འདི་ནི་ཚོང་འདུས་སྐབས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་་སྤེལ་ནས་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
ཟླ་12ཚེས་1ནས་ཚེས་7ཉིན་བར། དུས་ཡུན་གཟའ་འཁོར་གཅིག་གི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་41པ་སྣེ་གདོང་ཆུས་ལོ་ཆུང་དངོས་ཟོག་བརྗེ་རེས་ཁྲོམ་རར་གཉེར་བ་རེད། དེ་ནི་ལྷོ་ཁ་མི་དམངས་ཀྱི་ལོ་གཅིག་དུས་གཅིག་གི་འཛད་སྤྱོད་ཀྱི་སྟོན་མོ་གཟབ་རྒྱས་ཤིག་དང་། རྒྱ་ཆེའི་ཞིང་འབྲོག་ཚོང་དུད་དང་། ཐོན་རྫས་ཚོང་གཉེར་ཚོང་པ། ཆེད་ལས་མཉམ་ལས་ཁང་བཅས་གཅིག་སྡུད་ཐོག་ཚོང་འགྲེམས་ལ་ཞུགས་ནས་ཁྲོམ་ར་རྒྱ་སྐྱེད་དང་བྲིན་ཚོང་ལ་སྐུལ་འདེད་གཏོང་བའི་འདུ་ཚོགས་གཟབ་རྒྱས་ཤིག་རེད།
སྐབས་འདིའི་ཚོང་འདུས་དེ་རྫོང(ཆུས)ཁག་གི་ཚོང་འགྲེམས་ཁུལ་དང་། ཁྱད་ལྡན་ཐོན་རྫས་ཚོང་འགྲེམས་ཁུལ། བཟའ་བཏུང་ཁུལ། རོལ་རྩེད་ཁུལ་སོགས་ཚོང་འགྲེམས་ཁུལ་ཆེ་གྲས་6ལ་ཕྱེ་ནས། འགྲེམས་ཞུགས་ཚོང་དུད་3186དང་། ཁྲོམ་རར་བཏོན་པའི་ཚོང་ཟོག་སྣ་ཁ་856 ཁྲོམ་རར་བཏོན་པའི་ཚོང་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་37256བཅས་ཟིན་ཏེ། གྲངས་གཞིའི་ཁྱིམ་སྤྱོད་གློག་ཆས་ནས་གྱོན་ཆས་བར་དང་། རྒྱུན་གཏན་གྱི་མཁོ་ཆས་ནས་ཤིང་འབྲས་སྐམ་པོ་སོགས་བར་ཚོང་ཟོག་སྣ་ཚོགས་ཡོད་པ་རེད།
ས་གནས་དེ་གའི་ཁྱད་ལྡན་སྤུས་ལེགས་ཚོང་ཟོག་ལ་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད་པ་སྟེ། གྲ་ནང་གི་སྣམ་བུ་དང་། ལྷོ་བྲག་གི་ཕིང་། འཕྱོངས་རྒྱས་ཀྱི་བྲ་ཕྱེ། རྒྱ་ཚའི་སྟར་ཀ་དང་ཤིང་ཕོར་དང་། གོང་དཀར་གྱི་པང་གདན་དང་ཞོག་དམར། མཚོ་སྨད་ཀྱི་ཕྱུར་བ། ཚགས་ཤ་ལུག་ཤ་སོགས་ཀྱིས་ཚོང་འགྲེམས་ཁུལ་གཙོ་བོ་ཁག་བཟུང་སྟེ་འཛད་སྤྱོད་པའི་ཡིད་དབང་བཀུག་ཡོད།
ལོ་40ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ཡར་ཀླུང་ཚོང་འདུས་འདི་གྲོང་ཁྱེར་དེའི་ཚོང་ཟོག་ཉོ་ཚོང་དང་། དངོས་ཟོག་འགྲོ་རྒྱུག རིག་གནས་སྤེལ་རེས། ཐོན་རྫས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཆེ་ཤོས་དང་། ཞུགས་མཁན་མང་ཤོས། ཚོང་ཟོག་འགྲོ་རྒྱུག་ཆེ་ཤོས། ཤུཌ་རྐྱེན་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་འདུ་ཚོགས་ཤིག་ཏུ་གྱུར་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
སྐབས་འདིའི་ཚོང་འདུས་ཐོག“འགྲོ་རྒྱུག་འགན་ལེན་དང་། བྲིན་ཚོང་ལ་སྐུལ་འདེད། བརྟན་པོའི་ངང་འཕར་བ། རྣམ་པ་གསར་པ་གཏོད་པ”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་ཆེད་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་དོན་མ་དངུལ་སྒོར་ཁྲི་500བཏང་ནས་ཚོང་ཟོག་གི་ཚབ་ཉོའི་འཛིན་ཤོག་སྤྲད་དེ་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
དྲ་ཕྱིའི་ཚོང་འདུས་དྲ་ཐོག་ཏུའང་ཉོ་ཚོང་གཉིས་དར་ཡོང་ཆེད། སྐབས་འདིའི་ཚོང་འདུས་ཀྱིས་ད་དུང་བྱེད་ཐབས་གསར་གཏོད་བྱས་ཏེ་ས་གནས་ས་ཐོག་ཏུ“དྲ་ཐོག་གི་ཉོ་སྒྲུབ་ཐད་གཏོང་ཁང”བཙུགས་པ་དང་ས་གནས་དེ་གའི“དྲ་ཐོག་མིང་ཅན”ཐད་གཏོང་ཁང་དུ་གདན་དྲངས་ཏེ་ཚགས་ཤ་དང་། སྦྲང་རྩི། ཕྱུར་བ་སོགས་སྤུས་ལེགས་ཐོན་རྫས་དྲ་ཐོག་ནས་བཙོངས་ཏེ་བྲིན་ཚོང་ཐབས་ལམ་ཡངས་སུ་བཏང་བས་ལྷོ་ཁའི་ཐོན་རྫས་སྤུས་ལེགས་བོད་ནས་ཕྱིར་འཚོང་དང་རྒྱལ་ཡོངས་སུ་བྲིན་ཐུབ་ནས་ལྷོ་ཁ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པའི་ཕན་འབྲས་ཆེན་པོ་ཐོན་ཡོད།
འདི་ནི་འཛད་སྤྱོད་པས་ཟངས་སྡེར་གྱི་སྤུས་ཚད་ལ་ལྟ་བཞིན་པ།
འདི་ནི་འཛད་སྤྱོད་པས་ཚགས་ཤ་ཉོ་བཞིན་པ།
འདི་ནི་རྒྱ་ཚ་རྫོང་གི་ལས་དོན་མི་སྣས་རྫོང་དེའི་ཚོང་དུད་ལ་ཚོང་ཟོག་གི་ཚབ་ཉོའི་འཛིན་ཤོག་སྤྲད་པར་ཚོང་དུད་ཀྱིས་མིང་རྟགས་འགོད་བཞིན་པ།
འདི་ནི་ཞིང་འབྲོག་ལས་ཀྱི་མཁོ་ཆས་ཚོང་མཁན་བགྲེས་སོང་ཞིག་གིས་དགའ་སྤྲོའི་ངང་འཛད་སྤྱོད་པ་དང་ཚོང་རྒྱག་བཞིན་པ།
འདི་ནི་མི་རིཌ་ཀྱི་རོལ་ཆ་ཚོང་མཁན་གྱིས་འཛད་སྤྱོད་པར“སྒྲ་སྙན”དཀྲོལ་བཞིན་པ།
འདི་ནི་འདུ་འཛི་ཆེ་བའི་ཚོང་འདུས་ཡིན་པ།