོ་གང་རུང་ཞིག་ལ་བརྐོས་པར་འདོད་ཅིང་། 1988ལོར་སྤེལ་བའི་ཁོང་གི་དཔྱད་རྩོམ་«བཙན་པོའི་དུས་ཀྱི་བྲག་བརྐོས་ཡིག་རིས་གཅིག་གསར་དུ་མཚམས་སྦྱོར་ཞུ་བ་»[6]ཞེས་པར། ལྡན་མའི་བྲག་བརྐོས་ནི་སྤྱི་ལོ་804ལ་བཞེངས་པ་དང་། བྲག་བརྐོས་ཡི་གེ་འདི་ལས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་དགེ་སློང་བྲན་ཀ་ཡོན་ཏན་བཀའ་ཆེན་པོ་ལ་གཏོགས་པར་མ་ཟད། བློན་ཆེན་ཞང་འབྲོ་ཁྲི་གཟུང་རམ་ ཤགས་ཀྱི་གོང་དུ་བཞག་ནས་ཐང་བོད་འཇལ་དུམ་གྱི་ལས་འགན་བཅོལ་བ་སོགས་ཀྱང་ཤེས་རྟོགས་ཐུབ་པར་གླེངས་ཡོད། ལོ་དེར་གཉའ་གོང་དཀོན་མཆོག་ཚེ་བརྟན་དང་པད་མ་འབུམ་གཉིས་ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད་དེ་«ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ་»[7]ཞེས་པའི་དཔྱད་རྩོམ་རིང་པོ་ཞིག་སྤེལ་ལ། དཔྱད་རྩོམ་དེར་རབ་བྱུང་བཅུ་དྲུག་པར་མཛད་པའི་«ཞལ་ལུང་»ཞེས་པར་དོགས་དཔྱོད་གནང་སྟེ་འབིས་རྣམ་སྣང་གཙོ་འཁོར་དགུ་དང་ཕྱོགས་བཅུ་སངས་རྒྱས་ཀྱི་ཐིག་རིས་བྲག་བརྐོས་མ་བཅས་ནི་ཁྲི་ལྡེ་སྲོང་བཙན་གྱི་རིང་སྟེ་སྤྱི་ལོ་806ལ་བཞེངས་པ་བསྟན་ཡོད། 1991ལོར་བསོད་ནམས་ཆོས་རྒྱལ་གྱིས་སྤེལ་བའི་«བོད་ཀྱི་གནའ་བོའི་རྡོ་རིང་། རྡོ་བརྐོས་ཡི་གེ། དྲིལ་བུའི་ཁ་བྱང་བཅས་ཀྱི་འགྲེལ་བ་»[8]ཞེས་པར་དབོན་ཞང་རྡོ་རིང་དང་ཞོལ་རྡོ་རིང་སོགས་རྡོ་རིང་ཡི་གེ་ཁག་ལྔ་ལ་འགྲེལ་བ་གནང་ཡོད་པར་མ་ཟད། བྲག་ཡེར་པའི་ཅོང་ཡིག་དང་ཁྲ་འབྲུག་དགོན་པའི་ཅོང་ཡིག་གཉིས་ལའང་འགྲེལ་བ་གང་འཚམ་གནང་ཡོད། 1994ལོར་ཚེ་བརྟན་དགེ་ལེགས་ཀྱིས་སྤེལ་བའི་«རྒྱལ་ལྡེ་སྐར་ཆུང་ལྷ་ཁང་གི་གནའ་ཤུལ་ལ་རྟོག་ཞིབ་བྱས་ཚུལ་»[9]ཞེས་པར། ར་མ་སྒང་གྲོང་ཚོར་ཆགས་པའི་སངས་རྒྱས་དགོན་པར་རྟོག་ཞིབ་གནང་ནས་དེའི་ཉེ་འགྲམ་དུ་རྙེད་པའི་རྡོ་བརྐོས་ཆག་གྲུམ་དེ་དག་སྔར་སྐར་ཆུང་ལྷ་ཁང་མདུན་གྱི་རྡོ་རིང་ཡིན་ཞིང་། རྡོ་རིང་གི་ནང་དོན་ལྟར་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་ནས་བཙན་པོའི་རྒྱལ་རྒྱུད་རྣམས་སྐུ་ཆུང་ངུར་རབ་ཏུ་འབྱུང་དགོས་ཚུལ་གླེངས་ཡོད། 1996ལོར་ཁུ་བྱུག་གིས་སྤེལ་བའི་«ཞོལ་རྡོ་རིང་ཡི་གེའི་ཁྱད་ཆོས་ལ་དཔྱད་པ་»[10]ཞེས་པར། ཞོལ་རྡོ་རིང་ངོས་ཀྱི་ཡི་གེ་གཞིར་བཟུང་ནས་དབུ་ཁྱུད་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་འགོ་མཚོན་པའི་གཟུགས་རིས་ལས་འགྱུར་ལྡོག་བྱུང་བ་དང་། བྱེད་འབྲེལ་གྱི་ཕྲད་ཡི་དང་ཡིས་གཉིས་ཀྱང་ཞོལ་རྡོ་རིང་འཛུགས་པའི་སྐབས་སྦྱོར་སྲོལ་མེད་པ་བསྟན་ཡོད། 1997ལོར་པ་སངས་དབང་འདུས་ཀྱིས་སྤེལ་བའི་«གསར་དུ་རྙེད་པའི་ཁྲོམ་ཆེན་རྡོ་རིང་ཡི་གེ་མཚམས་སྦྱོར་»[11]ཞེས་པར། ལྷ་རྩེ་ཁྲོམ་ཆེན་གྲོང་ཚོ་ནས་རྙེད་པའི་ཁྲི་གཙུག་ལྡེ་བཙན་རིང་གི་རྡོ་རིང་ནང་དོན་ལ་དཔྱད་ཞིབ་གནང་ནས་དེ་ནི་གཙུག་ལག་ཁང་དུ་བཙན་པོའི་སྐུ་རིམ་བསྒྲུབ་རྒྱུ་དང་དཀོན་མཆོག་ལ་མཆོད་པའི་ཕན་ཡོན་སོགས་བཀོད་པའི་རྡོ་རིང་ཞིག་ཡིན་ཚུལ་བརྗོད་ཡོད། སྐལ་བཟང་ཕུན་ཚོགས་ཀྱིས་སྤེལ་བའི་«དབོན་ཞང་རྡོ་རིང་གི་ལོ་རྒྱུས་དོན་སྙིང་དང་དེའི་ཞིབ་འཇུག་གི་རིན་ཐང་སྐོར་གླེང་བ་»[12]ཞེས་པར་དབོན་ཞང་རྡོ་རིང་ནི་བོད་རྒྱ་མི་རིགས་བར་གྱི་སྲིད་འབྱོར་རིག་གསུམ་བརྗེ་རེས་དང་བོད་ཀྱི་གནའ་བོའི་སྤྱི་ཚོགས་ལམ་ལུགས་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་དང་ཞིབ་འཇུག་གི་རིན་ཐང་ཆེ་ཚུལ་གླེངས་ཡོད་ཅིང་། ཀླུ་འབུམ་རྒྱལ་གྱིས་སྤེལ་བའི་«དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་པོའི་འབྲུ་འགྲེལ་གྱི་སྐོར་གླེང་བ་»[13]ཞེས་པར་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་པོར་འབྲེལ་ཡོད་དཔྱད་གཞི་ཁག་བསྡུར་ནས་འབྲུ་འགྲེལ་གསར་པ་གནང་ཡོད། 1998ལོར་ཚེ་བརྟན་བཀྲ་ཤིས་ཀྱིས་སྤེལ་བའི་«དབོན་ཞང་རྡོ་རིང་ལ་ཅུང་ཟད་དཔྱད་པ་»[14]ཞེས་པར། རྡོ་རིང་ངོས་ཀྱི་“འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་”ཞེས་པ་དང་ཡིག་རྙིང་གཞན་དུ་བྱུང་བའི་གཉའ་ཁྲི་བཙན་པོར་འབོད་པ་གཉིས་རྒྱལ་པོ་གཅིག་ཡིན་པ་སོགས་བསྟན་ཡོད།
གཉིས་པ། 2000—2017ལོའི་བར་གྱི་ཞིབ་འཇུག་གནས་ཚུལ།
2000ལོའི་རྗེས་ནས་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེ་ལ་སྔོན་ལས་དོ་སྣང་བྱུང་སྟེ་བོད་ཡིག་གི་དཔྱད་འབྲས་མི་ཉུང་བ་སྤེལ་འདུག་ཅིང་། དཔྱད་གཞིར་དྲངས་པའི་རྡོ་བརྐོས་ཡི་གེ་དག་ཀྱང་བོད་ལྗོངས་ལས་བརྒལ་ཏེ་མཚོ་སྔོན་དང་སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་གཞན་དང་། རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་དུ་གནས་པའི་རྡོ་བརྐོས་ཡི་གེའི་སྐོར་ལ་ཁྱབ་ཡོད།
2001ལོར་ཁ་སྒང་དཔལ་ཆེན་ཐར་གྱིས་སྤེལ་བའི་«ལྷོ་འཇང་ཏེ་ཧྭ་རྡོ་རིང་གི་སྐོར་གླེང་བ་»[15]ཞེས་པར། ལྷོ་འཇང་ཏེ་ཧྭ་རྡོ་རིང་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་སྲིད་བཟུང་བའི་སྤྱི་ལོ་766ལ་བསླངས་པ་དང་། དེ་ཉིད་རྒྱ་བོད་འཇང་གསུམ་གྱི་མི་རིགས་འབྲེལ་བར་ཞིབ་འཇུག་བྱེད་པར་རིན་ཐང་ཅན་གྱི་དཔྱད་གཞི་ཞིག་ཡིན་པ་བསྟན་ཡོད། 2002ལོར་འཇམ་དབྱངས་དར་རྒྱས་ཀྱིས་སྤེལ་བའི་«བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེའི་མཚོན་དོན་སྐོར་རགས་ཙམ་གླེང་བ་»[16]ཞེས་པར་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་རྣམས་ཀྱི་བརྗོད་དོན་གཙོ་ཆེར་ནང་བསྟན་བོད་དུ་སྤེལ་བའི་ཆོས་ཕྱོགས་སྐོར་དང་། སྲིད་དོན་གཙོར་བརྗོད་པའི་སྲིད་ཀྱི་སྐོར་གྱི་རྡོ་རིང་ཡི་གེ་བཅས་རིགས་ཆེན་པོ་གཉིས་ལ་བཀར་ཆོག་ཚུལ་གླེངས་ཡོད་ཅིང་། ཤ་བོ་བསོད་ནམས་ཀྱིས་སྤེལ་བའི་«རྡོ་རིང་ཡི་གེའི་མཚོན་དོན་སྐོར་ཅུང་ཙམ་གླེང་བ་»[17]ཞེས་པ་དང་། 2004ལོར་འགྱུར་མེད་ཀྱིས་སྤེལ་བའི་«བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེའི་ནང་དོན་སྐོར་གླེང་བ་»[18]ཞེས་པར་ཡང་རྡོ་རིང་གི་བརྗོད་བྱའི་མཚོན་དོན་སོགས་གླེངས་ཡོད། ལོ་དེར་རེབ་གོང་བྱམས་པས་སྤེལ་བའི་«གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་བརྡ་སྤྲོད་ཀྱི་ཁྱད་ཆོས་འགར་དཔྱད་པ་»[19]ཞེས་པར་བཀས་བཅད་ཐེངས་གཉིས་སྐབས་ཀྱི་བོད་ཡིག་གི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད་ཚུལ་གླེངས་འདུག་ཅིང་། བཀྲ་ཤིས་ཟླ་བས་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ལ་ཡུལ་དངོས་རྟོག་དཔྱོད་གནང་སྟེ་སྔ་ཕྱིར་དཔྱད་རྩོམ་གསུམ་སྤེལ་ཡོད། དེ་ལས་དཔྱད་རྩོམ་དང་པོ་ནི་«རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་དེའི་གནས་ཡུལ་སྐོར་གླེང་བ་»[20]ཞེས་པ་སྟེ། རྩོམ་དེར་རྡོ་བརྐོས་དེ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་རྐོང་རྗེ་དཀར་པོར་གནང་བའི་བཀའ་གཙིགས་ཡིན་པ་དང་། རྡོ་བརྐོས་གནས་ས་གཡུང་དྲུང་འཛིན་ཞེས་པའི་གྲོང་བརྡལ་ཡིན་པས་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ཞེས་མིང་འདོགས་དགོས་ཚུལ་བརྗོད་ཡོད། དཔྱད་རྩོམ་གཉིས་པ་ནི་«རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་མ་ཕྱི་དངོས་དང་དེ་འདྲ་བཤུས་བྱས་རིགས་འགའ་ཞིག་གི་གཤིབ་བསྡུར་»[21]ཞེས་པ་སྟེ། རྩོམ་ནང་དུ་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ངོ་བཤུས་གནང་ཞིང་གཤིབ་བསྡུར་ལ་བརྟེན་ནས་ད་བར་བྱུང་བའི་མ་ཕྱི་འདྲ་བཤུས་ཁག་ལས་འགལ་འཁྲུལ་བྱུང་རིགས་དག་སེལ་ཞུས་ཏེ་རྡོ་བརྐོས་ངོས་ཀྱི་མ་ཕྱི་དངོས་གང་ཡིན་ལ་རང་ཉིད་ཀྱི་ལྟ་ཚུལ་བཏོན་པ་དང་ཆབས་ཅིག་རྡོ་བརྐོས་ཡི་གེའི་ངོ་བཤུས་གོ་བདེར་ཡང་བཀྲལ་ཡོད། དཔྱད་རྩོམ་གསུམ་པ་སྤྱི་ལོ་2006ལ་སྤེལ་བ་ཞིག་ཡིན་ལ་[22]དེའི་ནང་དུ་སྔོན་མའི་དཔྱད་རྩོམ་གཉིས་ལ་ཁ་གསབ་གནང་སྟེ་རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་ནང་གསལ་བའི་ཕཱ་ནི་བོད་ཀྱི་གནའ་བོའི་རུས་མིང་ཞིག་དང་ཡབ་བླ་བདག་དྲུག་ཅེས་པ་གཉའ་ཁྲི་བཙན་པོའི་ཡབ་མེས་ཤིག་ཏུ་འདོད་ཅིང་། ལྷ་རི་གྱང་དོ་ཞེས་པ་ཀོང་པོ་བོན་རི་ཡིན་པ་སོགས་སུ་འགྲེལ་ན་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཆེ་བ་སོགས་བརྗོད་ཡོད།
2005ལོར་བསོད་ནམས་ཚེ་རིང་གིས་སྤེལ་བའི་«ཏུན་ཧོང་གཏེར་ཡིག་དང་སྐབས་དེའི་རྡོ་ཅོང་ཁྲམ་གསུམ་སོགས་བརྡ་རྙིང་པའི་རྟགས་ཀྱི་འཇུག་སྟངས་ལས་ཐོན་མིའི་སུམ་རྟགས་ཀྱི་དགོངས་པར་དཔྱད་པ་»[23]ཞེས་པར། ཏུན་ཧོང་གཏེར་ཡིག་དང་རྡོ་ཅོང་ཁྲམ་གསུམ་དཔྱད་གཞིར་དྲངས་ནས་སུམ་རྟགས་ཀྱི་རྩ་བ་ཐོན་མིས་བརྩམས་མིན་ལ་དོགས་སློང་བྱས་ཤིང་། དེང་སང་གི་སུམ་རྟགས་འགྲེལ་པ་དེ་ཡང་བོད་ཀྱི་རིག་གནས་འཕེལ་བའི་འགྲོས་དང་བསྟུན་ཏེ་ཕྱིས་བྱུང་མཁས་དབང་རྣམས་ཀྱིས་མཛད་པ་ཡིན་པའི་ལྟ་དགོངས་བཏོན་ཡོད། ཆབ་འགག་རྟ་མགྲིན་གྱིས་སྤེལ་བའི་«འཇང་ས་ཐམ་ཡུལ་ནས་ཐོན་པའི་ཐུ་བྷོད་རྡོ་རིང་ལ་དཔྱད་པ་»[24]ཞེས་པར། རྡོ་རིང་ངོས་ཀྱི་“མཚོ་རུམ་ལོང་ལ་”ཞེས་པ་འཇང་ས་ཐམ་ཡུལ་གྱི་ས་ཆ་ཞིག་ལ་ངོས་བཟུང་བ་དང་། “ཕོ་ཚོད་ཟང་མར་ནི་”ཞེས་པ་ཡུལ་དེའི་རྗེ་བོ་ལྟ་བུ་ཞིག་ལ་ངོས་འཛིན་གནང་སྟེ་རྡོ་རིང་འདི་ཡང་འཇང་པ་“ཕོ་ཚོད་ཟང་མར་ནི་”ལྟ་བུའི་མཛད་པ་ཅན་ལ་བསླངས་པ་ཡིན་ཚུལ་བརྗོད་ཡོད། དེའི་རྗེས་སུ་རྡོ་ལྷས་«གུ་ཙི་རྡོ་རིང་ཡི་གེ་དང་རི་མོའི་མཚོན་དོན་ལ་དཔྱད་པ་»[25]ཞེས་པ་ཞིག་སྤེལ་ཏེ། གུ་ཙི་རྡོ་རིང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་བཞེངས་པར་འདོད་པ་དང་། ཁོང་གིས་མཁས་པ་སྔོན་མའི་རིག་གཞུང་ལྟ་བ་ལ་དོགས་དཔྱོད་གནང་སྟེ་རྡོ་རིང་ངོས་ཀྱི་“ལོང་ལ་དག་”ཅེས་པ་ས་ཐམ་རྗེ་བོ་“ཡང་ཡུན་དུ་ཀུའི་”མཚན་གྱི་སྒྲ་བསྒྱུར་ཡིན་པ་སོགས་བསྒྲུབས་ཡོད། 2012ལོར་ཆབ་འགག་རྟ་མགྲིན་གྱིས་«མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེ་ལས་འཕྲོས་པའི་གཏམ་»[26]ཞེས་པ་སྤེལ་ཅིང་། རྩོམ་དེར་བང་སོ་ཨང་གསུམ་པའི་ནང་གི་རྡོ་རིང་ཡི་གེ་ལ་འགྲེལ་བ་གནང་ནས་དེའི་སྟེང་གི་ཡི་གེ་བཞི་པོའི་གོ་རིམ་“བློན་ཤེའུ་ཁྲི་ཀ་”ཞེས་པ་ཡིན་པ་དང་། དབུ་རུ་སྐྱི་ཤོད་ས་ཆའི་ཤེའུ་རུས་ཚོའི་དམག་དཔུང་ཞིག་འ་ཞའི་ཁོངས་གཏོགས་ཀྱི་གཏེར་ལམ་རྫོང་དུ་འོངས་ཏེ་གཡུལ་བཀྱེས་ནས་མངའ་རིས་བསྐྱེད་ཅིང་གཞིས་ཆགས་པས་རུས་ཚོ་དེ་ཉིད་ལས་མཆེད་པའི་བློན་པོ་ཤེའུ་ཡི་བང་སོ་ཡང་ས་དེར་བརྩིགས་པར་འདོད་པའི་ལྟ་དགོངས་བཏོན་ཡོད། སྟོབས་ལྡན་གྱིས་སྤེལ་བའི་«ཞྭ་ལྷ་ཁང་གི་བྱང་ངོས་ནས་རྙེད་པའི་ལྡོང་གི་བང་སོའི་རྡོ་རིང་ལ་ཐོག་མར་དཔྱད་པ་»[27]ཞེས་པར། ཞྭ་ལྷ་ཁང་བྱང་ངོས་ནས་རྙེད་པའི་བང་སོའི་རྡོ་རིང་ལ་བརྟག་དཔྱད་ཐེངས་མང་བརྒྱུད་རྡོ་རིང་དེ་ནི་རུས་ལྡོང་ཅན་གྱི་ཁྱིམ་རྒྱུད་ལ་གནང་བའི་རྡོ་རིང་ཡིན་པར་བརྗོད་ཡོད། འོན་ཀྱང་དཔྱད་རྩོམ་ནང་“ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་རིང་དབའས་སྟག་སྒྲ་ཀླུ་ཁོང་ལ་”ཞེས་སྟག་སྒྲ་ཀླུ་ཁོང་གི་གདུང་རུས་དབའས་ཡིན་པར་བྲིས་པ་ནོར་འཁྲུལ་ཏེ་རྡོ་རིང་རང་དུ་གདུང་རུས་ངན་ལམ་ཡིན་ཚུལ་བཀོད་པས་འདིར་བློ་གཟུ་བོས་ཡོ་བསྲང་བྱས་པ་ཙམ་ཡིན། 2013ལོར་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་སྤེལ་བའི་«ཁྲ་འབྲུག་དགོན་པའི་ཅོང་ཡིག་དང་ཞོལ་རྡོ་རིང་གི་ཡི་གེ་ཕབ་བཤུས་ནོར་བཅོས་སུ་འབྲེལ་བའི་དཔྱད་པ་ཕྲན་བུ་»[28]ཞེས་པར། ཁྲ་འབྲུག་དགོན་པའི་ཅོང་ཡིག་གི་གོ་རིམ་སྒྲིག་སྟངས་ནོར་བ་དང་ཞོལ་རྡོ་རིང་གི་ཡི་གེ་ཕབ་བཤུས་ཁྲོད་འྭ་ཡིག་དང་ཝ་ཡིག་ནོར་བའི་གནད་དོན་གཉིས་རྩ་བར་བཟུང་སྟེ། ཅོང་ཡིག་དེའི་གོ་རིམ་ཇི་ལྟར་ནོར་བའི་ཚུལ་དང་། འྭ་ཡིག་དང་ཝ་ཡིག་གཉིས་ནི་བོད་ཀྱི་ཡི་གེ་བྱུང་འཕེལ་ཁྲོད་ཀྱི་སྔ་རྗེས་ལས་འྭ་ཡིག་སྔོན་དང་ཝ་ཡིག་ཕྱིས་སུ་བྱུང་བའི་ལྟ་ཚུལ་བཏོན་ཡོད། ར་སེ་དཀོན་མཆོག་རྒྱ་མཚོས་སྤེལ་བའི་«འདན་སྟོད་བིས་མདོའི་བྲག་བརྐོས་གུཔྟའི་ཡི་གེའི་སྐོར་གླེང་བ་»[29]ཞེས་པར། རྣམ་སྣང་བྲག་བརྐོས་དང་ཉེ་བའི་བྲག་ལྡེབས་སུ་རྒྱ་གར་གྱི་གནའ་ཡིག་གུཔྟའི་ཡི་གེ་བརྐོས་ཡོད་པ་གླེང་གཞིར་བཟུང་ནས་བོད་ཀྱི་ཡི་གེའི་མ་ཕྱི་གུཔྟའི་ཡི་གེ་ཡིན་པ་དང་། བོད་བཙན་པོའི་དུས་སུ་ལེགས་སྦྱར་གྱི་ཡི་གེ་ཁོ་ན་ལས་ནང་ཆོས་བསྒྱུར་བ་མ་ཡིན་པར་ཐོག་མར་གུཔྟའི་ཡི་གེ་ལས་ཀྱང་བསྒྱུར་བ་སོགས་ཤེས་རྟོགས་ཐུབ་པར་བརྗོད་ཡོད། བསོད་ནམས་ཚེ་རིང་གིས་སྤེལ་བའི་«འབིས་རྣམ་པར་སྣང་མཛད་ལྷ་ཁང་དང་བྲག་བརྐོས་ཡི་གེའི་སྐོར་གླེང་བ་»[30]ཞེས་པར། འབིས་རྣམ་སྣང་གི་བྲག་བརྐོས་ཡི་གེ་དང་ལྷ་སྐུ་གཉིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་བཟུང་བའི་སྤྱི་ལོ་806ལ་བཞེངས་པ་ཡིན་ལ། ད་ལྟའི་ཡིག་ཆ་ཁ་ཤས་སུ་རྒྱ་བཟའ་ཀོང་ཇོ་དཔོན་གཡོག་གིས་བཞེངས་པར་གྲགས་པའི་ངག་རྒྱུན་དེའི་ཁུངས་གཏུག་ས་«བཀའ་ཆེམས་ཀ་ཁོལ་མ་»དང་«མ་ཎི་བཀའ་འབུམ་»གཉིས་ཡིན་པར་བསྒྲུབས་ཡོད། སངས་རྒྱས་དོན་གྲུབ་ཀྱིས་སྤེལ་བའི་«རྒྱལ་སྡེ་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་ཡི་གེའི་ནང་དོན་ལ་རགས་ཙམ་དཔྱད་པ་»[31]ཞེས་པར། ཆོས་རྒྱལ་མེས་དབོན་རྣམ་གསུམ་རིང་བན་བོན་འགལ་རྩོད་བྱུང་བའི་སྐོར་ལ་རྡོ་རིང་འདི་ཉིད་ཞིབ་འཇུག་གི་རིན་ཐང་ཆེ་བར་མ་ཟད། བོད་ཀྱི་ལོ་རྒྱུས་སུ་གསལ་ཁ་མེད་པའི་འདུས་སྲོང་མང་པོ་རྗེའི་རིང་གླིང་གི་ཁྲི་རྩེ་ལ་སོགས་པའི་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆོས་སྲིད་གཉིས་ལ་བཞག་པའི་ཕྱག་རྗེས་དག་ལ་ཞིབ་འཇུག་བྱེད་པར་ཡང་རྡོ་རིང་འདི་ཉིད་དཔྱད་གཞི་གལ་ཆེན་ཞིག་ཡིན་པའི་སྐོར་བསྟན་ཡོད།
2014ལོར་ལྕང་ཆུང་བསོད་ནམས་ཚེ་རིང་གིས་སྤེལ་བའི་«ཞོལ་རྡོ་རིང་ཆེས་ཐོག་མ་ནས་རྩེ་ཞོལ་དུ་བཙུགས་ཡོད་མེད་སྐོར་གྱི་དོགས་སློང་»[32]ཞེས་པར། རྒུན་འབྲུམ་ཧྭ་ཙོ་རྡའི་ཞིབ་འཇུག་འབྲས་བུའི་[33]སྟེང་ཡུལ་དངོས་རྟོག་ཞིབ་དང་འབྲེལ་ཡོད་ཡིག་ཚང་གཅིག་ཏུ་སྦྲེལ་ཏེ་ད་ལྟ་ཞོལ་རྡོ་རིང་དུ་འབོད་པ་དེ་ཆེས་ཐོག་མར་དབུ་རུའི་ཚལ་གུང་ཐང་གི་“ཕྱི་”ཞེས་པའི་ལུང་པར་བཙུགས་ཡོད་པ་དང་། དུས་རབས་བཅུ་བདུན་ཙམ་ལ་ཕོ་བྲང་དམར་པོ་བཞེངས་མཚམས་སུ་རྩེ་ཞོལ་དུ་སྤོས་པའི་ལྟ་དགོངས་གསལ་སྟོན་བྱས་ཐོག་ཡུལ་དེར་བང་སོ་ཆེན་པོ་ཞིག་ཡོད་པ་དེ་ཡང་སྟག་སྒྲ་ཀླུ་ཁོང་གི་བང་སོ་ཡིན་པའི་སྐོར་གླེང་སློང་བྱས་ཡོད། པ་དོན་གྱིས་སྤེལ་བའི་«ཞྭ་ལྷ་ཁང་གི་རྡོ་རིང་འབྱུང་ས་དང་དཔྱད་འབྲས་ཀྱི་འཁྲུལ་བ་འགའ་གླེང་བ་»[34]ཞེས་པར། འབྲེལ་ཡོད་དཔྱད་གཞིར་གཞིགས་ན་ཞྭ་ལྷ་ཁང་གི་སྒོ་དོན་དངོས་སུ་ཤར་ལ་གཏད་ཡོད་པས། རྡོ་རིང་ནུབ་མ་དང་རྡོ་རིང་ཤར་མ་ཞེས་བཏགས་ན་འགྲིག་ཅིང་རྡོ་རིང་གཉིས་ཀའི་ཐོག་མའི་འབྱུང་སའང་ཉི་མ་ལྕང་རྭ་ཤང་གི་བྱང་ངོས་ཀྱི་བྲག་སོག་བྲེགས་ཞེས་པ་ཡིན་ཚུལ་བསྒྲུབས་ཡོད། ཤ་བོ་མཁའ་བྱམས་ཀྱིས་སྤེལ་བའི་«འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་དང་འབྲེལ་བའི་དོགས་གཞི་འགར་དཔྱད་པ་»[35]ཞེས་པར། འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་གི་ཡི་གེ་ལ་ཕྱིས་སུ་ངོ་བཤུས་གནང་སྐབས་བཟོ་བཅོས་ཀྱི་ཆ་ཡོད་པ་དང་། རྡོ་རིང་དེ་ཉིད་ཀྱང་དུས་རབས་བཅུ་བདུན་པའི་ནང་ཞོལ་རྡོ་རིང་གི་ལས་དབང་དང་འདྲ་བར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་ནས་ད་ལྟའི་འཕྱོང་རྒྱས་ཞོལ་དུ་གནས་སྤོས་པའི་ལྟ་དགོངས་བཏོན་ཡོད། དཔྱད་རྩོམ་འདི་གསུམ་ནི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེའི་ཐོག་མའི་གནས་ཡུལ་ལ་ཆེད་དུ་ཞིབ་འཇུག་གནང་བའི་རྩོམ་ཡིག་དག་ཡིན། སངས་རྒྱས་བསོད་ནམས་ཀྱིས་སྤེལ་བའི་«དབོན་ཞང་རྡོ་རིང་ལས་རྒྱ་བོད་སྒྲ་སྒྱུར་སྐོར་ལ་དཔྱད་པ་»[36]ཞེས་པར། དབོན་ཞང་རྡོ་རིང་གཞིར་བཟུང་སྟེ་བོད་བཙན་པོའི་སྐབས་ཀྱི་བོད་ཡིག་གི་ཀློག་གདངས་ཁྲོད་བོད་ཡིག་གི་མགོ་འདོགས་འཕུལ་རྟེན་གྱི་སྒྲ་སོ་སོར་གསལ་པོར་འཐོན་ཞིང་། དེའི་ཆོས་ཉིད་ལ་བརྟེན་ནས་ལོ་ཙཱ་བྱེད་པའི་སྔ་རབས་ཀྱི་སྒྲ་སྒྱུར་ལོ་ཙཱའི་ཉམས་མྱོང་བཟང་པོ་དག་ད་ལྟའི་སྒྲ་སྒྱུར་ལོ་ཙཱའི་ཁྲོད་བེད་སྤྱོད་གཏོང་དགོས་པའི་རེ་བ་བཏོན་ཡོད། བར་ཁ་ངག་དཀོན་གྱིས་སྤེལ་བའི་«ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ཡི་གེར་གསལ་བའི་བོད་བཙན་པོའི་དུས་ཀྱི་བློན་ཆེན་ལྡེ་སྨན་ལྡེའུ་ཅུང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནད་དོན་སྐོར་མདོ་ཙམ་གླེང་བ་»[37]ཞེས་པར། ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ཡི་གེར་གསལ་བའི་ལྡེ་སྨན་ལྡེའུ་ཅུང་ཞེས་པའི་ལོ་རྒྱུས་མི་སྣ་དེ་ནི་མུ་ནེ་བཙན་པོའི་སྐབས་ཀྱི་བློན་ཆེན་གཙོ་གྲས་ཤིག་ཡིན་པ་དང་། མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་བར་གྱི་ཆབ་སྲིད་འཐབ་རྩོད་ནང་ཐོག་མཐའ་བར་གསུམ་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་ལ་གློ་བ་ཉེ་བས་བཙན་པོས་བློན་ཆེན་དེའི་ཕ་ལོ་སྣང་དང་བཅས་པའི་རྒྱུད་ཚར་ལ་དམིགས་བསལ་གྱི་དབང་ཐང་གནང་བའི་སྐོར་བརྗོད་ཡོད། གུ་གེ་ཚེ་རིང་རྒྱལ་པོས་སྤེལ་བའི་«གསར་དུ་རྙེད་པའི་བོད་བཙན་པོའི་སྐབས་བཞེངས་པའི་སྨར་ཁམས་རྫོང་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་སྣང་བརྙན་སྐོར་རགས་ཙམ་བརྗོད་པ་»[38]ཞེས་པར། སྨར་ཁམས་རྫོང་ནས་རྙེད་པའི་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་དག་ངོ་སྤྲོད་བྱས་པ་དང་ཆབས་ཅིག ཐང་རྒྱལ་རབས་ཀྱི་ནང་པའི་ལྷ་སྐུ་བྲག་ལ་བརྐོ་བའི་སྲོལ་དེ་རིམ་གྱིས་བོད་ཡུལ་དུ་དར་ཏེ་བོད་ཡུལ་ལའང་ལྷ་སྐུའི་སྣང་བརྙན་བྲག་ལོགས་སུ་བརྐོས་པའི་གནས་ཚུལ་བྱུང་བར་བརྗོད་ཡོད།
2015ལོར་པ་དོན་གྱིས་སྤེལ་བའི་«ཞྭ་ལྷ་ཁང་གི་རྡོ་རིང་དང་རྡོ་རིང་གཞན་བསྡུར་བའི་ཐོག་ནས་ཨི་ལྡན་གྱི་རྣམ་དབྱེའི་ཕྲད་ཀྱི་འགྱུར་ལུགས་ལ་དཔྱད་པ་»[39]ཞེས་པར། ཞྭ་ལྷ་ཁང་གི་རྡོ་རིང་དང་རྡོ་རིང་གཞན་བསྡུར་བའི་ཐོག་ནས་བརྡ་སྤྲོད་འཕེལ་རིམ་ཁྲོད་ཨི་ལྡན་གྱི་ཕྲད་ཆ་མི་ཚང་བ་ནས་རིམ་གྱིས་ཆ་ཚང་བར་གྱུར་པའི་གོ་རིམ་དང་མཐུན་པའི་ལྟ་ཚུལ་བཏོན་ཡོད། ཤ་བོ་མཁའ་བྱམས་ཀྱིས་སྤེལ་བའི་«སེར་ཤུལ་རྫོང་གི་གསར་རྙེད་བྲག་བརྐོས་ཁག་མཚམས་སྦྱོར་དང་དེའི་དཔྱད་ཞིབ་»[40]ཅེས་པར། ཉེ་བའི་ལོ་འགའི་རིང་སེར་ཤུལ་རྫོང་ནས་གསར་རྙེད་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡི་གེ་ཁག་ཅིག་མཚམས་སྦྱོར་དང་ངོ་བཤུས་གནང་བ་བརྒྱུད་འབྲེལ་ཡོད་ལྷ་སྐུའི་ཐིག་རིས་སྒྱུ་རྩལ་དང་དེ་དག་གི་ཁྱད་ཆོས་གསེད་བཀྲོལ་གནང་ཡོད། དཔྱད་རྩོམ་དེར་གླེང་བའི་བྲག་བརྐོས་ཡི་གེ་ནི་སི་ཁྲོན་དཀར་མཛེས་ཁུལ་ནས་ཡང་བསྐྱར་གསར་རྙེད་བྱུང་བ་དག་ཡིན།[41] 2016ལོར་ཆབ་འགག་རྟ་མགྲིན་གྱིས་སྤེལ་བའི་«གཏེར་ལམ་ཐུ་བྷོད་བང་སོ་ལས་ཐོན་པའི་མཆིམས་བཟའ་ལྷ་མོའི་བང་སོའི་རྡོ་རིང་ལ་དཔྱད་པ་»[42]ཞེས་པར། བང་སོའི་རྡོ་རིང་དེ་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་མཆིམས་བཟའ་ལྷ་མོ་བཙན་གྱི་བང་སོའི་དཀར་ཆག་རྡོ་རིང་ཡིན་ཞིང་། བཙུན་མོ་དེ་ཉིད་སྒྲུབ་པ་མཛད་མཁན་ཞིག་ཡིན་པས་སྐུ་གྲོངས་རྗེས་གཏེར་ལམ་ཤེའུ་རྩྭ་ཐང་གི་ཡུལ་གྱི་བཀོད་པ་ལེགས་པར་དམིགས་ཏེ་གནས་དེར་བང་སོ་མཆོད་རྟེན་གྱི་དབྱིབས་སུ་བརྩིགས་པ་སོགས་གླེང་བརྗོད་གནང་ཡོད། ཤ་བོ་མཁའ་བྱམས་ཀྱིས་སྤེལ་བའི་«རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་དུ་གནས་པའི་བོད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་ཡིག་རྙིང་ཁག་གཅིག་གླེང་བ་»[43]ཞེས་པར་ཕ་ཀི་སི་ཐན་ས་ཁུལ་གྱི་རྡོ་བརྐོས་ཡི་གེ་ཁག་བྱུང་བའི་དུས་ཚོད་དང་དེ་ནི་སྤུ་རྒྱལ་བཙན་པོའི་དམག་དཔུང་ཨེ་ཤ་ཡ་དབུས་མར་འདྲེན་སའི་ས་འགག་དང་འབྲེལ་བ་ལྡན་ཚུལ་བསྟན་ཡོད། ཀླུ་སྟོད་སྒྲོལ་མ་སྐྱབས་ཀྱིས་སྤེལ་བའི་«ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ལས་“གཡུང་དྲུང་རིས་དགུ་”སྐོར་ལ་གསར་དུ་དཔྱད་པ་»[44]ཞེས་པར། ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་སྟེང་གི་གཡུང་དྲུང་རིས་དགུ་ནི་སྤུ་རྒྱལ་བཙན་པོའི་སྐབས་སུ་བོན་བསྟན་ལ་དད་པ་ཅན་མང་བ་དང་བོན་བསྟན་སྤེལ་བཞིན་ཡོད་པའི་ལོ་རྒྱུས་རྒྱབ་ལྗོངས་སུ་འབྲེལ་བ་བསྟན་ཡོད། 2017ལོར་ཤ་བོ་མཁའ་བྱམས་ཀྱིས་སྤེལ་བའི་«ཧི་མ་ལ་ཡའི་ནུབ་རྒྱུད་ས་ཁུལ་གྱི་རྡོ་བརྐོས་ཡིག་རྙིང་གི་ཞིབ་འཇུག་གནས་བབ་གླེང་བ་»[45]ཞེས་པར། ཧི་མ་ལ་ཡའི་ནུབ་རྒྱུད་ཕྱོགས་སུ་ཞིབ་འཇུག་བྱེད་མཁན་གྱི་ནུབ་གླིང་པ་མང་ཆེ་བས་གཙོ་བོ་སྒྱུ་རྩལ་ལོ་རྒྱུས་སུ་གཞོལ་ཆེ་བས་འཛུགས་སྐྲུན་བཟོ་བཀོད་དང་ལྡེབས་རིས། དེ་ལས་བྱུང་བའི་མཚན་བྱང་ཁག་གི་འགྲེལ་བཤད་ཧ་ཅང་ཤུགས་ཆེ་ཚུལ་དང་། ཡུལ་དེ་དག་ཏུ་རྙེད་པའི་རྡོ་བརྐོས་ཀྱི་མཚན་བྱང་ཉུང་ཤས་ཤིག་ལ་ལྷ་བཙན་པོའི་སྐུ་ཡོན་དུ་བསྔོ་བའི་ནང་དོན་ཐོན་ཡོད་ལ། ལུགས་སྲོལ་འདིའི་ཁུངས་དེད་ན་སྔ་མོའི་རྒྱ་གར་གྱི་ཁུའུ་ཧྲན་རྒྱལ་རབས་སྐབས་སུ་འདེད་ཐུབ་པ་སོགས་གླེང་སློང་གནང་ཡོད་དོ། །
གསུམ་པ། མ་འོངས་ཞིབ་འཇུག་ཐད་ཀྱི་བསམ་གཞིག་ཕྲན་བུ།
མཁས་པ་སྔ་མའི་ཞིབ་འཇུག་གནས་ཚུལ་གྱི་རྨང་གཞིའི་སྟེང་སྤུ་རྒྱལ་བཙན་པོའི་རྡོ་བརྐོས་ཡི་གེའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་རགས་ཙམ་བཀོད་ན།
གཅིག རྡོ་བརྐོས་ཡི་གེའི་མིང་འདོགས་སྟངས་གཏན་འབེབས་བྱེད་པ།
ད་ལྟའི་བར་བོད་ཁུལ་ནས་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེ་ཉེར་བདུན་རྙེད་ཅིང་། དེ་དག་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད་ཁ་ཤས་ཀྱིས་སྐུ་ཞབས་དབང་རྒྱལ་དང་བསོད་ནམས་སྐྱིད་སོགས་ཆེད་མཁས་པ་སྔ་མའི་ལུགས་ལྟར་སྔར་མིང་སོར་བཞག་དང་། ཁ་ཤས་ཀྱིས་ཡུལ་དངོས་རྟོག་དཔྱོད་དང་ཞིབ་འཇུག་ལ་བརྟེན་ཏེ་རང་ལུགས་སུ་བཏགས་པ་སོགས་རྡོ་བརྐོས་ཡི་གེ་གཅིག་ལ་མིང་འབོད་སྟངས་དུ་མ་ལྡན་པའི་སྣང་ཚུལ་ཞིག་ཆགས་ཡོད། དེས་རྡོ་རིང་ངོས་འཛིན་དང་ཞིབ་འཇུག་བྱེད་པར་དཀའ་ཉོག་མང་པོ་སྤྲོད་བཞིན་མཆིས་ཏེ། དཔེར་ན། ཐང་བོད་མནའ་འབྲེལ་གཙིགས་ཀྱི་རྡོ་རིང་ཡི་གེ་ལ་དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་དང་དབོན་ཞང་རྡོ་རིང་། ཁྲང་ཆིང་མཐུན་འབྲེལ་རྡོ་རིང་། གཙུག་ལག་ཁང་མདུན་གྱི་རྡོ་རིང་ཞེས་དང་། ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ལ་ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ་དང་ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ། ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ཞེས་སོགས་བཏགས་པ་ལྟ་བུ་རེད། རྡོ་བརྐོས་ཡི་གེ་ལ་ཡང་དག་པའི་མིང་འདོགས་པ་དང་མིང་འདོགས་སྟངས་གཏན་འབེབས་བྱེད་པ་ནི་རྡོ་བརྐོས་ཡིག་ཚང་དག་སྒྲིག་སྐབས་ཀྱི་གོ་རིམ་གལ་ཆེན་ཞིག་དང་དེ་ལ་ཞིབ་འཇུག་བྱེད་དུས་ངེས་པར་མཁོ་བ་ཞིག་ལགས་ན། གོང་སྨྲས་རྙོག་དྲ་དེ་འདྲ་སེལ་ཕྱིར་རྡོ་བརྐོས་འཛུགས་ཡུལ་ལ་བལྟས་ནས་མིང་བཏགས་ཚེ་ཡང་དག་ལ་གོ་ཡང་བདེ་བར་སེམས་ཏེ། དཔེར་ན། སྟག་སྒྲ་ཀླུ་ཁོང་གི་རྡོ་རིང་ལ་སྔོན་ཆད་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་རྡོ་རིང་ངམ་ཞོལ་རྡོ་རིང་ཕྱི་མ་ཞེས་སོགས་མིང་བཏགས་ཡོད་པར། ད་ལྟ་རྡོ་བརྐོས་འཛུགས་ཡུལ་གྱི་གནས་ཚུལ་ལ་གཞིགས་ཏེ་ལྷ་སའི་ཞོལ་རྡོ་རིང་ཞེས་མིང་བཏགས་ཤིང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱང་ཐུན་མོང་གིས་བེད་སྤྱོད་བྱེད་བཞིན་ཡོད་[46]པ་ལྟ་བུ་ཡིན།
གཉིས། རྡོ་བརྐོས་ཡིག་ཚང་དག་སྒྲིག་དང་ཡིག་ཚང་གི་རིགས་དབྱེ་གཅིག་གྱུར་བྱེད་པ།
1.རྡོ་བརྐོས་ཡིག་ཚང་བསྐྱར་དུ་དག་སྒྲིག་བྱེད་པ།
2011ལོར་པ་སངས་དབང་འདུས་ཀྱིས་བསྒྲིགས་པའི་«སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་པ་གངས་ཆུ་»ཞེས་པར་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེ་ཉེར་གཅིག་དང་ཟུར་བཀོད་དུ་བོད་སིལ་བུའི་དུས་ཀྱི་རྡོ་བརྐོས་ཡི་གེ་ལྔ་བསྡུས་ཡོད་ཅིང་། 2011ལོར་ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི་«བོད་ཀྱི་རྡོ་རིང་ཞིབ་འཇུག་»ཅེས་པར་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེ་ཉེར་དྲུག་བསྡུས་ཡོད། དེབ་འདི་གཉིས་མིག་སྔར་བོད་ཁུལ་ནས་བསྒྲིགས་ཤིང་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་རྙེད་པ་དག་ཅུང་ཆ་ཚང་བར་བཀོད་པའི་དེབ་གཉིས་ཡིན་མོད། ཞིབ་འཇུག་གནས་ཚུལ་ལ་བལྟས་ན། ཁམས་ཕྱོགས་ཀྱི་སེར་ཤུལ་རྫོང་དང་ཡུལ་ཤུལ་ཁུལ་ནས་སྤུ་རྒྱལ་བཙན་པོའི་དུས་ཀྱི་བྲག་བརྐོས་ཡི་གེ་ཁག་ཅིག་[47]ཡང་བསྐྱར་གསར་རྙེད་བྱུང་བ་དང་། རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་ཨབ་གྷན་སི་ཐན་དང་ཕ་ཀི་སི་ཐན་རྒྱལ་ཁབ་ནས་ཀྱང་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་རྙིང་ཁག་ཅིག་གསར་རྙེད་བྱུང་བས། རྡོ་བརྐོས་ཡི་གེ་འདི་དག་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ཁོངས་སུ་བཅུག་ནས་དག་སྒྲིག་བྱེད་དགོས་པ་སྨོས་ཅི་དགོས། དེ་ལྟར་རྡོ་བརྐོས་ཡི་གེར་ཞིབ་འཇུག་བྱེད་པར་སྟབས་བདེ་བཟོ་བ་དང་རྡོ་བརྐོས་ཡིག་ཚང་གི་རིག་གཞུང་ཞིབ་འཇུག་རིན་ཐང་མངོན་གསལ་དུ་གཏང་ཕྱིར། རྡོ་བརྐོས་ཡིག་ཚང་འདི་དག་བསྐྱར་དུ་དག་སྒྲིག་བྱེད་པ་དང་འབྲེལ་ཡོད་དཀར་ཆག་འཐུས་ཇེ་ཚང་དུ་གཏོང་དགོས་པར་མ་ཟད། རྡོ་བརྐོས་ཡིག་ཚང་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་དུས་ལྟར་ཤེས་རྟོགས་འབྱུང་ཆེད་གཞུང་སྒེར་གཉིས་ཀྱི་དྲ་རྒྱ་དང་རིག་དེབ་སྟེང་སྤེལ་བའི་དཔྱད་རྩོམ་འཚོལ་སྡུད་ཀྱིས་དེབ་ཏུ་བསྒྲིག་པ་དང་དེབ་ནང་དུ་དཔྱད་རྩོམ་གྱི་འབྱུང་ཁུངས་དང་པར་སྐྲུན་དུས་ཚོད་བཅས་ཀྱང་གསལ་པོར་དགོད་དགོས།
2.རྡོ་བརྐོས་ཡིག་ཚང་གི་རིགས་དབྱེ་ངོས་འཛིན་གཅིག་གྱུར་བྱེད་པ།
སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་རྙིང་འདི་དག་རྡོ་རིང་གི་ཁྱད་ཆོས་ལྟར་རིགས་བཀར་ནས་ལེགས་སྒྲིག་བྱེད་པ་ཤིན་ཏུ་གལ་འགངས་ཆེ་སྟེ། དཔེ་སྐྲུན་དང་ལྟ་ཀློག་ཞིབ་འཇུག་བྱེད་པར་སྟབས་བདེ་ལ། མི་རྣམས་ཀྱི་བསམ་བློའི་ནང་རྡོ་བརྐོས་ཡིག་རྙིང་སྤྱི་ལ་ཕྱོགས་བསྡུས་རང་བཞིན་གྱི་ངོས་འཛིན་སྐྱ་ཐིག་ཅིག་ཀྱང་ཡོད་པར་བྱེད་ཐུབ། དེས་ན་སྤུ་རྒྱལ་བཙན་པོའི་ཡིག་རྙིང་ལ་རིགས་ཀྱི་སྒོ་ནས་རྡོ་བརྐོས་ཡི་གེའི་སྐོར་དང་། ཁྲམ་ཤིང་ཡི་གེའི་སྐོར། ལག་བྲིས་ཡི་གེའི་སྐོར་བཅས་རིགས་ཆེན་པོ་གསུམ་དུ་བཀར་ཡོད་ཅིང་། དེ་ལས་རྡོ་བརྐོས་ཡི་གེའི་སྐོར་ལ་རྡོ་བརྐོས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་བྱེ་བྲག་ཏུ་རྡོ་རིང་ཡི་གེ་དང་རྡོ་བརྐོས་ཡི་གེ། བྲག་བརྐོས་ཡི་གེ་ཞེས་རིགས་གསུམ་ལ་བཀར་ཆོག་པར་སྙམ། འོན་ཀྱང་ལོ་རབས་བརྒྱད་ཅུའི་ནང་དང་ཉེ་ཆར་བསྒྲིགས་པའི་དེབ་དང་དཔྱད་རྩོམ་ཁ་ཤས་སུ་ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེའམ་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ཞེས་དང་། འཇང་ས་ཐམ་ཀོ་ཙིའི་རྡོ་རིང་ངམ་འཇང་ཡུལ་གྱི་རྡོ་བརྐོས་ཡི་གེ་ཞེས་རྡོ་རིང་ཡིན་པ་ལ་རྡོ་བརྐོས་ཞེས་དང་རྡོ་བརྐོས་ཡིན་པ་ལ་བྲག་བརྐོས་ཞེས་རྡོ་བརྐོས་ཡིག་ཚང་གི་ཁྱད་ཆོས་གཅིག་ཏུ་མ་ངེས་པར་གང་བདེར་སྤྱད་པས་ཡིག་ཚང་གི་རིགས་གང་ལ་གཏོགས་མིན་ཡང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། དེས་ཕྱི་རབས་སློབ་གཉེར་པའི་མགོ་བོ་འཁྲུལ་དུ་འཇུག་ཕྱིར་གནད་དོན་འདི་རིགས་ཐག་གཅོད་ན་ཐོག་མར་ཡུལ་དངོས་རྟོག་དཔྱོད་དང་རྡོ་བརྐོས་རང་གི་ཁྱད་ཆོས་ལྟར་ཡིག་ཚང་གི་རིགས་དབྱེ་ལྟར་མིང་ཞིག་གདགས་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་གོ །
གསུམ། འབྲེལ་ཡོད་ཞིབ་འཇུག་ཁྲོད་ཀྱི་གནད་དོན་དང་ཞིབ་འཇུག་ཁ་ཕྱོགས།
1.ཉེ་བའི་ལོ་ངོ་སུམ་ཅུ་ལྷག་གི་རིང་། སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེར་ཞིབ་འཇུག་གནང་བའི་གྲུབ་ འབྲས་ལ་བལྟས་ན་རྡོ་བརྐོས་ཡི་གེའི་སྐོར་གྱི་དཔྱད་རྩོམ་ཕལ་ཆེ་བ་ལྷ་སའི་ཞོལ་རྡོ་རིང་དང་དབོན་ཞང་འདུམ་པའི་རྡོ་རིང་། ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་བཅས་རྡོ་བརྐོས་ཡི་གེ་འདི་གསུམ་གྱི་སྟེང་གཞོལ་བ་ཤུགས་ཆེ་ཞིང་། གཞན་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ། འཇང་ཡུལ་གྱི་རྡོ་རིང་ཡི་གེ། ཡུལ་ཤུལ་འབིས་ཁོག་གི་བྲག་བརྐོས་ཡི་གེ་བཅས་ལའང་དོ་སྣང་ཅུང་བྱུང་ཡོད། ཡིན་ཡང་ཞིབ་འཇུག་གྲུབ་འབྲས་ངོས་ནས་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་ཡི་གེ་དང་། ལེབ་ཁོག་གི་བྲག་བརྐོས་ཡི་གེ། སྟོད་ལུང་མཚུར་ཕུའི་རྡོ་རིང་ཡི་གེ་སོགས་ལ་དཔྱད་འབྲས་ལྟོས་བཅས་སུ་ཉུང་བས་ད་དུང་མུ་མཐུད་དུ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་བཏང་ནས་དཔྱད་པ་གཏོང་དགོས། གཞན་ཀོང་པོ་གླང་དཀར་གྱི་རྡོ་རིང་ཡི་གེ་ལྟ་བུ་རྡོ་ངོས་རྩིང་བ་དང་དེའི་ངོས་ཀྱི་ཡི་གེ་ཕལ་ཆེ་བ་མི་གསལ་བར་གྱུར་ཏེ་མ་ཡིག་ངོ་བཤུས་དང་དེའི་གོ་དོན་ཅི་ཡིན་གསེད་བཀྲོལ་བྱ་རྒྱུའང་ཤིན་ཏུ་ཁག་པོར་གྱུར་པས། རྡོ་བརྐོས་འདིའི་ངོས་ཀྱི་ཡི་གེ་དག་དེང་རབས་ཚན་རིག་གི་ཐབས་ཤེས་སྣ་མང་ལ་བརྟེན་ནས་ད་དུང་ཕབ་བཤུས་བྱ་རྒྱུར་ལུས་ཡོད།
2.སྔོན་གྱི་ཞིབ་འཇུག་ཁ་གཏོད་ཡུལ་མང་ཤོས་བོད་ལྗོངས་ནས་རྙེད་པའི་རྡོ་བརྐོས་ཡི་གེ་ཡིན་ལ། མཚོ་སྔོན་དང་སི་ཁྲོན། ཡུན་ནན་བཅས་དང་སྒོས་སུ་ཧི་མ་ལ་ཡའི་ནུབ་རྒྱུད་དུ་གནས་པའི་རྡོ་བརྐོས་ཡི་གེའི་སྐོར་ལ་དོ་སྣང་ཆེན་པོ་བྱས་མེད། དེའི་རྒྱུ་རྐྱེན་གཙོ་བོ་རྡོ་བརྐོས་ཁ་ཤས་ཤིག་ཉར་ཚགས་བྱེད་མཁན་མི་སྒེར་དང་གཞུང་གང་རུང་གིས་ཀུན་གྱི་མཐོང་ལམ་དུ་མ་བཀྲམ་པ་དང་། རྡོ་བརྐོས་ཁ་ཤས་ཤིག་ད་ལྟའི་བར་རྩད་གཅོད་དང་ཞིབ་འཇུག་མ་བྱས་པར་སྣང་མེད་དུ་བསྐྱུར་བས་ལན། ལོ་རབས་དགུ་བཅུ་པའི་རྗེས་ཀྱི་རྡོ་བརྐོས་ཡི་གེའི་ཞིབ་འཇུག་ཁྲོད་བོད་ཁུལ་གྱི་ས་ཆ་གཞན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ན་ཡོད་པའི་རྡོ་བརྐོས་ཡི་གེ་ལ་ཞིབ་འཇུག་དང་ངོ་སྤྲོད་བྱེད་པའི་དཔྱད་འབྲས་གསར་པ་རེ་གཉིས་ཐོན་ནའང་གྲངས་ཀ་ཤིན་ཏུ་ཉུང་བར་མ་ཟད་ཆེད་དུ་ཞིབ་འཇུག་བྱེད་མཁན་དེ་བས་དཀོན། དཔེར་ན། མཚོ་སྔོན་གཏེར་ལམ་རྫོང་གི་སྤུ་རྒྱལ་བཙན་པོའི་དུས་ཀྱི་བང་སོའི་རྡོ་རིང་ལ་ཆབ་འགག་རྟ་མགྲིན་གྱི་དཔྱད་རྩོམ་མ་གཏོགས་མཐོང་ལམ་དུ་མ་མངོན་ཞིང་། ཡུན་ནན་འཇང་ཡུལ་གྱི་རྡོ་བརྐོས་ཡི་གེ་ལ་ཆབ་འགག་རྟ་མགྲིན་དང་རྡོ་ལྷ། ཁ་སྒང་དཔལ་ཆེན་ཐར་བཅས་ཀྱིས་དཔྱད་པ་བཏང་ཡོད། སེར་ཤུལ་འདན་ཁོག་གི་བྲག་བརྐོས་ཡི་གེར་ཆེད་དུ་ཞིབ་འཇུག་གནང་མཁན་བྱུང་མེད་ནའང་ཡུལ་དེའི་ཉེ་འཁོར་དུ་མཆིས་པའི་བྲག་བརྐོས་ཡི་གེ་ཁག་ལ་ཤ་བོ་མཁའ་བྱམས་ཁོ་ནས་དཔྱད་པ་བཏང་ཡོད་པ་ལྟ་བུ་རེད། དེ་བས་རྒྱལ་ཁབ་ཕྱི་ནང་དུ་ཉར་བའི་རྡོ་བརྐོས་ཡི་གེ་རྙེད་སོན་བྱུང་བ་དག་ལ་ཆེད་གཉེར་གྱིས་ཞིབ་འཇུག་བྱ་རྒྱུ་དེ་གལ་འགངས་ཆེ་བའི་ལས་ཀ་ཞིག་ཏུ་མཐོང་བར་མ་ཟད། ཕྱི་ཡིག་ཏུ་བྲིས་པའི་འབྲེལ་ཡོད་རྡོ་བརྐོས་སྐོར་གྱི་དཔྱད་རྩོམ་དང་ཆེད་དེབ་སོགས་ཀྱང་བོད་ཡིག་ཏུ་བསྒྱུར་ནས་རྡོ་བརྐོས་ཡི་གེར་ཞིབ་འཇུག་བྱེད་པའི་རྒྱུ་ཆ་སྣ་འཛོམས་ཅན་དུ་གཏོང་བར་འབད་དགོས།
3.ད་ལྟའི་བར་གྱི་ཞིབ་འཇུག་འབྲས་བུར་གཞིགས་ན། རྡོ་བརྐོས་ཡི་གེ་དཔྱད་གཞིར་བཟུང་སྟེ་རྒྱལ་བློན་ཚོའི་ཆོས་སྲིད་མཛད་པ་གླེང་བ་ཅུང་མང་མོད། སྤུ་རྒྱལ་བཙན་པོའི་དུས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་། དམག་དོན་ལམ་ལུགས། དཔལ་འབྱོར་འཕེལ་འགྲིབ། མི་རིགས་གཞན་བར་གྱི་འབྲེལ་འདྲིས་སོགས་ལ་དོ་སྣང་ཆེན་པོ་བྱུང་མེད་ཅིང་ཆོས་ལུགས་རིག་གནས་སྐོར་ལ་ཕལ་ཆེར་དོ་སྣང་མེད་པ་ལྟ་བུར་གྱུར་འདུག དེ་བས་རྒྱལ་ཁབ་ཕྱི་ནང་དུ་ཉར་བའི་རྡོ་བརྐོས་ཡི་གེ་ཁག་དང་ལོ་རྒྱུས་བསྟན་བཅོས་ཁྲོད་ཀྱི་འབྲེལ་ཡོད་དཔྱད་གཞི་ཟུང་དུ་སྦྲེལ་ཞིང་། ཡུལ་དངོས་རྟོག་ཞིབ་ཏུ་བསྐྱོད་ནས་འདིའི་སྐོར་ལ་བགྲོ་གླེང་དང་ཞིབ་འཇུག་བྱེད་དགོས་སོ། །རྒྱལ་ཕྱི་རུ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་སྒྱུ་རྩལ་ལ་ཞིབ་འཇུག་གནང་མཁན་བྱུང་ཡོད་ནའང་། དེའི་སྐོར་གྱི་དཔྱད་འབྲས་གསར་པ་བོད་ཡིག་ཏུ་ངོ་སྤྲོད་མཁན་ཤིན་ཏུ་ཉུང་[48]ལ། བོད་ཡིག་གི་ལམ་ནས་ཆེད་དུ་བྲིས་པའི་སྐབས་དེའི་རྡོ་བརྐོས་སྒྱུ་རྩལ་སྐོར་གྱི་དཔྱད་རྩོམ་གཅིག་ཀྱང་མཐོང་ལམ་དུ་མ་མངོན་པས། མཛེས་རྩལ་རིག་པ་དང་གནའ་དཔྱོད་རིག་པ་ལྟ་བུའི་གསར་དར་རིག་ཚན་ལ་བརྟེན་ཏེ་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་བཟོ་རྩལ་དང་དེའི་ཞབས་སྟེགས་དང་ཏོག དེའི་སྟེང་བརྐོས་པའི་རི་མོ་སྣ་ཚོགས་ལ་ཞིབ་འཇུག་བྱེད་དགོས་ཤིང་། རྡོ་བརྐོས་སྒྱུ་རྩལ་དེས་ཕྱི་རབས་བོད་ཀྱི་བརྐོས་རིས་སྒྱུ་རྩལ་ལ་ཤན་ཞུགས་གང་འདྲ་ཐེབས་ཡོད་པ་སོགས་ལའང་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལས་ཤིག་གོ །
མཇུག་བསྡུའི་གཏམ།
ལོ་ངོ་སུམ་ཅུ་ལྷག་གི་རིང་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡི་གེའི་སྐོར་ལ་བོད་ཡིག་ཐོག་ནས་སྤེལ་བའི་དཔྱད་རྩོམ་41ཡོད་པ་དང་། དེ་ལས་སྤྱི་ལོ་1982-2000ལོའི་བར་དཔྱད་རྩོམ་12དང་། 2000-2017ལོའི་བར་དཔྱད་རྩོམ་29སྤེལ་ཡོད། དུས་དེབ་ཏུ་སྤེལ་བའི་གྲངས་ཀའི་ངོས་ནས་བལྟས་ན་དཔྱད་འབྲས་ཅུང་ཉུང་ནའང་། ཞིབ་འཇུག་འདི་དག་གིས་རྡོ་བརྐོས་ཡི་གེའི་རིག་གཞུང་ཞིབ་འཇུག་གི་གོམ་ཁ་སྔར་ལས་ཇེ་ཡངས་སུ་གཏོང་བར་ནུས་པ་བླ་ལྷག་ཐོན་ཡོད་པ་སྨོས་ཅི་ དགོས། དེ་བས་དཔྱད་རྩོམ་འདིར་བོད་ཁུལ་གྱི་གཞུང་གཉེར་རིག་གཞུང་དུས་དེབ་སྟེང་སྤེལ་བའི་སྤུ་རྒྱལ་བཙན་པོའི་རྡོ་ བརྐོས་ཡི་གེའི་ཞིབ་འཇུག་གནས་བབ་དང་། དེའི་རྨང་གཞིའི་སྟེང་འབྲེལ་ཡོད་ཞིབ་འཇུག་ཁྲོད་ཀྱི་གནད་དོན་དང་མ་འོངས་ཞིབ་འཇུག་ཐད་རང་ཉིད་ཀྱི་བསམ་ཚུལ་རགས་ཙམ་བཏོན་པ་ཡིན་མོད། མ་རིག་ལོག་རྟོག་གི་ཆ་ལ་མཁྱེན་དཔྱོད་ཡངས་པའི་མཁས་དབང་རྣམ་པས་དགོངས་འཆར་ལྷུག་སྩོལ་གནང་རྒྱུ་དང་ཆབས་ཅིག འབྲེལ་ཡོད་དཔྱད་རྩོམ་རེ་འགའ་གུས་པོས་མ་མཐོང་བའམ་ཡང་ན་དོ་སྣང་བྱས་པ་མ་འདངས་པར་རྩོམ་འདིའི་དཔྱད་གཞིའི་གྲས་སུ་ཚུད་མེད་པའང་ཡོད་སྲིད་པས་དེའི་རིགས་རྗེས་སོར་མུ་ནས་འཚོལ་སྡུད་དང་དཔྱད་པ་གཏང་བྱར་ལུས་ཡོད་དོ། །
མཆན་འགྲེལ།
[1] 巴桑旺堆:«吐蕃石刻文献评述»[J],«中国藏学»2013年第4期。
[2] ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་དང་ཨབ་གྷན་སི་ཐན་སོགས་ཧི་མ་ལ་ཡའི་ནུབ་རྒྱུད་ནས་རྙེད་པའི་རྡོ་བརྐོས་ཡིག་རྙིང་ཁག་ནང་དུ་འདུས་མེད།
[3] པ་སངས་དབང་འདུས། «གསར་དུ་རྙེད་པའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡི་གེ»[J] «བོད་ལྗོངས་ཞིབ་འཇུག» 1982ལོའི་དེབ་གཉིས་པ།
[4] འཇམ་དབྱངས། «བསམ་ཡས་རྡོ་རིང་དང་དྲིལ་བུའི་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 1984ལོའི་དེབ་བཞི་པ།
[5] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། «ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 1985ལོའི་དེབ་གཉིས་པ།
[6] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། «བཙན་པོའི་དུས་ཀྱི་བྲག་བརྐོས་ཡིག་རིས་གཅིག་གསར་དུ་མཚམས་སྦྱོར་ཞུ་བ»[J] «ཀྲུང་གོའི་བོད་ཀྱི་ཤེས་རིག» 1988ལོའི་དེབ་གཉིས་པ།
[7] གཉའ་གོང་དཀོན་མཆོག་ཚེ་བརྟན་དང་པད་མ་འབུམ་གཉིས་ཀྱི་«ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ»[J] «ཀྲུང་གོའི་བོད་ཀྱི་ཤེས་རིག» 1988ལོའི་དེབ་བཞི་པ།
[8] བསོད་ནམས་ཆོས་རྒྱལ། «བོད་ཀྱི་གནའ་བོའི་རྡོ་རིང་། རྡོ་བརྐོས་ཡི་གེ། དྲིལ་བུའི་ཁ་བྱང་བཅས་ཀྱི་འགྲེལ་བ»[J] «ཀྲུང་གོའི་བོད་ཀྱི་ཤེས་རིག» 1991ལོའི་དེབ་གསུམ་པ།
[9] ཚེ་བརྟན་དགེ་ལེགས། «རྒྱལ་ལྡེ་སྐར་ཆུང་ལྷ་ཁང་གི་གནའ་ཤུལ་ལ་རྟོག་ཞིབ་བྱས་ཚུལ»[J] «བོད་ལྗོངས་ཞིབ་འཇུག» 1994ལོའི་དེབ་གསུམ་པ།
[10] ཁུ་བྱུག «ཞོལ་རྡོ་རིང་ཡི་གེའི་ཁྱད་ཆོས་ལ་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 1996ལོའི་དེབ་གསུམ་པ།
[11] པ་སངས་དབང་འདུས། «གསར་དུ་རྙེད་པའི་ཁྲོམ་ཆེན་རྡོ་རིང་ཡི་གེ་མཚམས་སྦྱོར»[J] «བོད་ལྗོངས་ཞིབ་འཇུག» 1997ལོའི་དེབ་དང་པོ།
[12] སྐལ་བཟང་ཕུན་ཚོགས། «དབོན་ཞང་རྡོ་རིང་གི་ལོ་རྒྱུས་དོན་སྙིང་དང་དེའི་ཞིབ་འཇུག་གི་རིན་ཐང་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 1997ལོའི་དེབ་བཞི་པ།
[13] ཀླུ་འབུམ་རྒྱལ། «དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་པོའི་འབྲུ་འགྲེལ་གྱི་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 1997ལོའི་དེབ་བཞི་པ།
[14] ཚེ་བརྟན་བཀྲ་ཤིས། «དབོན་ཞང་རྡོ་རིང་ལ་ཅུང་ཟད་དཔྱད་པ»[J] «ཀྲུང་གོའི་བོད་ཀྱི་ཤེས་རིག» 1998ལོའི་དེབ་བཞི་པ།
[15] ཁ་སྒང་དཔལ་ཆེན་ཐར། «ལྷོ་འཇང་ཏེ་ཧྭ་རྡོ་རིང་གི་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2001ལོའི་དེབ་དང་པོ།
[16] འཇམ་དབྱངས་དར་རྒྱས། «བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེའི་མཚོན་དོན་སྐོར་རགས་ཙམ་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2002ལོའི་དེབ་བཞི་པ།
[17] ཤ་བོ་བསོད་ནམས། «རྡོ་རིང་ཡི་གེའི་མཚོན་དོན་སྐོར་ཅུང་ཙམ་གླེང་བ»[J] «ཀྲུང་གོའི་བོད་རིག་པ» 2002ལོའི་དེབ་བཞི་པ།
[18] འགྱུར་མེད། «བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེའི་ནང་དོན་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2004ལོའི་དེབ་བཞི་པ།
[19] རེབ་གོང་བྱམས་པ། «གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་བརྡ་སྤྲོད་ཀྱི་ཁྱད་ཆོས་འགར་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 2004ལོའི་དེབ་བཞི་པ།
[20] བཀྲ་ཤིས་ཟླ་བ། «རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་དང་དེའི་གནས་ཡུལ་སྐོར་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2004ལོའི་དེབ་དང་པོ།
[21] བཀྲ་ཤིས་ཟླ་བ། «རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་མ་ཕྱི་དངོས་དང་དེ་འདྲ་བཤུས་བྱས་རིགས་འགའ་ཞིག་གི་གཤིབ་བསྡུར»[J] «བོད་ལྗོངས་ཞིབ་འཇུག» 2004ལོའི་དེབ་བཞི་པ།
[22] བཀྲ་ཤིས་ཟླ་བ། «རྐོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་ནང་གསལ་གནའ་མིང་འགའ་ཞིག་གི་འགྲེལ་ཚུལ་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2006ལོའི་དེབ་གསུམ་པ།
[23] བསོད་ནམས་ཚེ་རིང་། «ཏུན་ཧོང་གཏེར་ཡིག་དང་སྐབས་དེའི་རྡོ་ཅོང་ཁྲམ་གསུམ་སོགས་བརྡ་རྙིང་པའི་རྟགས་ཀྱི་འཇུག་སྟངས་ལས་ཐོན་མིའི་སུམ་རྟགས་ཀྱི་དགོངས་པར་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 2004ལོའི་དེབ་བཞི་པ།
[24] ཆབ་འགག་རྟ་མགྲིན། «འཇང་ས་ཐམ་ཡུལ་ནས་ཐོན་པའི་ཐུ་བྷོད་རྡོ་རིང་ལ་དཔྱད་པ»[J] «ཀྲུང་གོའི་བོད་རིག་པ» 2005ལོའི་དེབ་གཉིས་པ།
[25] རྡོ་ལྷ། «གུ་ཙི་རྡོ་རིང་ཡི་གེ་དང་རི་མོའི་མཚོན་དོན་ལ་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 2010ལོའི་དེབ་གསུམ་པ།
[26] ཆབ་འགག་རྟ་མགྲིན། «མཚོ་སྔོན་གཏེར་ལམ་རྫོང་གི་བོད་བཙན་པོའི་དུས་ཀྱི་བང་སོ་ཨང་གསུམ་པའི་རྡོ་རིང་ཡི་གེ་ལས་འཕྲོས་པའི་གཏམ»[J] «ཀྲུང་གོའི་བོད་རིག་པ» 2012ལོའི་དེབ་བཞི་པ།
[27] སྟོབས་ལྡན། «ཞྭ་ལྷ་ཁང་གི་བྱང་ངོས་ནས་རྙེད་པའི་ལྡོང་གི་བང་སོའི་རྡོ་རིང་ལ་ཐོག་མར་དཔྱད་པ»[J] «ཀྲུང་གོའི་བོད་རིག་པ» 2012ལོའི་དེབ་བཞི་པ།
[28] ཁ་སྒང་བཀྲ་ཤིས་ཚེ་རིང་། «ཁྲ་འབྲུག་དགོན་པའི་ཅོང་ཡིག་དང་ཞོལ་རྡོ་རིང་གི་ཡི་གེ་ཕབ་བཤུས་ནོར་བཅོས་སུ་འབྲེལ་བའི་དཔྱད་པ་ཕྲན་བུ»[J]«ཀྲུང་གོའི་བོད་རིག་པ» 2003ལོའི་དེབ་དང་པོ།
[29] ར་སེ་དཀོན་མཆོག་རྒྱ་མཚོ། «འདན་སྟོད་བིས་མདོའི་བྲག་བརྐོས་གུཔྟའི་ཡི་གེའི་སྐོར་གླེང་བ» [J] «བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག» 2013ལོའི་དེབ་དང་པོ།
[30] བསོད་ནམས་ཚེ་རིང་། «འབིས་རྣམ་པར་སྣང་མཛད་ལྷ་ཁང་དང་བྲག་བརྐོས་ཡི་གེའི་སྐོར་གླེང་བ»[OL] «རྩེར་སྙེག་»དྲ་བ། 2013ལོ། དྲ་གནས། http://cache.yongzin.com/page/searchSnap.do?docNo=23DCC3365A4F5DC0E6D770219B406057&type=newsdata
[31] སངས་རྒྱས་དོན་གྲུབ། «རྒྱལ་སྡེ་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་ཡི་གེའི་ནང་དོན་ལ་རགས་ཙམ་དཔྱད་པ»[OL] «རྩེར་སྙེག་»དྲ་བ། 2013ལོ། དྲ་གནས། https://www.qhtibetan.com/content/59df2fa79843932da807f492.html
[32] ལྕང་ཆུང་བསོད་ནམས་ཚེ་རིང་། «ཞོལ་རྡོ་རིང་ཆེས་ཐོག་མ་ནས་རྩེ་ཞོལ་དུ་བཙུགས་ཡོད་མེད་སྐོར་གྱི་དོགས་སློང»[J] «བོད་ལྗོངས་ཞིབ་འཇུག་» 2014ལོའི་དེབ་དང་པོ།
[33] རྒུན་འབྲུམ་ཧྭ་ཙོ་རྡ(Hazod, Guntram)ཡིས་བརྩམས་ཤིང་ཤ་བོ་མཁའ་བྱམས་ཀྱིས་བསྒྱུར། «ཤུལ་བཞག་འཁྱམ་པོ། ___ལྷ་སའི་ཞོལ་རྡོ་རིང་གི་གནས་གཞི་དང་པོ་རྙེད་པ»[OL] 2013ལོ། བཙན་པོའི་དྲ་བ། དྲ་གནས། https://www.tsanpo.com/debate/21735.html རྩོམ་ནང་ལྷ་སའི་ཞོལ་རྡོ་རིང་གི་གནས་གཞི་ཐོག་མ་ལྷ་སའི་ཉེ་འགྲམ་གྱི་ཚལ་བ་ཀྲི་ནས་སྤྱི་ལོ་1694ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀའ་བཀོད་འོག་ལྷ་སའི་པོ་ཏ་ལའི་མདུན་དུ་དབོར་འདྲེན་བྱས་ཚུལ་བསྟན་ཡོད།
[34] པ་དོན། «ཞྭ་ལྷ་ཁང་གི་རྡོ་རིང་འབྱུང་ས་དང་དཔྱད་འབྲས་ཀྱི་འཁྲུལ་བ་འགའ་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2014ལོའི་དེབ་དང་པོ།
[35] ཤ་བོ་མཁའ་བྱམས། «འཕྱོང་རྒྱས་སྟག་རྩེའི་ཟམ་སྣེའི་རྡོ་རིང་དང་འབྲེལ་བའི་དོགས་གཞི་འགར་དཔྱད་པ»[J] «ཀྲུང་གོའི་བོད་རིག་པ» 2014ལོའི་དེབ་གསུམ་པ།
[36] སངས་རྒྱས་བསོད་ནམས། «དབོན་ཞང་རྡོ་རིང་ལས་རྒྱ་བོད་སྒྲ་སྒྱུར་སྐོར་ལ་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 2014ལོའི་དེབ་བཞི་པ།
[37] བར་ཁ་ངག་དཀོན། «ལྷོ་བྲག་ལྡེའུ་ཅུང་བྲག་བརྐོས་ཡི་གེར་གསལ་བའི་བོད་བཙན་པོའི་དུས་ཀྱི་བློན་ཆེན་ལྡེ་སྨན་ལྡེའུ་ཅུང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་གནད་དོན་སྐོར་མདོ་ཙམ་གླེང་བ»[J] «ཀྲུང་གོའི་བོད་རིག་པ» 2014ལོའི་དེབ་གཉིས་པ།
[38] གུ་གེ་ཚེ་རིང་རྒྱལ་པོ། «གསར་དུ་རྙེད་པའི་བོད་བཙན་པོའི་སྐབས་བཞེངས་པའི་སྨར་ཁམས་རྫོང་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་སྣང་བརྙན་སྐོར་རགས་ཙམ་བརྗོད་པ»[J] «བོད་ལྗོངས་སློབ་ཆེན་རིག་དེབ» 2014ལོའི་དེབ་གསུམ་པ།
[39] པ་དོན། «ཞྭ་ལྷ་ཁང་གི་རྡོ་རིང་དང་རྡོ་རིང་གཞན་བསྡུར་བའི་ཐོག་ནས་ཨི་ལྡན་གྱི་རྣམ་དབྱེའི་ཕྲད་ཀྱི་འགྱུར་ལུགས་ལ་དཔྱད་པ»[J] «མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ» 2015ལོའི་དེབ་དང་པོ།
[40] ཤ་བོ་མཁའ་བྱམས། «སེར་ཤུལ་རྫོང་གི་གསར་རྙེད་བྲག་བརྐོས་ཁག་མཚམས་སྦྱོར་དང་དེའི་དཔྱད་ཞིབ»[J] «ཀྲུང་གོའི་བོད་རིག་པ» 2015ལོའི་དེབ་གསུམ་པ།
[41] སི་ཁྲོན་དཀར་མཛེས་ཁུལ་ནས་ཐོག་མར་གསར་རྙེད་བྱུང་བ་ནི་སེར་ཤུལ་རྫོང་འདན་ཁོག་གི་བྲག་བརྐོས་ཡི་གེ་ཡིན་ལ། པ་སངས་དབང་འདུས་ཀྱིས་ཁྲི་སྲོང་ལྡེ་བཙན་རིང་གི་སྤྱི་ལོ་755-797བར་བཞེངས་པར་འདོད། པ་སངས་དབང་འདུས། «སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་པ་གངས་ཆུ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་36
[42] ཆབ་འགག་རྟ་མགྲིན། «གཏེར་ལམ་ཐུ་བྷོད་བང་སོ་ལས་ཐོན་པའི་མཆིམས་བཟའ་ལྷ་མོའི་བང་སོའི་རྡོ་རིང་ལ་དཔྱད་པ»[J] «བོད་ལྗོངས་ཞིབ་འཇུག» 2016ལོའི་དེབ་དང་པོ།
[43] ཤ་བོ་མཁའ་བྱམས། «རི་བོ་ཧི་མ་ལ་ཡའི་ནུབ་རྒྱུད་དུ་གནས་པའི་བོད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་ཡིག་རྙིང་ཁག་གཅིག་གླེང་བ»[J] «བོད་ལྗོངས་ཞིབ་འཇུག» 2016ལོའི་དེབ་དང་པོ།
[44] ཀླུ་སྟོད་སྒྲོལ་མ་སྐྱབས། «ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་ལས་“གཡུང་དྲུང་རིས་དགུ་”སྐོར་ལ་གསར་དུ་དཔྱད་པ»[J] «ཀྲུང་གོའི་བོད་རིག་པ» 2016ལོའི་དེབ་དང་པོ།
[45] ཤ་བོ་མཁའ་བྱམས། «ཧི་མ་ལ་ཡའི་ནུབ་རྒྱུད་ས་ཁུལ་གྱི་རྡོ་བརྐོས་ཡིག་རྙིང་གི་ཞིབ་འཇུག་གནས་བབ་གླེང་བ»[J] «མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ» 2017ལོའི་དེབ་བཞི་པ།
46] པ་སངས་དབང་འདུས། «སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་པ་གངས་ཆུ»[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་6
[47] རྨོག་རུ་མཁར་བྱམས་རྒྱལ། «གསར་དུ་རྙེད་པའི་ཞེའུ་འདམ་བྲག་བརྐོས་ཡི་གེ་དང་སྐུ་བརྙན་སོགས་ལ་བསྐྱར་དུ་དཔྱད་པ»[J] «རྩེར་སྙེག» 2019ལོའི་དེབ་གཉིས་པ།
[48] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་སྙིང་ལྕགས་རྒྱལ་གྱིས་«དུས་རབས་བརྒྱད་པ་དང་དགུ་པའི་བོད་བཙན་པོའི་དུས་ཀྱི་རྡོའི་སེང་གེ་དང་གླང་ཆེན་»ཞེས་པའི་དཔྱད་རྩོམ་ཞིག་བོད་ཡིག་ཏུ་བསྒྱུར་ཏེ་བཙན་པོའི་དྲ་བའི་སྟེང་བཏང་ཡོད། དྲ་གནས།https://www.tsanpo.com/debate/29069.html