ཁྲུང་ཁྲུང་མཇིང་ནག་ཁྱུ་གཅིག་བོད་ལྗོངས་ལྷུན་གྲུབ་རྫོང་དུ་དགུན་ཁ་སྐྱེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-13



     ཉེ་ཆར། ཁྲུང་ཁྲུང་མཇིང་ནག་ཁྱུ་གཅིག་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་དགུན་ཁ་སྐྱེལ་བར་སླེབས་ཤིང་། ཁྲུང་ཁྲུང་མཇིང་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ས་མཐོའི་དམིགས་བསལ་གྱི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པ་མ་ཟད། འཛམ་གླིང་དུ་སྟོངས་ལ་ཉེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཀྱང་རེད། ལྷུན་གྲུབ་རྫོང་ནི་སྐད་གྲགས་ཆོད་པའི་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པ་དང་ལོ་ལྟར་གྱི་ཟླ་11གྱི་སྔ་སྣུར་ནས་ཕྱི་ལོའི་ཟླ་3པའི་ཟླ་མཇུག་བར་ཁྲུང་ཁྲུང་མཇིང་ནག་དེ་གར་འཚོ་གནས་བྱེད་ཀྱི་ཡོད།

     ལྷུན་གྲུབ་རྫོང་དུ་གནས་པའི་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོབ་ཁུལ་ནི་1993ལོར་དངོས་སུ་བསྐྲུན་ཞིང་། 2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་པ་དང་དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1000ལྷག་ཙམ་ཡོད། ཁྲུང་ཁྲུང་མཇིང་ནག་སྲུང་སྐྱོབ་བྱ་ཆེད། ལྷུན་གྲུབ་རྫོང་གིས་གཏན་འབེབས་རབ་དང་རིམ་པ་བཏོན་ཏེ་ས་གནས་དེ་གའི་མང་ཚོགས་ཀྱིས་གད་སྙིགས་དང་སྦགས་བཙོག་དངོས་པོ་སྲུང་སྐྱོབ་ཁུལ་དུ་གང་བྱུང་དུ་དབྱུག་མི་ཆོག་པ་དང་། ཆེད་མངགས་དུས་བཀག་ལྟར་ལྟོ་སྟེར་ས་10བཙུགས་ཏེ་ཆེད་མི་བཀོད་སྒྲིག་བྱས་ནས་ཁྲུང་ཁྲུང་མཇིང་ནག་གིས་དགའ་བའི་ནས་དང་གྲོ་སོགས་གཤོ་དགོས་པ། ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐོར་གཡེང་རུ་ཁག་བཙུགས་ནས་ཆེད་མངགས་སྐོར་གཡེང་བ་9བཀོད་སྒྲིག་བྱས་པ་དང་འབྲེལ་ས་གནས་དེ་གའི་ནགས་སྲུང་བ་950དང་མཐུན་སྦྱོར་བྱས་ནས་རི་སྐྱེས་སྲོག་ཆགས་སྐོར་གཡེང་བའི་འགན་གཅིག་ལྕོགས་སུ་འཁུར་དུ་བཅུག་སྟེ་ཆུ་ཚོད་24རིང་སྐོར་གཡེང་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ལོ་མང་སྲུང་སྐྱོབ་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་དུ་དགུན་ཁ་སྐྱེལ་བར་ཡོང་མཁན་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་2000ཙམ་ཟིན།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1